ཐོན་སྐྱེད་ནུས་ཤུགས་གསར་མར་བརྟེན་ནས་མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྒུལ་ནུས་གསར་པ་སྣོན་དགོས།
2024.03.07 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 22

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཅང་སུའུ་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས་གནང་བའི་གསུང་བཤད་གལ་ཆེན་ལ་མཚོ་སྔོན་གྱི་འཐུས་མི་དང་ཨུ་ཡོན། ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་བཅས་ཀྱི་ཁྲོད་ཚུར་སྣང་དྲག་པོ་བྱུང་།

སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལས་འགན་གཙོ་བོ་དེ་ཁོང་དུ་བརྟན་པོ་ཆུད་པར་བྱས་ཏེ། ཡུལ་བབ་དང་བསྟུན་ནས་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་སུ་གཏོང་དགོས།    ཟླ3ཚེས5ཉིན་གྱི་ཕྱི་དྲོ།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཁོང་གནས་སའི་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པའི་ཅང་སུའུ་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས་སྐབས་གནང་བའི་གསུང་བཤད་གལ་ཆེན་ལ་རྒྱལ་ཡོངས་ཀྱི་ཚོགས་ཆེན་གཉིས་ལ་ཞུགས་པའི་མཚོ་སྔོན་གྱི་འཐུས་མི་དང་ཨུ་ཡོན། ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་བཅས་ཀྱི་ཁྲོད་ཚུར་སྣང་དྲག་པོ་བྱུང་།  ཚང་མས་གཅིག་རྗེས་གཉིས་མཐུད་དུ་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལས་འགན་གཙོ་བོ་དེ་ཁོང་དུ་བརྟན་པོ་ཆུད་པར་བྱས་ནས། འཕེལ་རྒྱས་ཀྱི་གོ་སྐབས་དམ་འཛིན་དང་བཅོས་སྒྱུར་གསར་སྐྲུན་བྱེད་ཕོད་པ་བྱས་ཏེ།  དོན་དངོས་གཞིར་འཛིན་པ་རྒྱུན་འཁྱོངས་ཀྱིས་ཐོན་སྐྱེད་ནུས་ཤུགས་གསར་མར་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྒུལ་ནུས་གསར་པ་སྣོན་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་གསར་པ་ནུས་ཤུགས་ཡོད་རྒུས་འབྲི་བར་བྱས་རྗེས་སྔར་ལས་ཆེན་པོ་འཇོག་དགོས་ཟེར།

བཅོས་སྒྱུར་གཏིང་ཟབ་ཏུ་བཏང་ནས་དཔལ་འབྱོར་འཕེལ་རྒྱས་ཀྱི་དགེ་མཚན་གསར་པ་གཏོད་དགོས།

རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱི་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཆའོ་ཡ་ཆུན་གྱིས་བཤད་རྒྱུར།  "སྔར་ལས་བཅོས་སྒྱུར་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་གཏོང་བའི་བྱེད་ཐབས་གལ་ཆེན་ཇུས་འགོད་བྱས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་རྒྱུན་མཐུད་ངང་སྒུལ་ཤུགས་ཆེན་པོ་སྣོན་དགོས" །   སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཅང་སུའུ་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས་སྐབས་གནང་བའི་གསུང་བཤད་གལ་ཆེན་ཁྲོད་ཐོན་སྐྱེད་ནུས་ཤུགས་གསར་མའི་ཚན་རིག་དང་མཐུན་པའི་ནང་དོན་དང་། དོན་སྙིང་གལ་ཆེན། ལག་ལེན་གྱི་བླང་བྱ་བཅས་རྒྱས་བཤད་གང་ལེགས་གནང་ཡོད་པས། ང་ཚོས་སྐྱོད་ལམ་གསར་བའི་སྟེང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ཚན་རིག་དང་མཐུན་པའི་ཁྲིད་སྟོན་མཛད་ཡོད། རྗེས་ཕྱོགས་མཚོ་ནུབ་ཁུལ་གྱིས་རང་ངོས་ཀྱི་ཐོན་ཁུངས་ལེགས་ཆ་དང་ཐོན་ལས་ཀྱི་རྨང་གཞིར་གཞི་ཚུགས་ཏེ།   སྐྱེ་ཁམས་སྲུང་སྐྱོབ་སྔོན་ལ་འཇོག་པ་རྒྱུན་འཁྱོངས་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་སྲུང་སྐྱོབ་བར་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱེད་པ་དང་།  ཚན་རྩལ་གསར་སྐྲུན་ལ་རྒྱུན་མཐུད་སྒོས་ཤུགས་སྣོན་བྱེད་པ། རྣམ་པ་གསར་བའི་བཟོ་ལས་ཅན་ལ་མགྱོགས་མྱུར་ངང་སྐུལ་འདེད་གཏོང་བ།  བཅོས་སྒྱུར་སྒོ་འབྱེད་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་བཏང་སྟེ།   ཐོན་སྐྱེད་ནུས་ཤུགས་གསར་མར་བརྟེན་ནས་མཚོ་ནུབ་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྒུལ་ཤུགས་ཆེན་པོ་སྣོན་དགོས་ཟེར།

