མཚོ་སྔོན་ཞིང་ཆེན་གྱི་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱི་འཐུས་མི་རྣམས་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པའི་མགོ་རྩོམ་ཚོགས་འདུར་ཞུགས་པའི་ཟུར་བྲིས།
ཟླ3ཚེས5ཉིན་གྱི་སྔ་དྲོ། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་བཞི་པའི་ གྲོས་ཚོགས་ཐེངས་གཉིས་པར་ཞུགས་པའི་མཚོ་སྔོན་གྱི་འཐུས་མི་ཚོགས་པའི་འཐུས་མི་རྣམས་ཡིད་ཆེས་ཀྱིས་ཁེངས་པ་དང་སྤོབས་པ་ཆེན་པོས་མི་དམངས་ཚོགས་ཁང་ཆེན་མོར་བསྐྱོད་པ་རེད།
ཉི་ཟླ་རེས་མོར་འཁོར་བའི་ཆོས་ཉིད་དང་བསྟུན་ནས་སྐྱེ་དངོས་ཀུན་ལ་ལྗང་མདོག་གི་ཚེ་སྲོག་གསར་བ་རྒྱས།ཟླ3ཚེས5ཉིན་གྱི་ཞོགས་པར། མཁའ་དབྱིངས་སུ་ཁ་བ་འདབ་མ་ལྷབ་ལྷབ་གཡོ་ཞིང་གནམ་གཤིས་དྲོད་ཚད་རིམ་བཞིན་མར་ཆག་མོད།འོན་ཀྱང་མི་སྣམས་ཀྱི་སྤྲོ་སེམས་ལ་ཉམས་པ་མེད་པར་སྔར་ལས་མཐོ་རུ་འཕེལ་བཞིན་ཡོད།ཁ་བ་ས་གཞིར་བབ་བྱུང་།རེ་བའི་མྱུ་གུ་འབུས་སོང་། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱི་འཐུས་མི་རིན་ཆེན་བཀྲ་ཤིས་ཀྱིས་གྱོན་ཆས་ལེགས་སྒྲིག་བྱས་རྗེས་འཐུས་མིའི་བྲང་རྟགས་བཏགས་ནས། མཚོ་སྔོན་འཐུས་མི་ཚོགས་པའི་འཐུས་མི་གཞན་དག་དང་མཉམ་དུ་རླངས་འཁོར་ལ་བསྡད་དེ་མི་དམངས་ཚོགས་ཁང་ཆེན་མོར་བསྐྱོད་ནས་དཔྱིད་གསར་དུས་ཚིགས་འདིར་ལྷན་འཛོམས་བྱུང་། འདས་པའི་ལོ་གཅིག་གི་ནང་ངའི་ཕ་ཡུལ་ལ་མི་རྣམས་དགའ་འོས་པའི་འགྱུར་ལྡོག་ཆེན་པོ་བྱུང་བ་དང་། མང་ཚོགས་ཀྱི་བདེ་སྐྱིད་འཛུམ་མདངས་ཁྲོད་ནས་ང་ཚོས་དངོས་སྒྲུབ་ཀྱི་ཁ་ཕྱོགས་རྙེད་བྱུང་། དེ་རིང་གི་སྲིད་གཞུང་བྱ་བའི་སྙན་ཞུའི་ལས་གཏམ་བཟང་སྔར་ལས་མང་པོ་ཞིག་ཐོས་ཐུབ་པར་རེ་བ་བྱེད་ཀྱིན་ཡོད་ཅེས་རིན་ཆེན་བཀྲ་ཤིས་ཀྱིས་དེ་ལྟར་བཤད།
