ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་ལེའུ་གསར་པ་མཉམ་དུ་འབྲི་དགོས།
2024.03.08 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 13

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་གོ་མིན་ཏང་གསར་བརྗེ་ཨུ་ཡོན་ལྷན་ཁང་དང་ཚན་རྩལ་ལས་རིགས།ཁོར་ཡུག་ཐོན་ཁུངས་ལས་རིགས་བཅས་མཉམ་འབྲེལ་ཚོགས་ཆུང་གི་གྲོས་ཚོགས་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱིས་སེམས་ནུས་གཅིག་སྒྲིལ་དང་མི་སེམས་ལ་སྐུལ་མ་ཐེབས་པར་བྱས།

“བརྟག་དཔྱད་ཞིབ་འཇུག་ཟབ་མོ་དང་སྲིད་དོན་ལ་ཧུར་ཐག་གིས་ཇུས་འདོན་བྱེད་པ།  ཐུན་མོང་གི་ངོས་ཟིན་རྒྱ་ཁྱབ་ངང་གཅིག་སྡུད་བཅས་བྱས་ཏེ།  ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ལ་རམ་འདེགས་བྱེད་དགོས།” ཚེས་6ཉིན་གྱི་ཕྱི་དྲོ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པར་ཞུགས་པའི་གོ་མིན་ཏང་གསར་བརྗེ་ཨུ་ཡོན་ལྷན་ཁང་དང་ཚན་རྩལ་ལས་རིགས། ཁོར་ཡུག་ཐོན་ཁུངས་ལས་རིགས་བཅས་ཀྱི་ཨུ་ཡོན་ལ་མཇལ་འཕྲད་གནང་བར་མ་ཟད།    མཉམ་འབྲེལ་ཚོགས་ཆུང་གི་ཚོགས་འདུར་ཞུགས་སྐབས་གསུང་བཤད་གལ་ཆེན་གནང་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་བྱེད་པར་སྐུལ་འདེད་ཏན་ཏིག་གཏོང་བར་ཁ་ཕྱོགས་གསལ་སྟོན་དང་སྟོབས་ཤུགས་གཅིག་ཏུ་སྒྲིལ་བར་བྱས།

རྒྱལ་ཡོངས་ཀྱི་གྲོས་ཚོགས་གཉིས་ལ་ཞུགས་མཁན་གྱི་འཐུས་མི་དང་ཨུ་ཡོན།  ཚོགས་ཕྱིའི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་རྣམས་ཀྱིས་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་ཡོད། ཚང་མས་དུས་རབས་གསར་པ་དང་སྐྱོད་ལམ་གསར་བའི་སྟེང་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་དཔའ་ངར་ཆེན་པོས་མདུན་དུ་བསྐྱོད་དེ།   གོམ་པ་རེ་རེ་བཞིན་སྤོས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་ཏན་ཏིག་བཏང་སྟེ།  ཐུན་མོང་གིས་མཛེས་སྡུག་ལྡན་པའི་ལེའུ་གསར་པ་ཞིག་རྩོམ་དགོས་པར་བསྟན།

ཆུ་ཚད་མཐོ་བའི་ཚན་རྩལ་རང་ཚུགས་རང་འབད་མངོན་འགྱུར་བྱེད་རྒྱུ་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་གནད་འགག་ཡིན།