མཚོ་སྔོན་དུ་སྡོད་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཀྲུའུ་ཁྲུན་ཡུན་གྱིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱིས་དམངས་གཙོ་ཏང་ཁག་གི་གྲོས་གཞི་དང་འགན་སྒྲུབ་ལ་ཁ་ཕྱོགས་གསར་པ་བསྟན་ཡོད"།   ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་རྒྱུ་ནི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ནང་གནས་ཀྱི་བླང་བྱ་དང་ཤུགས་འདོན་ས་གལ་ཆེན་ཞིག་ཡིན། ཚན་རྩལ་ལས་རིགས་ཀྱི་མཐོ་རིམ་དང་འབྲིང་རིམ་གྱི་ཤེས་ཡོན་ཅན་གཙོ་བོ་ཡིན་པའི་སྲིད་ཞུགས་ཏང་ཞིག་ཡིན་པའི་ངོས་ནས། དགུ་གསུམ་སློབ་ཚོགས་མཚོ་སྔོན་ཞིང་ཆེན་གྱི་རྒྱ་ཆེའི་ཁོངས་མི་ཚོས་རང་འཁྲིའི་ལས་གནས་སྟེང་གཞི་ཚུགས་ཏེ། "ཚན་རྩལ་ལ་བརྟེན་ནས་རྒྱལ་ཁབ་ལ་དྲིན་ལན་འཇལ་བ"དང་སྲིད་དོན་སྐྱོང་རོགས་ཀྱི་ཐབས་ཇུས་འདོན་པའི་ཁྲོད་དུ་ཕྱོགས་གཉིས་ནས་ཤུགས་འདོན་པ་དང་ལས་གནས་ཟུང་དུ་བྱས་རྗེས་བསྐྲུན་པ་དང་།  ཚན་རྩལ་ལ་བརྟེན་ནས་རྒྱུ་རྐྱེན་གཙོ་བོའི་ཐོན་སྐྱེད་ལས་ཆོད་ཇེ་མཐོར་གཏོང་བ་དང་གསར་སྐྲུན་ཐོན་ཁུངས་བགོ་སྒྲིག་ཇེ་ལེགས་སུ་གཏོང་བར་རམ་འདེགས་བྱས་ཏེ། མཚོ་སྔོན་ཞིང་ཆེན་གྱི་ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་དང་དམངས་ཚིས་ལེགས་བཅོས་བྱེད་པར་རང་འགན་གཙང་སྒྲུབ་བྱེད་དགོས་ཟེར།

མཚོ་སྔོན་ཆའོ་ཐིག་ཧ་ཡང་གློག་ཚད་ཡོད་འགན་འཁྲི་ཀུང་སིའི་དྲིལ་བསྒྲགས་དང་སྡེ་ཚོགས་པུའི་གསར་འགྱུར་དྲིལ་བསྒྲགས་ལས་དོན་པ་ཝུའུ་ཙུང་ཏི་ཡིས་བཤད་རྒྱུར།  "་ང་ཚོས་ལག་རྩལ་གསར་སྐྲུན་དང་སྒྲིག་ཆས་སྒྱུར་བཀོད། ལག་རྩལ་གསར་པ་བེད་སྤྱོད་སོགས་ཤུགས་ཆེན་པོས་ལག་བསྟར་བྱས་ཏེ།  ཐོན་སློབ་ཞིབ་གསུམ་གྱི་གསར་སྐྲུན་མ་ལག་འཛུགས་པ་དང་འཐུས་ཚང་དུ་གཏོང་བ་དང་།  གློག་འབྱེད་ཧ་ཡང་དང་འོད་ཤུགས་སོགས་ནུས་མང་གསབ་རེས་ཀྱི་གློག་ཤུགས་མ་ལག་གསར་པ་འཐུས་ཚང་དུ་བཏང་ནས། ནུས་རྒྱུ་གསར་པ་དང་ཐཱན་གྱི་རྗེས་ཤུལ་བདེན་དཔང་ར་སྤྲོད་ཀྱི་མཁོ་སྤྲོད་མ་ལག་ཧུར་ཐག་གིས་འཛུགས་པ་དང་།  ལྗང་མདོག་གློག་ཤུགས་ཀྱི་ལེགས་ཆ་གསར་པ་བཏོད་དེ།  ནུབ་བྱང་ས་ཁུལ་གྱི་ལྗང་མདོག་གློག་ཤུགས་ཀྱི་ཐོན་ལས་རྟེན་གཞི་ཆེ་ཤོས་ནུས་ཤུགས་ཡོད་རྒུས་གཏོད་དགོས། དེ་དང་ཆབས་ཅིག་རང་སྤུས་ཀྱི་ལེགས་ཆར་གཞི་ཚུགས་ནས། ནུས་རྒྱུ་གསར་པ་ཕྱོགས་སྒྱུར་འཕེལ་རྒྱས་ཀྱི་གོམ་སྟབས་ཇེ་མགྱོགས་སུ་བཏང་སྟེ། མེ་དང་འོད། རླུང་། ཆུ། གསོག་ཉར་སོགས་ནུས་རྒྱུ་མང་པོ་ཕན་ཚུན་གསབ་རེས་བྱེད་པའི་དྭངས་གཙང་ནུས་རྒྱུའི་རྟེན་གཞི་དང་གཅིག་སྡུད་རྣམ་པའི་ལས་གཞི་གསར་སྤེལ་ཁྲོད་མཉམ་འདྲེས་ཐུབ་པ་བྱས་ནས། མཚོ་སྔོན་ཞིང་ཆེན་གྱིས་རྒྱལ་ཁབ་ཀྱི་དྭངས་གཙང་ནུས་རྒྱུའི་ཐོན་ལས་ཀྱི་མཐོ་ས་བསྐྲུན་པར་ནུས་ཤུགས་འདོན་དགོས་ཟེར།