མི་དམངས་ཚོགས་ཁང་ཆེན་མོའི་ཤར་སྒོའི་མདུན་དུ་མཚོ་སྔོན་ཞིང་ཆེན་གྱི་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱི་འཐུས་མི་རྣམས་རིམ་བཞིན་བསྐྱོད་དེ། རྒྱལ་ཡོངས་ཀྱི་ས་གནས་སོ་སོ་དང་ལས་རིགས་སོ་སོ་ནས་ཡོང་བའི་འཐུས་མི3000ལྷག་དང་ལྷན་འཛོམས་བྱས་ནས་བརྗིད་ཉམས་ལྡན་པའི་འགན་འཁྲི་ལག་བསྟར་བྱེད་བཞིན་ཡོད། སྔ་དྲོའི་དུས་ཚོད9སྟེང་། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པ་གཟབ་རྒྱས་ངང་འཚོགས་མགོ་བརྩམས་པ་དང་རྔམ་བརྗིད་ལྡན་པའི་རྒྱལ་གླུ་ཚོགས་ཁང་ཆེན་མོར་ཁྱབ། ཚོགས་འདུའི་གྲོས་རིམ་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་སྲིད་གཞུང་བྱ་བའི་སྙན་ཞུ་ཕུལ།
ལོ་ཧྲིལ་པོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་འབེན་ལས་འགན་གཙོ་བོ་བདེ་བླག་ངང་ལེགས་འགྲུབ་བྱུང་བ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་བཏང་བས། སྤྱི་ཚོགས་ཀྱི་སྤྱི་ཡོངས་བརྟན་བརླིང་སྲུང་འཛིན་བྱས་པ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་གོམ་སྟབས་བརྟན་པོ་ཞིག་སྤོས་ཡོད" ། "ང་ཚོས་ངེས་པར་དུ་གནད་དོན་དང་འགྲན་སློང་ལ་ཁ་གཏད་དེ་སེམས་ཤུགས་ཡོད་རྒུ་བཏོན་ནས་ལས་དོན་ཡག་པོ་བསྒྲུབས་ཏེ། མི་དམངས་ཀྱི་རེ་སྒུག་དང་མངགས་བཅོལ་ཟབ་མོ་ཆུད་ཟོས་སུ་གཏན་ནས་མི་གཏོང་བ་བྱེད་དགོས།"
ང་ཚོས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ཡག་པོ་བྱས་ཏེ། ནུས་ཡོད་གོ་སྐབས་དམ་འཛིན་དང་ནུས་ཡོད་ཆ་རྐྱེན་བེད་སྤྱོད་ཡག་པོ་བྱས་ནས། ཕྱོགས་སོ་སོའི་ལས་སྒྲུབ་ལས་གཏོད་ཀྱི་ཧུར་བརྩོན་རང་བཞིན་སྐུལ་སློང་གང་ལེགས་བྱས་ཚེ། དཀའ་ངལ་དང་འགྲན་སློང་ལས་རྣམ་པར་རྒྱལ་ནས་དཔལ་འབྱོར་རྒྱུན་མཐུད་ངང་ཇེ་ལེགས་སུ་འགྲོ་བ་དང་བརྟན་བརླིང་ངང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་ཐུབ་ངེས་ཡིན"ཞེས་པའི་བརྗིད་ཉམས་ལྡན་པའི་སྐད་ཆ་རེ་རེ་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ་ཁྱབ་བྱུང་། སེམས་གཏིང་གི་ཐལ་མོའི་རྡེབ་སྒྲ་རེ་རེ་ཡིས་འཐུས་མི་རྣམས་ལ་སྤོབས་སེམས་ཀྱིས་ཁེངས་སུ་བཅུག