“ཚན་སློབ་ལ་བརྟེན་ནས་རྒྱལ་ཁབ་དར་རྒྱས་གཏོང་བའི་འདུན་པ་ཆེན་པོ་སྔར་ལས་ཆེ་རུ་བཏང་ནས་ཚན་རྩལ་གསར་གཏོད་ཀྱི་ལས་འགན་ལྗིད་མོ་ཕྲག་ཏུ་འཁུར་དགོས།”སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚན་རྩལ་ལས་རིགས་ཀྱི་ཨུ་ཡོན་དང་རྒྱ་ཆེའི་ཚན་རྩལ་ལས་དོན་པར་མངགས་བཅོལ་ནན་མོ་གནང་བར།  མཉམ་འབྲེལ་ཚོགས་ཆུང་གི་གྲོས་ཚོགས་ལ་ཞུགས་མཁན་ཀྲུང་གོ་བཟོ་སྐྲུན་གླིང་གི་ཡོན་ཧྲི། ཀྲུང་ཀོན་ཚུན་ཚོད་ལྟ་ཁང་གི་ཀྲུའུ་རིན།ཨུ་ཡོན་ཝུའུ་ཅན་ཕིང་གིས་རང་གི་ཕྲག་སྟེང་གི་ལས་འགན་ལྕི་བའི་ཚོར་སྣང་དང་བཅས་བཤད་རྒྱུར།   “ཉེ་བའི་ལོ་ཤས་རིང་རྒྱལ་སྤྱིའི་རབས་རྗེས་མའི་དྲ་སྦྲེལ་འཕེལ་རྒྱས་རྒྱུན་ཆད་མེད་པར་བྱུང་བས་ང་ཚོས་ངེས་པར་དུ་དྲ་སྦྲེལ་གྱི་འགག་རྩའི་ལག་རྩལ་མཁྲེགས་གཏོར་དམག་འཐབ་དང་རྒྱུན་སྲིང་དམག་འཐབ་ཡག་པོ་བརྒྱབ་ནས།  གསར་གཏོད་ཀྱི་རང་འགུལ་དབང་ཆ་དང་འཕེལ་རྒྱས་ཀྱི་ནུས་པ་རང་ཉིད་ཀྱི་ལག་ཏུ་དམ་པོར་བཟུང་སྟེ། དྲ་རྒྱའི་འཛུགས་སྐྲུན་སྤུས་ཚད་དང་འཕེལ་རྒྱས་ཀྱི་འགན་སྲུང་འདོན་སྤྲོད་བྱེད་དགོས།”ཟེར།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐོན་སྐྱེད་ནུས་ཤུགས་གསར་མའི་སྒུལ་ནུས་གསར་པ་སྐྱེད་སྲིང་དང་འཕེལ་རྒྱས་སུ་གཏོང་རྒྱུ་ནན་བཤད་གནང་བ་དང་།   ཀྲུང་གོ་ཚན་རིག་གླིང་གི་ཡོན་ཧྲི་རྒྱལ་ཁབ་ནཱ་སྨི་ཚན་རིག་ལྟེ་གནས་ཀྱི་ཞིབ་འཇུག་པ།ཨུ་ཡོན་ཀྲའོ་ཡུས་ལེང་གིས་བཤད་རྒྱུར། “ལམ་ལུགས་ཀྱི་ལེགས་ཆ་ནས་གཞི་ཁྱོན་ཆེ་བའི་ཁྲོམ་རའི་བར་དང་། འཐུས་སྒོ་ཚང་བའི་བཟོ་ལས་ནས་ཚན་རྩལ་ཤེས་ལྡན་པའི་དཔུང་ཁག་ཆེན་པོའི་བར། རང་རྒྱལ་གྱིས་ཐོན་སྐྱེད་ནུས་གསར་མ་འཕེལ་རྒྱས་གཏོང་བར་ལེགས་ཆ་ཧ་ཅང་མང་པོ་ལྡན། ང་ཚོས་ལེགས་ཆ་དེ་དག་འདོན་སྤེལ་ཡག་པོ་དང་བེད་སྤྱོད་ཡག་པོ་བྱས་ཏེ། ཚན་རྩལ་སྒྲིག་སྲོལ་བཅོས་སྒྱུར་དང་ཤེས་ལྡན་མི་སྣ་འཕེལ་རྒྱས་ཀྱི་སྒྲིག་སྲོལ་ལམ་སྲོལ་བཅོས་སྒྱུར་གཏིང་ཟབ་ཏུ་བཏང་ནས་ལེགས་ཆ་དེ་དངོས་ཡོད་ཀྱི་གྲུབ་འབྲས་སུ་འགྱུར་བར་བྱེད་དགོས”ཟེར།