ཟི་ལིང(རྒྱལ་ཁབ་རིམ་པ)དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་དོ་དམ་ཨུ་ཡོན་ལྷན་ཁང་མ་འཇོག་ཡར་སྐུལ་ཅུས་ཀྱི་ཅུས་ཀྲང་ཝང་ཡན་གྱིས་བཤད་རྒྱུར། "སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུལ་བབ་དང་བསྟུན་ནས་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་དགོས་ཞེས་ནན་བཤད་གནང་ཡོད་པས། ང་ཚོར་སྐུལ་ལྕག་ཆེན་པོ་ཐེབས་པ་དང་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བའི་ཡིད་ཆེས་དང་ཆོད་སེམས་སྔར་ལས་ཇེ་བརྟན་དུ་ཕྱིན་སོང་" །   ཟི་ལིང་གིས་ཏང་འཛུགས་སྐྲུན་གྱིས"ཞུ་གཏུག་ཡོད་ཚེ་ངེས་པར་དུ་མྱུར་མོར་སྒྲུབ་པར"ཁྲིད་སྟོན་བྱེད་པའི་རྐྱེན་སྲོལ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ། "བློ་ཡིད་ཚིམ་པ་གཉིས"ཀྱི་སྤུས་རྟགས་གཏོད་པ་གཏིང་ཟབ་ཏུ་གཏོང་བ་དང་། ཡིད་རྟོན་དཔེ་སྟོན་གླིང་ཁུལ་འཛུགས་སྐྲུན་ལ་མགྱོགས་མྱུར་ངང་སྐུལ་འདེད་གཏོང་བ། སྡེ་ཁག་གི་ཕྱོགས་བསྡུས་ལས་སྒོའི་ནུས་པ་ཆེ་རུ་གཏོང་བའི་བྱ་སྤྱོད་སྤེལ་བ་བཅས་བྱས་ནས།  ད་ལོའི་གཙོ་གནད་ལས་གཞི་འཛུགས་སྐྲུན་གྱི་འབྲེལ་གཏུག་འགན་ལེན་དང་སྤུས་ཚད་ཁག་ཐེག་གི་བྱ་བ་མུ་མཐུད་དུ་ལེགས་པོར་སྒྲུབ་པ་དང་ཞབས་ཞུའི་རྣམ་པ་སྔར་ལས་ཇེ་ལེགས་སུ་བཏང་ཏེ།  འདྲ་མཉམ་དང་གོ་རིམ་ལྡན་པ་དང་། ཚད་ལྡན་དྲང་གཞག  ནུས་ཆེ་སྤུས་ལེགས།་ སྒོ་འབྱེད་ཁོང་ཡངས་བཅས་ཀྱི་ཚོང་གཉེར་ཁོར་ཡུག་ནུས་ཤུགས་ཡོད་རྒུས་བསྐྲུན་དགོས་ཟེར།