བགྲོད་ལམ་ལ་ཕྱིར་མིག་བལྟས་ཚེ། དཀའ་ངལ་གཙང་སེལ་བྱས་པ་དང་། མདུན་ལམ་ལ་རྒྱང་ལྟ་བྱས་ཚེ། བགྲོད་ལམ་ཡངས་ཤིང་རྒྱ་ཆེ། མགོ་རྩོམ་ཚོགས་འདུ་མཇུག་སྒྲིལ་རྗེས། མཚོ་སྔོན་ཞིང་ཆེན་གྱི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་འཐུས་མི་རྣམས་སེམས་འགུལ་ཐེབས་པ་དང་དགའ་སྤྲོ་རབ་ཏུ་འཁོལ་བའི་ངང་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཕྱིར་ཐོན་ཏེ། འཕེལ་རྒྱས་ལ་བཅངས་པའི་ཡིད་ཆེས་དང་མ་འོངས་པར་བཅངས་པའི་རེ་སྨོན་མཉམ་སྤྱོད་བྱས།
“སྲིད་གཞུང་བྱ་བའི་སྙན་ཞུའི་ནང་འཕེལ་རྒྱས་ཀྱི་གྲུབ་འབྲས་གཡུར་དུ་ཟ་བར་གཏམས་ཡོད་པ་དང་། དངོས་སྒྲུབ་ཀྱི་ཕྱོགས་སྟོན་མངོན་གསལ་གྱིས་འབུར་དུ་ཐོན་ཡོད་ལ། དམངས་ལ་བཅངས་པའི་བརྩེ་སེམས་ཟབ་མོ་འདུས་ཡོད་པས། རྒྱལ་སྲིད་སྤྱི་ཁྱབ་ཁང་ནི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་བྱེད་མཁན་དང་། བྱ་སྤྱོད་སྤེལ་མཁན། དངོས་དོན་སྒྲུབ་མཁན་བཅས་ཡིན་པའི་ཡིད་ཆེས་དང་ཆོད་སེམས་གང་ལེགས་ཀྱིས་མཚོན་པར་བྱས་ཡོད་པ་དང་། སྔར་ལས་ལྷག་པའི་སྒོ་ནས་ང་ཚོས་འགན་འཁྲི་ཇེ་དྲག་ཏུ་གཏོང་བ་དང་ངར་ཤུགས་གཅིག་སྒྲིམ། དཔའ་ངར་ཆེར་སྐྱེད་ཀྱིས་སྔོན་ཐོན་བརྩོན་ལེན་བྱེད་པའི་བྱ་སྤྱོད་ཀྱི་རྩ་དོན་ལ་སྐུལ་སློང་བྱས་ཡོད།" ཚོགས་རའི་ཕྱི་རོལ་དུ། རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་འཐུས་མི་ཝང་གོ་ཏུང་གིས་དུས་ཚོད་དང་པོའི་ནང་ཁོང་གི་མྱོང་ཚོར་མཉམ་སྤྱོད་བྱས།
ལོ་བདུན་ལ་རྒྱལ་ཡོངས་ཀྱི་ཚོགས་ཆེན་གཉིས་ལ་ཞུགས་མྱོང་པའི་འཐུས་མི་ཤ་བོ་སྒྲོལ་མར་ཐེངས་འདིར་བསམ་ཚུལ་གསར་བ་ཞིག་ཡོད་པ་སྟེ། "ངས་ཐེངས་འདིར་ཙུང་ལི་ཡིས་ཕུལ་བའི་སྙན་ཞུའི་ནང་'གཟུགས་འདས་ཤུལ་བཞག་རིག་གནས་སྲུང་སྐྱོབ་དང་རྒྱུན་འཛིན་བྱེད་པར་སྐུལ་འདེད་གཏོང་དགོས'ཞེས་གླེང་ཡོད་པ་དེར་ལྷག་ཏུ་དོ་སྣང་བྱས་སོང་། འདི་ནི་ང་ཚོར་མཚོན་ན་ཤིན་ཏུ་གལ་ཆེན་པོ་རེད། ང་ཚོ་རྨ་ལྷོ་ནི་རེབ་གོང་སྒྱུ་རྩལ་གྱི་ཕ་ས་ཡིན་པ་དང་། ཐུན་རིན་གྲོང་ཁྱེར་ནི་མཚོ་སྔོན་གྱི་རྒྱལ་ཁབ་རིམ་པའི་ལོ་རྒྱུས་རིག་གནས་ཀྱི་མིང་གྲགས་ཆེ་བའི་མཁར་གྲོང་ཞིག་ཡིན། རྗེས་ཕྱོགས་རྒྱལ་ཁབ་སྲིད་ཇུས་ཀྱི་ཉི་ཟེར་རབ་ཏུ་འཕྲོ་བའི་འོག་ང་ཚོ་རེབ་གོང་སྒྱུ་རྩལ་དང་ཐུན་རིན་གྱི་གནའ་གྲོང་ལ་ཡང་བསྐྱར་མཛེས་སྡུག་ལྡན་པའི་དཔྱིད་དཔལ་རྒྱས་ངེས་ཡིན་པའི་ཡིད་ཆེས་ཡོད་ལ། མི་སྔར་ལས་མང་པོ་མཚོ་སྔོན་དུ་ཡོང་ནས་མཚོ་སྔོན་ལ་རྒྱུས་ལོན་བྱེད་ཡང་སྲིད"ཅེས་བཤད།
"གནོད་ཤུལ་བསྐྱར་སྐྲུན"ཁྲོད་དངོས་སུ་ཞུགས་མྱོང་བའི་འཐུས་མི་མཱ་ཧྲི་ཀོང་གིས་སྙན་ཞུར་ཉན་པའི་སྐབས་སུ། བློ་ཡིད་དུ་དྲན་པ་ནི་ཅི་ཧྲི་ཧྲན་དུ་ཚད་རིམ6.2ཡི་ས་ཡོམ་བྱུང་རྗེས། ཕ་ཡུལ་གྱི་བུ་བུ་མོ་ཚོས་ཏང་གི་འགོ་ཁྲིད་འོག་ཡིད་ཆེས་འཕེལ་བ་དང་ཁྱིམ་གཞི་བསྐྱར་སྐྲུན་བྱེད་པའི་རྣམ་པ་དེ་ཡིན། ཁོས་བཤད་རྒྱུར། "སྲིད་གཞུང་བྱ་བའི་སྙན་ཞུའི་ནང་དམངས་ལ་བཅངས་པའི་བརྩེ་སེམས་ཟབ་མོ་འདུས་པའི་དུས་མཚུངས་སུ། ང་ཚོར་མ་འོངས་པའི་འཕེལ་རྒྱས་གཏོང་སྟངས་ཐད་ལ་ཁ་ཕྱོགས་གསལ་བོ་བསྟན་པ་དང་། ཡིད་ཆེས་ཇེ་བརྟན་ཏུའང་བཏང་ཡོད། མདུན་སྐྱོད་ཀྱི་བགྲོད་ལམ་སྟེང་དུ། ང་ཚོ་དཀའ་ངལ་མཐའ་དག་ལས་རྣམ་པར་རྒྱལ་ནས་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱིས་འབྲི་བཞེངས་བྱས་པའི་མཛེས་སྡུག་ལྡན་པའི་འཆར་འགོད་རི་མོ་དེ་གསོན་ཉམས་ལྡན་པའི་ཡུལ་ལྗོངས་དངོས་སུ་འགྱུར་ཐུབ་ངེས་རེད"ཟེར།
ཚོགས་འདུ་གཟབ་རྒྱས་ངང་ཚོགས་མགོ་བརྩམས་པ་དེ་ནི"དཔྱིད་གསར"དུས་ཚིགས་ཀྱི་སྐབས་ཡིན་པ་དང་། བྱ་དངོས་ཐམས་ཅད་སྐྱེ་སྟོབས་རྒྱས་པའི་དུས་དང་འཁེལ་ཡོད་པས། དཔྱིད་ཀའི་ཉི་འོད་ཤིན་ཏུ་བསིལ་ལ། མཚོ་སྔོན་གྱི་མ་འོངས་པའང་དེ་བཞིན་མཛེས་སྡུག་ལྡན་ངེས་ཡིན།
ཡིག་སྒྱུར་བ། སྒྲོལ་མ་སྐྱིད། ཚེ་རིང་སྒྲོལ་མ།