ཀྲུང་གོའི་གློག་རྡུལ་ཚན་རིག་ཁང་གི་དབུ་བཞུགས་ཆེད་མཁས་པ་པའེ་སུང་གིས་དུས་ཡུན་རིང་པོར་རྨང་གཞིའི་ཞིབ་འཇུག་བྱ་བ་གཉེར་བཞིན་ཡོད་ཅིང་། ཚོགས་པའི་སྣེ་ཁྲིད་དེ་གློག་འདྲེན་ཕྱེད་གཟུགས་ཀྱི་ཐཱན་སེལ་འཕྲུལ་ཆས་རབས་གསུམ་པ་རྒྱུན་མཐུད་ངང་ཞིབ་འཇུག་གསར་སྤེལ་བྱས་པ་རེད།   སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“རྨང་གཞིའི་ཞིབ་འཇུག་དང་ཉེར་སྤྱོད་རྨང་གཞིའི་ཞིབ་འཇུག་ལ་ཤུགས་སྣོན་རྒྱག་དགོས”ཞེས་པའི་བླང་བྱ་བཏོན་པ་དེས།  ཁོ་རང་ལ་སེམས་འགུལ་ཐེབས་པའི་ངང་“ང་ཚོས་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་སུ་གཏོང་བར་མཁོ་བའི་རྒྱང་ལྟའི་རང་བཞིན་དང་སྣེ་ཁྲིད་རང་བཞིན་གྱི་ལག་རྩལ་ལ་དམིགས་ཏེ།  འབྲེལ་ཡོད་ཁྱབ་ཁོངས་ཀྱི་རྨང་གཞིའི་རིགས་པའི་གཞུང་ལུགས་ཞིབ་འཇུག་ནས་ཐོན་ལས་ཅན་གྱི་འབྲེལ་ཐག་ཧྲིལ་པོའི་མཁྲེགས་གཏོར་མུ་མཐུད་དུ་བྱས་ནས།  གསར་དར་ཐོན་ལས་དང་འབྱུང་འགྱུར་ཐོན་ལས་སྐྱེད་སྲིང་བྱེད་པར་ཚན་རྩལ་གསར་གཏོད་ཀྱི་རྨང་གཞི་ཇེ་བརྟན་དུ་གཏོང་དགོས”ཟེར།

བྱ་གཞག་འཕེལ་རྒྱས་གཏོང་བར་གསར་གཏོད་བྱེད་དགོས་པ་དང་། གསར་གཏོད་ཀྱི་ཐབས་ལམ་གཙོ་བོ་ནི་མི་ཡིན།

གློག་རྡུལ་ཚན་རྩལ་སློབ་ཆེན་གྱི་ནུས་ཆེའི་གློག་རྡུལ་རིག་པའི་ཞིབ་འཇུག་སོའོ་ཡི་སོའོ་ཀྲང་།འཐུས་མི་ཝེ་ཡན་ཡུས་ཀྱིས་བཤད་རྒྱུར།  “སློབ་ཆེན་ལ་སློབ་གསོ་དང་ཚན་རྩལ། ཤེས་ལྡན་མི་སྣ་བཅས་ཕྱོགས་གསུམ་གཞི་གཅིག་གི་དམིགས་བསལ་ལེགས་ཆ་ལྡན་པ་དང་གསར་གཏོད་རྣམ་པའི་ཤེས་ལྡན་མི་སྣ་གསོ་སྐྱོང་དང་ཚན་རྩལ་གསར་གཏོད་ཐད་རང་ཉིད་ཀྱི་འགན་འཁྲི་ཡོད” “ང་ཚོས་སྤྱི་ཁྱབ་ཧྲུའུ་ཅིའི་བླང་བྱ་ལྟར། སློབ་གསོའི་ཚན་རྩལ་ཤེས་ལྡན་མི་སྣའི་ཕྱོགས་བསྡུས་བཅོས་སྒྱུར་རྒྱུན་མཐུད་ངང་གཏིང་ཟབ་ཏུ་གཏོང་རྒྱུ་དང་། ཚན་རྩལ་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་དང་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་བའི་དགོས་མཁོར་གཞིགས་ནས། རིག་ཚན་འཛུགས་སྐྲུན་དང་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་སྟངས་ཇེ་ལེགས་སུ་བཏང་སྟེ། ཆུ་ཚད་མཐོ་བའི་ཚན་རྩལ་ལ་རང་ཚུགས་རང་འཕེལ་བྱེད་པར་སྔར་ལས་ཕུལ་བྱུང་གི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་རྒྱུ་ཡིན”ཟེར།

ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་དེང་རབས་ཅན་ཡིན།

མཉམ་འབྲེལ་ཚོགས་ཆུང་གི་ཚོགས་འདུར་ཞུགས་རྗེས་པེ་ཅིང་གིས་ཁོར་ཡུག་སྲུང་སྐྱོབ་ཚོགས་པའི་བློ་རིག་ཁོར་ཡུག་སྲུང་སྐྱོབ་ལས་དོན་པུའུ་ཡི་སྤྱི་ཁྱབ་ལས་འཛིན་པ།ཨུ་ཡོན་ཧོང་མེན་སུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ “གནད་སྨིན་སྦགས་བཅོས་དང་ཚན་རིག་དང་མཐུན་པའི་སྦགས་བཅོས། ཁྲིམས་ལྟར་སྦགས་བཙོག་བཅོས་སྐྱོང་བྱེད་པ་བཅས་ཀྱི་བྱེད་ཕྱོགས་ཁྱོན་ཡོངས་ནས་འཕྱུགས་མེད་ངང་དོན་འཁྱོལ་བྱེད་དགོས”ཞེས་བླང་བྱ་ནན་མོ་བཏོན་པ་དེར་ཡང་དང་བསྐྱར་དུ་གོ་བ་གཏིང་ཟབ་བླངས་རྗེས་བཤད་རྒྱུར།  “སྐྱེ་ཁམས་ཁོར་ཡུག་གི་བྱ་བ་སྒྲུབ་མཁན་ཞིག་ཡིན་པའི་ངོས་ནས། རྗེས་ཕྱོགས་སུ་མདུན་ལམ་ཧ་ཅང་ཆེན་པོ་ཡོད་པར་སེམས།  ངས་ཚོགས་པའི་སྣེ་ཁྲིད་དེ་ཆ་འཕྲིན་ལག་རྩལ་གསར་པ་དང་བློ་རིག་ལག་རྩལ་ལ་བརྟེན་ནས་སྲོལ་རྒྱུན་གྱི་ཁོར་ཡུག་སྲུང་སྐྱོབ་ལས་རིགས་ལ་རམ་འདེགས་བྱས་ནས། མ་ལག་ལྡན་པར་ལས་རིགས་ཀྱི་ལས་ཕྱོད་ཆེ་རུ་འགྲོ་བར་སྐུལ་འདེད་བཏང་སྟེ།  སྐྱེ་ཁམས་ཁོར་ཡུག་གི་ཆུ་ཚད་མཐོན་པོས་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་སུ་འགྲོ་བར་སྲུང་སྐྱོབ་དང་འདེགས་སྐྱོར་བྱེད་རྒྱུ་ཡིན”ཟེར།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱ་ཆེའི་ཁོར་ཡུག་ཐོན་ཁུངས་ལས་རིགས་ཀྱི་ཨུ་ཡོན་ཚོས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་ཤུགས་སྣོན་རྒྱག་པ་དང་། ཆུ་ཚད་མཐོ་བའི་སྲུང་སྐྱོབ་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འདེགས་སྐྱོར་བྱེད་པའི་ཐད་ལེགས་སྐྱེས་གསར་པ་འབུལ་དགོས་ཞེས་ནན་གྱིས་བསྟན་ཡོད།

མཉམ་འབྲེལ་ཚོགས་ཆུང་གི་ཚོགས་འདུའི་སྟེང་གཏམ་བཤད་བྱེད་བཞིན་པའི་སྐྱེ་ཁམས་ཁོར་ཡུག་པུའུ་རྒྱ་མཚོའི་སྐྱེ་ཁམས་ཁོར་ཡུག་སི་ཡི་སི་ཀྲང་གཞོན་པ།ཨུ་ཡོན་ཧུའུ་སུང་ཆིན་གྱིས“འདི་ནི་སྤྱི་ཁྱབ་ཧྲུའུ་ཅིས་ཁོར་ཡུག་ཐོན་ཁུངས་ལས་རིགས་ཀྱི་ཨུ་ཡོན་རྣམས་ལ་བཏོན་པའི་བླང་བྱ་ཡིན་ལ་ང་ཚོ་རྒྱ་མཚོའི་ལས་དོན་པར་གནང་བའི་མངགས་བཅོལ་ཡང་ཡིན།  རྒྱ་མཚོའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་རྒྱུ་ནི། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན། ང་ཚོས་སྐམ་ས་དང་རྒྱ་མཚོ་གཅིག་གྱུར་འཆར་འགོད་དང་གཙོ་གནད་མཚོ་ཁོངས་ཀྱི་ཕྱོགས་བསྡུས་བཅོས་སྐྱོང་གི་མཁྲེགས་གཏོར་དམག་འཐབ་ལ་མུ་མཐུད་དུ་སྐུལ་འདེད་བཏང་ནས།  མཛེས་སྡུག་ལྡན་པའི་མཚོ་ཁུག་འཛུགས་སྐྲུན་བྱེད་རྒྱུ་མུ་མཐུད་དུ་དམ་འཛིན་ཡག་པོ་བྱས་ཏེ། མི་དམངས་མང་ཚོགས་ཀྱིས་མཚོ་མོ་སྔོ་ཞིང་ནམ་མཁའ་དྭངས་བ།  བྱེ་ཐང་གཙང་བའི་ཁོར་ཡུག་ཅིག་ལོངས་སུ་སྤྱོད་ཐུབ་པ་བྱེད་རྒྱུ་ཡིན”ཟེར།