ས་ཁོངས་མཐུན་སྦྱོར་དང་སྒོ་འབྱེད་འཕེལ་རྒྱས་ཀྱི་བར་སྟོང་གསར་པ་རྒྱ་བསྐྱེད་དགོས།   རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི། མཚོ་སྔོན་ཚྭ་མཚོ་བཟོ་ལས་མ་རྐང་ཚད་ཡོད་ཀུང་སིའི་ཏང་ཨུའི་ཧྲུའུ་ཅི།  སྤྱིའི་འགན་འཛིན་པ་ཡན་ཧུང་ཝུའེ་ཡིས་བཤད་རྒྱུར། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ། ང་ཚོས་ས་ཁོངས་མཐུན་སྦྱོར་ངང་འཕེལ་རྒྱས་གཏོང་བའི་འཐབ་ཇུས་དང་། ས་ཁོངས་ཀྱི་འཐབ་ཇུས་གལ་ཆེན། བྱེད་ནུས་ཁུལ་གཙོ་བོའི་འཐབ་ཇུས་སོགས་རབ་དང་རིམ་པ་ལག་བསྟར་བྱས་ནས།  འཕེལ་རྒྱས་ཀྱི་རྣམ་པ་གསར་བ་འཛུགས་པ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་འདེགས་སྐྱོར་ནུས་པ་གལ་ཆེན་འདོན་སྤེལ་བྱས་པ་ཡིན།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཅང་སུའུ་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱིས་རྩེ་གྲས་ཅན་དང་། རིག་ནུས་ཅན། ལྗང་མདོག་ཅན་བཅས་ཀྱི་དེང་རབས་ཐོན་ལས་མ་ལག་བསྐྲུན་པའི་བརྡ་རྟགས་གསལ་བོ་བརྒྱུད་སྤྲོད་བྱས་ཡོད་པས།  ང་ཚོས་མཚོ་སྔོན་ལྷོ་རྒྱུད་ས་ཁུལ་དང་། མཚོ་སྐོར་ས་ཁུལ་། ཙོང་ཆུའི་གཤོངས་ས། ཚྭ་འདམ་གཤོངས་སའི་ས་ཁོངས་བཅས་ཀྱི་བཀོད་པ་མུ་མཐུད་དུ་ལེགས་སྒྱུར་བྱས་ཏེ།  སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་སྐྲུན་པ་དང་ཐོན་ལས་ཀྱི་"གནས་བཞི"འཛུགས་སྐྲུན་འདེགས་སྐྱོར་དུ་བྱེད་པ་དང་།  ཚན་རྩལ་གསར་སྐྲུན་སྣེ་ཁྲིད་དུ་བྱེད་པ། སྐྱེ་ཁམས་ཐོན་ལས་དང་རིག་གནས་ཡུལ་སྐོར་ཐོན་ལས་སྐྱེད་སྲིང་བྱེད་པ། ཐོན་ཁུངས་གསར་སྤེལ་བྱེད་ཤུགས་ཆེ་རུ་གཏོང་བ། སྲོལ་རྒྱུན་ཐོན་ལས་ཀྱི་ཡིག་ཚགས་རིམ་སྤར་དང་གསར་དར་ཐོན་ལས་མུ་མཐུད་དུ་འཕེལ་རྒྱས་འགྲོ་བར་རྒྱབ་སྐྱོབ་བྱེད་པ།  དཔེ་དབྱིབས་གསར་བ་མུ་མཐུད་དུ་སྐྱེད་སྲིང་བྱེད་པ་བཅས་བྱས་ནས།  ཚོང་རའི་འགྲན་རྩོད་ནུས་ཤུགས་ལྡན་པའི་ཐོན་ལས་ཁྱུ་ཚོགས་མགྱོགས་མྱུར་ངང་འཛུགས་དགོས་ཟེར།

མཚོ་སྔོན་དུ་སྡོད་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ལིས་ཆིན་གྱིས་བཤད་རྒྱུར། " སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་རྒྱུར་ཡང་བསྐྱར་ནན་བཤད་གནང་བ་དང་།  ཚན་རྩལ་གསར་སྐྲུན་ལ་བརྟེན་ནས་དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་སྐྲུན་ལ་སྣེ་ཁྲིད་བྱེད་པ་ཇེ་མགྱོགས་སུ་གཏོང་བའི་བརྡ་རྟགས་གསལ་པོ་བརྒྱུད་སྤྲོད་བྱས་ཡོད།    "བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་རིགས་ཁོངས་ཀྱི་སྲིད་གྲོས་ཨུ་ཡོན་ཞིག་ཡིན་པའི་ངོས་ནས།  ས་གནས་ཐོན་ཁུངས་ཀྱི་ལེགས་ཆ་དང་། ཐོན་ལས་ཀྱི་རྨང་གཞི། ཚན་རིག་ཞིབ་འཇུག་གི་ཆ་རྐྱེན་བཅས་ལ་གཞི་ཚུགས་ཏེ། ཚན་རྩལ་གསར་སྐྲུན་དང་ལྗང་མདོག་རིགས་སྒྱུར་ཐད་ཀྱི་དམངས་གཉེར་ཁེ་ལས་པའི་ཁ་ཚ་དགོས་གཏུག་གི་དགོས་མཁོ་དེ་བཀོལ་སྤྱོད་ཐུབ་པའི་རང་བཞིན་གྱི་གྲོས་གཞིར་བསྒྱུར་ནས། དམངས་གཉེར་ཁེ་ལས་དང་ཚན་རིག་ཞིབ་འཇུག་སྒྲིག་གཞིས་སྟོབས་ཤུགས་གཅིག་སྒྲིལ་གྱིས་མཉམ་ལས་བྱེད་པར་སྐུལ་འདེད་གཏོང་བ་དང་།  དམངས་གཉེར་ཁེ་ལས་ཀྱིས་རྒྱལ་ཁབ་དང་ཞིང་ཆེན་སྔར་ལས་མང་བའི་ཚན་རྩལ་འཐབ་ཇུས་ཀྱི་ལས་འགན་གལ་ཆེན་འཁུར་བར་སྐུལ་ལྕག་བྱེད་པ། ཚན་རྩལ་གྲུབ་འབྲས་དེ་ཐོན་ལས་སྦྲེལ་ཐག་ཁྲོད་རིམ་སྤོར་བྱེད་པ་ཇེ་མགྱོགས་སུ་གཏོང་བ་བཅས་བྱས་ནས།  ས་ཁོངས་མཐུན་སྦྱོར་ངང་འཕེལ་རྒྱས་ཡོང་བར་དམངས་གཉེར་ཁེ་ལས་ཀྱི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས"ཟེར།

མཚོ་སྔོན་ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་སྲིད་ཇུས་ཞིབ་འཇུག་ཁང་གི་ཀྲུའུ་རིན་གཞོན་པ་མ་ཅིན་ཧྥུའུ་ཡིས་བཤད་རྒྱུར། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ། མཚོ་སྔོན་ཚྭ་མཚོའི་ཐོན་ལས་ཀྱི་སྤུས་ཚད་དང་ཕན་འབྲས་ཇེ་མཐོར་སོང་བ་དང་། ནུས་རྒྱུ་གཙང་མའི་སྤུས་ཚད་ཆེ་རུ་ཕྱིན་པ། སྐྱེ་ཁམས་ཡུལ་སྐོར་འཕེལ་རྒྱས་བྱུང་བ། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཀྱི་ཁྱབ་རྒྱ་དང་དམིགས་ཚད་ཇེ་མཐོར་སོང་ནས།  ཞིང་ཆེན་ཡོངས་ཀྱི་ལྗང་མདོག་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་སྔར་ལས་ཕུན་སུམ་ཇེ་ཚོགས་སུ་གྱུར་ཡོད"།   སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱིས་ས་ཁོངས་མཐུན་སྦྱོར་ངང་འཕེལ་རྒྱས་གཏོང་བའི་འཐབ་ཇུས་ལག་བསྟར་བྱེད་པ་སོགས་ཀྱི་ཐད་བླང་བྱ་བཏོན་ཡོད་པས། སྤྱི་ཁྱབ་ཧྲུའུ་ཅིའི་བླང་བྱ་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་གནད་ལ་འཁེལ་བ་དང་ཁྱོན་ཡོངས་ནས་ལག་བསྟར་བྱས་ཏེ།  འཕེལ་རྒྱས་ཀྱི་རྣམ་པ་གསར་པར་ཧུར་ཐག་གིས་ཞབས་འདེགས་ཞུ་བ་དང་མཉམ་འདྲེས་བྱས་ནས།   སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་དང་ཐོན་ལས་ཀྱི"གནས་བཞི"འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བར་ཕན་འབྲས་དངོས་སྔར་ལས་མང་པོ་ཐོབ་པར་འབད་བརྩོན་བྱེད་དགོས་ཟེར།

“སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱིས་ཕེན་ཨན་ཆུས་ཀྱི་རྣམ་པ་གསར་བའི་མཁར་གྲོང་ཅན་དང་གྲོང་གསེབ་ཕྱོགས་ཡོངས་ནས་དར་སྤེལ་གཏོང་བར་སྔར་ལས་བཟང་བས་གཅིག་གྱུར་འཆར་འགོད་བྱེད་པར་ཁ་ཕྱོགས་གསལ་བོར་སྟོན་ཡོད།" མཚོ་ཤར་གྲོང་ཁྱེར་ཕེན་ཨན་ཆུས་ཀྱི་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཆུས་ཀྲང་ཀྲང་ཕན་ཅེ་ཡིས་བཤད་རྒྱུར། རྗེས་ཕྱོགས་ས་བབ་ཀྱི་ཁྱད་སྟོབས་དང་། གསར་སྐྲུན་གྱི་ཁྱད་སྟོབས། ཐོན་ལས་ཁྱད་སྟོབས་བཅས་ལ་གཞི་བཅོལ་ནས“བར་སྟོང་གསུམ་དང་དམར་ཐིག་གསུམ”གྱི་དགར་ཚུལ་གྲུབ་འབྲས་བཀོལ་སྤྱོད་བྱེད་ཤུགས་མུ་མཐུད་ཇེ་དྲག་ཏུ་གཏོང་བ་དང་། རྒྱལ་ཁབ་ས་ཁོངས་ཀྱི་འཆར་འགོད་དེ་གཞི་རིམ་དུ་ཕྱོགས་ཤུགས་ཇེ་མགྱོགས་སུ་གཏོང་བ། སྡེ་བ་རིམ་པའི་རྒྱལ་ཁབ་ས་ཁོངས་ཀྱི་བར་སྟོང་སྒྲིག་བཟོའི་བྱ་བ་ཕྱོགས་ཡོངས་ནས་ཡོངས་འགྲུབ་བྱེད་དགོས།གྲོང་ཁྱེར་དང་གྲོང་གསེབ་གཞི་གཅིག་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་དམ་འཛིན་བྱས་ཏེ། "རླངས་གཟུགས་དང་བཙོག་ཆུ་ཐག་གཅོད་སྦུག་ལམ"གྱི་བཟོ་སྐྲུན་སོ་སོར་གཅིག་གྱུར་སྐུལ་འདེད་བཏང་སྟེ། ཞིང་སྡེའི་མི་སྡོད་ཁོར་ཡུག་གི་ལོ་ལྔའི་བྱ་སྤྱོད་ལ་སྐུལ་འདེད་ཟབ་མོ་གཏོང་བ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྒྱུ་རྐྱེན་གཙོ་བོའི་འཁོར་རྒྱུག་དང་། རྨང་གཞིའི་སྒྲིག་ཆས་ཕན་ཚུན་འབྲེལ་མཐུད། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་མཉམ་བཅོས་བྱེད་པ། སྤྱི་བའི་ཞབས་ཞུ་མཉམ་སྤྱོད་བཅས་ལ་སྐུལ་འདེད་ཤུགས་ཆེན་གཏོང་རྒྱུ་ཡིན་ཟེར།

དངོས་སྒྲུབ་དངོས་གཉེར་གྱིས་ལས་སྒྲུབ་གསར་གཏོད་ཀྱི་སྙིང་སྟོབས་འཕེལ་བར་བྱེད་དགོས།

"དཔལ་འབྱོར་བསྐྱར་འཕར་གྱི་རྣམ་པ་བཟང་པོ་མུ་མཐུད་སྲ་བརྟན་དང་ཤུགས་ཆེར་གཏོང་དགོས་ན། སྤྱི་ཚོགས་ཡོངས་ཀྱི་འཕེལ་རྒྱས་ཀྱི་ཡིད་ཆེས་འཕེལ་བར་བྱེད་པ་དང་ཏང་ཡོན་ལས་བྱེད་པས་སྔོན་ལ་ཡིད་ཆེས་ཇེ་བརྟན་དང་དངོས་སྒྲུབ་དངོས་གཉེར་བྱེད་དགོས། " རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི། མཚོ་ཤར་གྲོང་ཁྱེར་གྱི་ཏང་ཨུའི་ཧྲུའུ་ཅི་གཞོན་པ། གྲོང་ཁྱེར་གྱི་འགོ་གཙོ་བང་ཧྭ་ཅེ་ཡིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཅང་སུའུ་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱིས་མཚོ་ཤར་གྲོང་ཁྱེར་གྱི་དཔལ་འབྱོར་བསྐྱར་འཕར་གྱི་རྣམ་པ་བཟང་པོ་མུ་མཐུད་སྲ་བརྟན་དང་ཤུགས་ཆེར་གཏོང་བ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་གཏོང་བར་ཁ་ཕྱོགས་གསལ་སྟོན་གནང་ཡོད། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལས་འགན་ཨང་དང་པོ་མུ་མཐུད་དུ་རྒྱུན་འཁྱོངས་བྱས་ཏེ། ཐོན་ལས "གནས་བཞི"འཛུགས་སྐྲུན་བྱ་རྒྱུ་དེ་མཚོ་ཤར་གྲོང་ཁྱེར་གྱི་ཐོན་སྐྱེད་ནུས་ཤུགས་གསར་མར་ཤུགས་སྣོན་པའི་ལྟེ་བའི་རྒྱུ་རྐྱེན་དང་ལག་ལེན་གྱི་ཐབས་ལམ་ཞིག་ཏུ་བརྩིས་ནས"་ལས་བྱེད་པས་སྒྲུབ་དགོས་པ་དང་། བསམ་ཕྱོགས་གསལ་དགོས་པ། རང་གཅུན་ནན་དགོས་པའི"བླང་བྱ་ལག་བསྟར་བྱས་ནས་ཡིད་ཆེས་བརྟན་པོས་འཕེལ་རྒྱས་དོན་གཉེར་དང་། དངོས་སྒྲུབ་དངོས་གཉེར་གྱིས་དོན་འཁྱོལ་ལ་སྐུལ་འདེད་བཏང་སྟེ། མཚོ་ཤར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་དང་ལེགས་ཆ་གསར་བ་རྒྱུན་ཆད་མེད་པར་གཏོད་རྒྱུ་ཡིན་ཟེར།

“ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་སུ་གཏོང་བར་བཅའ་ཁྲིམས་ཀྱི་སྣེ་ཁྲིད་དང་། འགན་སྲུང་། སྐུལ་འདེད་བཅས་ལ་ཁ་འབྲལ་ཐབས་མེད།" མཚོ་སྔོན་དུ་སྡོད་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་མཱ་ཧེ་ཅོན་ལ་འགན་འཁྲི་ལྕི་བའི་ཚོར་སྣང་ཟབ་མོ་བྱུང་ཡོད་དེ། ཁྲིམས་སྐྱོང་ནི་ཚོང་གཉེར་ཁོར་ཡུག་ལེགས་ཤོས་ཡིན་པ་དང་། ཁྲིམས་རྩོད་པ་ནི་ཁྲིམས་སྐྱོང་ཅན་གྱི་ཚོང་གཉེར་ཁོར་ཡུག་འཛུགས་སྐྲུན་གྱི་སྟོབས་ཤུགས་གལ་ཆེན་ཞིག་ཡིན། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་མཛུབ་སྟོན་དུ་བཟུང་ནས་གསར་སྐྲུན་ལ་སྐུལ་འདེད་གཏོང་བར་དམིགས་པ་དང་། ལས་གཉེར་གཙོ་བོར་སྲུང་སྐྱོབ་བྱེད་པ། ཚན་རྩལ་སློབ་གསོའི་འཇོན་མིའི་སྒྲིག་སྲོལ་བཅོས་སྒྱུར་བྱེད་པ། ཚོང་གཉེར་ཁོར་ཡུག་འཛུགས་སྐྲུན་སོགས་གཙོ་གནད་ཁྱབ་ཁོངས་ཀྱི་གསར་དར་ཁྱབ་ཁོངས་ལ་དམིགས་ཏེ། ཁྲིམས་རྩོད་པའི་ཆེད་ལས་བཅའ་ཁྲིམས་ཞབས་ཞུ་འདོན་སྤེལ་གང་ལེགས་བྱེད་པ་དང་། བཅའ་ཁྲིམས་ཡང་དག་པའི་སྒོ་ནས་ལག་བསྟར་བྱེད་པར་འགན་སྲུང་བྱེད་པ། ཁྲིམས་ལྟར་ཐོན་ལས་གསར་བ་དང་། རྣམ་པ་གསར་བ། སྒུལ་ནུས་གསར་བའི་འཕེལ་རྒྱས་ཀྱི་སྲུང་སྐྱོབ་ལ་བརྟེན་ནས་དཔལ་འབྱོར་བསྐྱར་འཕར་དང་ལེགས་ཕྱོགས་སུ་འཕེལ་བའི་རྣམ་པ་མུ་མཐུད་སྲ་བརྟན་དང་ཇེ་དྲག་གཏོང་བར་རོགས་སྐྱོར་འདོན་སྤྲོད་བྱེད་རྒྱུ་ཡིན་ཟེར།

