ཨུ་ཡོན་བགྲོད་ལམ་སྟེང་གི་མཚོ་སྔོན་གྱི་གཏམ་རྒྱུད།
2024.03.07 ཁུངས། ཀློག་གྲངས། 57

ཟླ3པའི་ཚེས4ཉིན་གྱི་ཕྱི་དྲོ། མཚོ་སྔོན་ཞིང་ཆེན་གྱི་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི“ཨུ་ཡོན་བགྲོད་ལམ”སྟེང་ཐོག་མར་བསྐྱོད་མཁན་ཏེ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན། ཀྲུང་གོ་ལྕགས་ལམ་མཚོ་བོད་སྡེ་ཚོགས་ཚད་ཡོད་ཀུང་སིའི་ཏང་ཨུའི་ཧྲུའུ་ཅི། སྤྱིའི་འགན་འཚིན་པ་ཀའོ་ཅི་ཨན་གྱིས་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པའི“ཨུ་ཡོན་བགྲོད་ལམ”སྟེང་ཀྲུང་གོ་དང་ཕྱི་རྒྱལ་གྱི་གསར་འགོད་པར“མཚོ་སྔོན་གྱི་གཏམ་རྒྱུད”གླེང་ནས།“མཚོ་བོད་ལྕགས་ལམ་གྱི་སྙིང་སྟོབས”བརྒྱུད་སྤྲོད་བྱས།

ཟླ3པའི་ཚེས4ཉིན་གྱི་ཆུ་ཚོད་14ཡི་སྟེང་གི་མི་དམངས་ཚོགས་ཁང་ཆེན་མོ།

རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པའི“ཨུ་ཡོན་བགྲོད་ལམ”ཐོག་མར་བཏོད་པ་དང་བསྟུན་ནས། རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན།    ཀྲུང་གོ་ལྕགས་ལམ་མཚོ་བོད་སྡེ་ཚོགས་ཚད་ཡོད་ཀུང་སིའི་ཏང་ཨུའི་ཧྲུའུ་ཅི།    སྤྱིའི་འགན་འཛིན་པ་ཀའོ་ཅི་ཨན་གོམས་སྟབས་བརྟན་པོས་ངང་སྐད་སྦུག་ཕྱོགས་སུ་བསྐྱོད།

“ན་ནིང་མཚོ་བོད་ལྕགས་ལམ་འགུལ་འཁོར་གྱི་དུས་རབས་སུ་དངོས་སུ་ཞུགས་པས། མཚོ་བོད་ལྕགས་ལམ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་མཚོ་བོད་ལྕགས་ལམ་པས་འབད་བརྩོན་ཇི་ལྟར་བྱས་ཡོད་དམ”ཞེས་གསར་འགོད་པས་ཡུལ་དངོས་ནས་དེ་ལྟར་དྲི་བ་བཏོན་པ་ན།ཀའོ་ཅི་ཨན་གྱིས་མཚོ་བོད་ལྕགས་ལམ་པ་གངས་ལྗོངས་མཐོ་སྒང་དུ་རྩ་བ་ཚུགས་པ་དང་། མཐོ་སྒང་ལྕགས་ལམ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱུན་མཐུད་སྐུལ་འདེད་གཏོང་བའི་བརྒྱུད་རིམ་ཁྲོད་ཀྱི་མི་སེམས་འགུལ་བའི་གཏམ་རྒྱུད་དང་འགན་འཁྲི་གསལ་བོརབརྗོད།

ཀའོ་ཅི་ཨན་ནི་ཚན་ཆུང་དང་པོའི་ཁྲོད་ཀྱི“ཨུ་ཡོན་བགྲོད་ལམ”སྟེང་ཐོག་མར་བསྐྱོད་མཁན་གྱི་ཨུ་ཡོན་གསུམ་གྱི་གྲས་ཤིག་ཡིན་ལ།    མཚོ་སྔོན་ཞིང་ཆེན་གྱི“ཨུ་ཡོན་བགྲོད་ལམ”ཐོག་མར་བསྐྱོད་མཁན་གྱི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་དང་པོའང་ཡིན།     ཁོས་བལྟས་ན། དེ་ནི་མཚན་སྙན་ཞིག་ཡིན་ལ་འགན་འཁྲི་ཞིག་ཀྱང་ཡིན།     སྨྱན་བྱད་ཀྱི་མི་སྣས་བཅར་འདྲི་མཇུག་སྒྲིལ་རྗེས། ཁོ་སྔར་བཞིན་སེམས་འགུལ་ཆེན་པོ་ཐེབས་ཀྱིན་ཡོད་ཅིང་།  “མཚོ་བོད་ལྕགས་ལམ་གྱི་སྙིང་སྟོབས་ནི་ང་ཚོ་མཚོ་བོད་ལྕགས་ལམ་པར་དཀའ་ངལ་མཐའ་དག་ལས་རྣམ་པར་རྒྱལ་བའི་བྱ་བའི་མཆོག་ནོར་ཞིག་ཡིན་ལ། ང་ཚོས་མཐོ་སྒང་གི་ལྕགས་ལམ་སྤུས་ཚད་མཐོ་བའི་འཕེལ་རྒྱས་གཏོང་བར་ལེའུ་གསར་པ་རྩོམ་པའི་སྟོབས་ཤུགས་ཀྱི་འབྱུང་ཁུངས་ཤིག་ཀྱང་ཡིན”ཟེར།