ལེ་དབར་སྟོང་གི་ཕྱི་རོལ་དུ“དྭངས་ཤིང་གཙང་བའི་རི་ཆུ་ཀླུང་གསུམ་ནི་གསེར་རི་དངུལ་རི་ཡིན་པའི”འདུ་ཤེས་མུ་མཐུད་དུ་ལག་བསྟར་བྱེད་མཁན།  ཀྲེ་ཅང་ཨན་ཅི་ཡུས་ཚོན་སྡེ་བའི་སྡེ་མི་རྣམས་ལ“སྐྱེ་ཁམས་ཀྱི་ཡོང་སྒོའི”ཕན་འབྲས་སྔ་མོ་ནས་ཐོབ་ཡོད།

སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི།འཐུས་མི་ཝང་ཡུའུ་ཁྲིན་གྱིས་སྡོད་ཡུལ་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལ་སློབ་སྦྱོང་བྱས་པ་དང་། ཁོས་ཚོར་སྣང་ཟབ་མོའི་ངང་བཤད་རྒྱུར།  “སྤྱི་ཁྱབ་ཧྲུའུ་ཅིས་སྐྱེ་ཁམས་ཐོན་རྫས་ཀྱི་རིན་ཐང་མངོན་འགྱུར་ཐབས་ལམ་རྒྱ་ཆེར་གཏོང་བར་ནན་བཤད་གནང་ནས་ང་ཚོར་ཁ་ཕྱོགས་གསལ་སྟོན་གནང་ཡོད། ང་ཚོས་སྐྱེ་ཁམས་དཔལ་ཡོན་གྱི་འདུ་ཤེས་རྒྱུན་ཆད་མེད་པར་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ།  མིག་མཐོང་ལག་ཟིན་གྱི་རི་སྔོ་ཆུ་དྭངས་དེ་རྒྱུན་ཆད་མེད་པར་མི་དམངས་མང་ཚོགས་ཀྱི་མ་རྐང་དུ་བྱས་ནས་ཁོ་ཚོའི་བདེ་སྐྱིད་ཀྱི་རྒྱབ་རྟེན་ཞིག་ཏུ་འགྱུར་བར་བྱེད་དགོས”ཟེར།