"ཏང་ཡོན་ལས་བྱེད་པར་ཐོག་མར་ཡིད་ཆེས་བརྟན་པོ་ཡོད་དགོས་པ་དང་དངོས་སྒྲུབ་དངོས་གཉེར་བྱེད་དགོས།" མཚོ་སྔོན་ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཅན་ཐིན་ཕྱོགས་བསྡུས་ཁྲུའུ་ཡི་འགོ་གཙོ་ལའོ་ཝུན་ཀོས་ཡིས་བཤད་རྒྱུར། ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཅན་ཐིན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་མཛུབ་སྟོན་གནང་བའི་འཕེལ་རྒྱས་ཀྱི་ཐབས་ལམ་གཞིར་བཟུང་ནས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་སྐྲུན་པ་དང་ཐོན་ལས "གནས་བཞི"འཛུགས་སྐྲུན་བྱ་རྒྱུ་དེ་རྣམ་པ་གསར་བའི་བཟོ་ལས་ཅན་ལ་སྐུལ་འདེད་གཏོང་བའི་འཐབ་ར་གཙོ་བོ་དང་གཡུལ་ས་གཙོ་བོར་བརྩིས་ནས་རང་ཞིང་གི་མཐོ་སྒང་གི་ཐོན་ཁུངས་ནུས་ཁུངས་ལ་གཞི་བཅོལ་ཏེ། ཐོན་ཁུངས་གོ་རིམ་ལྡན་པའི་སྒོ་ནས་གསར་སྤེལ་བཀོལ་སྤྱོད་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་འབྲེལ་བ་ཐག་གཅོད་ལེགས་པོ་བྱེད་དགོས་ཤིང་། སྲོལ་རྒྱུན་ཐོན་ལས་གཞན་སྒྱུར་རིམ་སྤོར་དང་གསར་དར་ཐོན་ལས་ཀྱི་སྟོབས་ཤུགས་ཇེ་ཆེར་གཏོང་ཤུགས་ཇེ་མགྱོགས་སུ་གཏོང་བར་སྐུལ་འདེད་བཏང་ནས"4+1" དུང་ཕྱུར་སྟོང་རིམ་པའི་ཐོན་ལས་ཁྱུ་ཚོགས་ཤུགས་ཆེན་པོས་སྐྲུན་ཏེ། དཔལ་འབྱོར་བསྐྱར་འཕར་དང་ལེགས་ཕྱོགས་སུ་འགྲོ་བའི་རྣམ་པ་སྲ་བརྟན་དང་ཇེ་དྲག་ཏུ་གཏོང་བར་བཟོ་ལས་དང་ཆ་འཕྲིན་ཅན་གྱིས་སྟོབས་ཤུགས་འབུལ་རྒྱུ་ཡིན་ཟེར།

“སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱིས་ང་ཚོ་ཡུས་ཧྲུའུ་ཡི་དཔལ་འབྱོར་འཕེལ་རྒྱས་གཏོང་བར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་གནང་བ་དང་། ཏང་ཡོན་ལས་བྱེད་པས་ཇི་ལྟར་ནུས་ཤུགས་འདོན་པའི་ཐད་བྱེ་བྲག་གི་བླང་བྱ་བཏོན་ཡོད།" ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་བཟོ་ལས་ཚོང་དོན་དང་ཆ་འཕྲིན་ཅན་ཅུའུ་ཡི་ཏང་ཙུའུ་ཧྲུའུ་ཅི། ཅུའུ་ཀྲང་ངག་དབང་བསྟན་པ་ཡིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཏོན་པའི་བླང་བྱ་དོན་འཁྱོལ་དངོས་འབེབ་མཐའ་གཅིག་ཏུ་བྱས་ནས་ཡིད་ཆེས་བརྟན་པོ་དང་དངོས་སྒྲུབ་དངོས་གཉེར་གྱིས་ས་གནས་རང་གི་དོན་དངོས་ལ་རྐང་ཚུགས་པ་དང་འཕེལ་རྒྱས་ཀྱི་སྦས་ཤུགས་སྔོག་འདོན་ཟབ་མོ་བྱེད་པ། ཁེ་ལས་གཙོ་བོ་དང་གནད་འགག་གི་གོ་རིམ་ལ་དམ་པོར་དམིགས་ནས་ཁེ་ལས་ཀྱི་འཕེལ་རྒྱས་ལ་རྒྱབ་སྐྱོར་དང་། ཉོ་ཚོང་འཁོར་རྒྱུག་ལ་ཁག་ཐེག མང་ཚོགས་ཀྱི་འཚོ་བར་འགན་ལེན་བཅས་བྱས་ནས་ཕན་འབྲས་མཐོན་པོས་ལོ་ཧྲིལ་པོར་བརྒྱ་ཆའི་བདུན་གྱི་འཕེལ་ཚད་དམིགས་འབེན་ལ་ཁག་ཐེག་ཏན་ཏིག་བྱེད་པ་དང་། བྱ་བའི་བྱེད་ཐབས་སྔར་ལས་ཞིབ་མོ་དང་བྱ་བའི་བླང་བྱ་སྔར་ལས་ནན་མོ། བྱ་བའི་ཚད་གཞི་སྔར་ལས་མཐོ་བ་བཅས་ཀྱིས་ཡུས་ཧྲུའུ་ཡི་དཔལ་འབྱོར་བདེ་ཐང་ངང་འཕེལ་རྒྱས་མགྱོགས་པོ་གཏོང་བར་སྐུལ་འདེད་གཏོང་རྒྱུ་ཡིན་ཟེར།

ཡིག་སྒྱུར་བ། སྒྲོལ་མ་སྐྱིད། ཚེ་རིང་སྒྲོལ་མ།