1956ལོར། ཏང་ཀྲུང་དབྱང་གིས་མཚོ་བོད་ལྕགས་ལམ་འཛུགས་སྐྲུན་བྱེད་པར་འབོད་སྐུལ་བཏང་སྟེ།ཐིག་ལེན་ཇུས་འགོད་ནས་མེ་འཁོར་ཤར་གཏོང་ཐུབ་པའི་བར་མི་རབས་ཁ་ཤས་ཀྱིས་དཀའ་སྤྱད་ཚད་མེད་ཀྱི་འབད་བརྩོན་བྱས་པ་དང་། “མཚོ་བོད་ལྕགས་ལམ་འཛུགས་སྐྲུན་བྱེད་དགོས་ཤིང་། ལྷ་སར་ངེས་པར་དུ་ཤར་གཏོང་བྱེད་དགོས”ཞེས་པའི་ཕུགས་འདུན་གཞི་ནས་མངོན་འགྱུར་བྱུང་སོང་།མཚོ་བོད་ལྕགས་ལམ་ལ“མཁའ་ལམ”ཞེས་པའི་མཚན་སྙན་ཐོབ་པ་དང་། སྤྱིའི་རིང་ཚད་ལ་སྤྱི་ལེ1956ཡོད་ལ། ལམ་ཐིག་ཕྱེད་ཙམ་གྱི་མཚོ་འཕང་སྨི་4000ཡན་ཟིན་པ་དང་། དེ་ནི་རིགས་སོ་སོའི་མང་ཚོགས་ཀྱི་མིག་ནང་གི་དཔལ་འབྱོར་བརྒྱུད་ལམ་དང་མཐུན་སྒྲིལ་བརྒྱུད་ལམ། སྐྱེ་ཁམས་བརྒྱུད་ལམ་དང་བདེ་སྐྱིད་ཀྱི་བརྒྱུད་ལམ་བཅས་ཡིན། ལི་པའོ་ལིན་ནི་མཚོ་བོད་ལྕགས་ལམ་གྱི་ལས་བཟོ་པ་ཞིག་ཡིན་ལ། དེ་སྔོན་གདང་ལ་གྲོང་རྡལ་ནས་ལས་གནས་བརྟན་སྲུང་བྱས་ཏེ་ལོ་བཅུ་བདུན་འགོར་བ་དང་། གནས་དེའི་མཚོ་འཕང་སྨི་5072ཡིན་ལ། དུས་ཡུན་རིང་པོར་དཀའ་ཚེགས་ཆེ་བའི་བྱ་བའི་ཁོར་ཡུག་ཏུ་བསྡད་པས། ཁོ་ལ་གློ་བ་རླུང་སྐྲངས་ཀྱི་ནད་གཞི་ཚབས་ཆེན་ཕོག་པས། ཁོའི་ཆུང་མས་ཐེངས་མང་པོར་ཁོ་ལ་ལས་གནས་སྤོར་དགོས་པའི་ཁ་ཏ་བྱས་མོད། འོན་ཀྱང་ཁོས“དཀའ་སྡུག་ཇི་ཙམ་ཆེ་ན་ལས་གནས་དེ་ལྟར་སྲུང་མཁན་ཡོད་དགོས” ཟེར།

ལི་པའོ་ལིན་གྱི་གཏམ་རྒྱུད་ལས་མཚོ་བོད་ལྕགས་ལམ་པ་ཁྲི་གཉིས་ལྷག་གིས“མི་དམངས་ལྕགས་ལམ་པས་མི་དམངས་ལ་ཞབས་འདེགས་ཞུ་བའི”ཐོག་མའི་བསམ་འདུན་བློ་ལ་བརྟན་པོར་ངེས་ནས། མཚོ་བོད་ལྕགས་ལམ་པ“གངས་ལྗོངས་མཐོ་སྒང་དུ་འབྱོར་བ་ནས་བཟུང་གནས་དེར་དགའ་བ་དང་། ལས་རིགས་དེར་གདམ་གསེས་བྱས་ཏེ་འབད་བརྩོན་ལྷོད་མེད་ཀྱི”སྙིང་སྟོབས་དང་བརྩེ་སེམས་མཚོན་པར་བྱས་ཡོད།