དཔྱིད་མགོའི་དུས་སུ“ལྕགས་རི་རིང་པོའི་ཕྱི་རོལ་གྱི་མུ་ཏིག”ལྟ་བུའི་ཝུའུ་ལེང་སུའུ་མཚེའུའི་གངས་འཁྱགས་བཞུར་བར་རེ་སྒུག་བྱེད་བཞིན་མཆིས།  ནང་སོག་རང་སྐྱོང་ལྗོངས་པ་ཡན་ནོའར་གྲོང་ཁྱེར་ཝུའུ་ལེང་སུའུ་མཚེའུ་སྐྱེ་ཁམས་སྲུང་སྐྱོབ་ལྟེ་གནས་ཀྱི་ཀྲུའུ་རིན་པའོ་ཝེ་ཡིས་གསར་འགོད་པར་བཤད་རྒྱུར།   མིག་སྔར།  ཝུའུ་ལེང་སུའུ་མཚེའུ་ཆུ་སྤུས་བརྟན་པོ་ཡིན་ལ་བྱ་རིགས་དང་ཉ་རིགས་ཀྱི་ཁྱུ་ཚོགས་ཇེ་མང་དུ་སོང་ཡོད་པ་དང་།  སྐྱེ་དངོས་ཀྱི་སྣ་མང་རང་བཞིན་མུ་མཐུད་དུ་ཇེ་ལེགས་སུ་ཕྱིན་ཡོད། ཁོ་ཚོས་སྤྱི་ཁྱབ་ཧྲུའུ་ཅིས་ནན་བཤད་གནང་བའི“སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྐྱེ་ཁམས་རྨང་གཞི་ཇེ་བརྟན་དུ་གཏོང་བ”བློ་ལ་བརྟན་པོར་ངེས་པར་བྱས་ནས།  མཚེའུ་ཁུལ་གྱི་སྐྱེ་ཁམས་རྒྱུན་ཆད་མེད་པར་ཇེ་ལེགས་སུ་བཏང་སྟེ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་ཤུགས་སྣོན་རྒྱག་པ་དང་ཆུ་ཚད་མཐོ་བའི་སྲུང་སྐྱོབ་ལ་བརྟེན་ནས།  སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འདེགས་སྐྱོར་བྱེད་པར་ལེགས་སྐྱེས་འབུལ་རྒྱུ་ཡིན་ཟེར།

ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་ཐའེ་ཝན་སྤུན་ཟླ་ཚུད་པའི་ཀྲུང་ཧྭའི་བུ་དང་བུ་མོ་ཡོངས་ཀྱི་དེང་རབས་ཅན་

ཡིན།

མཉམ་འབྲེལ་ཚོགས་ཆུང་གི་གྲོས་ཚོགས་སྟེང་། ཀྲུང་གོ་གོ་མིན་ཏང་གསར་བརྗེ་ཨུ་ཡོན་ལྷན་ཁང་ཧྥུ་ཅན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན།ཨུ་ཡོན་ཞ་ཞན་ཕིན་གྱིས་འགྲམ་གཉིས་ཀྱི་ཐོན་ལས་སྦྲེལ་ཐག་གི་མཁོ་སྤྲོད་འབྲེལ་ཐག་མཉམ་ལས་ལ་ཤུགས་སྣོན་པར་དམིགས་ནས་གཏམ་བཤད་གནང་། "སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ནང་མཚོ་འགག་འགྲམ་གཉིས་ཀྱི་མཉམ་འདྲེས་འཕེལ་རྒྱས་ཀྱི་གལ་ཆེའི་རང་བཞིན་རྒྱས་བཤད་གཏིང་ཟབ་གནང་ཡོད།" ཞ་ཞན་ཕིན་གྱིས་བཤད་རྒྱུར། ཉེ་བའི་ལོ་འགའི་རིང་ལ་འགྲམ་གཉིས་ཀྱི་ཐོན་ལས་སྦྲེལ་ཐག་དང་མཁོ་སྤྲོད་འབྲེལ་ཐག་མཉམ་ལས་ལ་འཕེལ་རྒྱས་ཆེན་པོ་བྱུང་ཡང་ཐོན་ལས་མཉམ་ལས་ཀྱི་སྦས་ཤུགས་ད་དུང་ནུས་ལྡན་ངང་འདོན་ཐུབ་མེད་པ་རེད། ང་ཚོས་ཐའེ་ཝན་གྱི་ཚོང་པ་དང་ཐའེ་ཝན་གྱི་ཁེ་ལས་སྐམ་ས་ཆེན་པོའི་ཐོན་ལས་སྦྲེལ་ཐག་དང་མཁོ་སྤྲོད་འབྲེལ་ཐག་མ་ལག་ནང་འདྲེས་པའི་སྣ་མང་ཅན་གྱི་ལམ་བུ་མུ་མཐུད་དུ་འཚོལ་ཞིབ་དང་སྐུལ་འདེད་བཏང་སྟེ། ཐའེ་ཝན་གྱི་ཁེ་ལས་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་འགྲོ་བ་དང་འཕེལ་རྒྱས་ཀྱི་རྣམ་པ་གསར་པའི་ནང་འདྲེས་པར་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ཟེར།འགྲམ་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་མཉམ་འདྲེས་འཕེལ་རྒྱས་གཏིང་ཟབ་ཏུ་གཏོང་དགོས།འདི་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་གོ་མིན་ཏང་གསར་བརྗེ་ཨུ་ཡོན་ལྷན་ཁང་དང་ཐའེ་ཝན་གྱི་བྱ་བ་སྒྲུབ་མཁན་ཡོངས་ལ་བཏོན་པའི་ཐུན་མོང་གི་བླང་བྱ་ཞིག་རེད་། ཅང་སུའུ་ཞིང་ཆེན་ཐའེ་ཝན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་གཙོ། འཐུས་མི་ཙོའུ་ཀྲིན་ཆིའུ་ཡིས་བཤད་རྒྱུར། མ་འོངས་པར་ང་ཚོས་ཁྱབ་ཁོངས་མང་བ་དང་། རིགས་མང་བ། རིམ་པ་མང་བ་བཅས་ཀྱི་མཉམ་འདྲེས་འཕེལ་རྒྱས་ཀྱི་སྟེགས་བུ་བསྐྲུན་ནས་ཐའེ་ཝན་གྱི་ཚོང་པ་དང་ཐའེ་ཝན་སྤུན་ཟླ་དང་མཉམ་དུ་འཕེལ་རྒྱས་ཀྱི་གོ་སྐབས་མཉམ་སྤྱོད་དང་སེམས་བདེ་རུ་ཕབ་ནས་སྐམ་ས་ཆེན་མོར་གཞིས་ཚུགས་རྒྱུར་རོགས་རམ་བྱ་རྒྱུ་ཡིན་ཟེར།