“མཐོ་སྒང་དུ་བྱ་བ་སྒྲུབ་ན་ཆེས་དཀོན་པ་ནི་དབྱང་རླུང་ཡིན་པ་དང་ཆེས་རྩ་ཆེ་བ་ནི་སྙིང་སྟོབས་ཡིན། འགྲན་སློང་མཐར་སོན་པ་དང་རྩེ་གྲ་གཏོད་ཕོད་པ་ནི་མི་རབས་ནས་མི་རབས་བར་གྱི་མཚོ་བོད་ལྕགས་ལམ་པས་འབད་འཐབ་ལྷོད་མེད་བྱེད་པར་སྐུལ་མ་གཏོང་བའི་བསམ་པའི་སྟོབས་ཤུགས་ཤིག་ཡིན།”ཀའོ་ཅི་ཨན་གྱི་སྐད་གསེང་མཐོན་པོའི་སྐད་སྒྲ་བརྙན་འཕྲིན་དང་དྲ་བ་བརྒྱུད་དེ་ཚོགས་འདུའི་ཕྱི་རོལ་དུ་ཁྱབ་ནས་ཡིད་ཆེས་དང་སྟོབས་ཤུགས་བརྒྱུད་སྤྲོད་བྱེད་བཞིན་ཡོད། མཚོ་སྔོན་གྱི་གཏམ་རྒྱུད་བརྗོད་པ་དང་མཚོ་བོད་ལྕགས་ལམ་གྱི་སྙིང་སྟོབས་བརྒྱུད་སྤྲོད་བྱེད་པ་དེ་ནི་མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གསོན་ཉམས་ལྡན་པའི་འགྲེལ་བཤད་ཅིག་ཡིན་ལ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཕྱོགས་སུ་སྐྱོད་པའི་གཏིང་ཤུགས་ཤིག་ཀྱང་ཡིན།

རང་བྱུང་ཁོར་ཡུག་སྡུག་པོ་དེས་ང་ཚོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གོམ་སྟབས་འགོག་ཐུབ་མེད་པས། ང་ཚོས་འགན་འཁྲི་འཁུར་ཕོད་པ་དང་རྩེར་སོན་གཏོད་ཕོད་པའི་སྙིང་སྟོབས་སྔར་ལས་སྐུལ་སྤེལ་བྱས་ཏེ།བདེ་འཇགས་དང་ཕན་འབྲས་མཐོ་བ། བློ་གྲོས། བདེ་སྐྱིད། ལྗང་མདོག་མཁའ་ལམ་སྟེང་ཐོད་བརྒལ་འཚོལ་བ་དང་། རྩེར་སོན་གྱི་མཐོ་སྒང་ལྕགས་ལམ་གྱི་ཏང་འཛུགས་མཐོ་ས་དང་། བདེ་འཇགས་ཁོར་ཡུག དམངས་ཚིས་བཟོ་སྐྲུན་བཅས་གཏོད་པའི་ཐད་འབད་བརྩོན་བྱས་ཏེ། བྱ་སྤྱོད་དངོས་ཀྱི་ཐོག་ནས་མཚོ་བོད་ལྕགས་ལམ་སྙིང་སྟོབས་ཀྱི་ནང་དོན་འགྲེལ་བྱས་ཡོད།

ཀའོ་ཅི་ཨན་གྱིས་ཀྲུང་གོ་དང་ཕྱི་རྒྱལ་གྱི་གསར་འགོད་པར་ལྷག་བསམ་ཟོལ་མེད་ཀྱིས་གདན་འདྲེན་ཞུས་ཏེ།ཚང་མས་མེ་འཁོར་ལ་བསྡད་དེ་མཚོ་བོད་མཐོ་སྒང་དུ་ཕེབས་ནས་མེས་རྒྱལ་གྱི་མཛེས་སྡུག་ལྡན་པའི་རི་ཀླུང་ལ་རོལ་མྱོང་དང་མཚོ་བོད་ལྕགས་ལམ་གྱི་སྙིང་སྟོབས་ལ་ཤེས་རྟོགས་བྱེད་པ།སྲ་ཞིང་བརྟན་པའི་མཐོ་སྒང་ལྕགས་ལམ་གྱི་སྟོབས་ཤུགས་ཉམས་སུ་མྱོང་བར་རེ་སྒུག་བྱེད་ཀྱིན་ཡོད་ཟེར།

ཡིག་སྒྱུར་བ། དངོས་སྦྱོང་སློབ་མ་ཟླ་བ་ལྷ་མཚོ། བདེ་སྐྱིད་མཁའ་འགྲོ།