ཧྲང་ཧའེ་གྲོང་ཁྱེར་སྤྱི་ཁྱབ་ཚོང་ཚོགས་ཀྱི་ཚོགས་གཙོ་གཞོན་པ། ལའེ་ཡུས་ཧྥིན་གྱི་སྤྱིའི་འགན་འཛིན་པ། ཨུ་ཡོན་ཡུས་རུའེ་ཧྥིན་གྱིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་གྱིས་འགྲམ་གཉིས་ཀྱི་བརྗེ་རེས་མཉམ་ལས་དང་མཉམ་འདྲེས་འཕེལ་རྒྱས་ལ་དེ་ལས་རྒྱ་ཆེ་བའི་བར་སྟོང་བཏོད་ཡོད། འགྲམ་གཉིས་ཀྱི་སྤུན་ཟླས་སེམས་ཤུགས་གཅིག་སྒྲིལ་དང་མཉམ་དུ་འཕེལ་རྒྱས་འཚོལ་ཞིབ་བྱས་ན། འཕེལ་རྒྱས་ཀྱི་འབྲས་བུ་མཉམ་དུ་ལོངས་སུ་སྤྱོད་ཐུབ་པ་དང་། འགྲམ་གཉིས་ཀྱི་དར་རྒྱས་དང་འཕེལ་རྒྱས་མཉམ་དུ་སྐྲུན་ཐུབ་ངེས་རེད་ཟེར།

འགྲམ་གཉིས་ཀྱི་རྩ་བའི་འབྱུང་ཁུངས་གཅིག་ཡིན་ལ། ཁྲག་རྒྱུན་གཅིག་ཏུ་འབྲེལ་ཡོད།

"ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་ཀྲུང་གོའི་མི་རེ་རེ་དང་འབྲེལ་བ་ཡོད་པ་དང་། འགྲམ་གཉིས་མཉམ་དུ་དར་རྒྱས་ཡོང་བ་དང་འབྲེལ་བ་ཡོད་པ་རེད།" ཐའེ་ཝན་ནས་ཡོང་བའི་ཁྲིན་པོ་ཧན་གྱིས་ཆིན་ཧྭ་སློབ་གྲྭ་ཆེན་མོའི་གློག་འཕྲུལ་བཟོ་སྐྲུན་དང་ཉེར་སྤྱོད་གློག་རྡུལ་ལག་རྩལ་ཚན་ཁག་ཏུ་འབུམ་རམས་པའི་བསླབ་གནས་ལ་བརྩོན་བཞིན་ཡོད།  ཁོས་དུས་རྒྱུན་གྱི་སློབ་སྦྱོང་འཚོ་བའི་ཁྲོད་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འབྲེལ་ཡོད་ཆ་འཕྲིན་ལ་དོ་ཁུར་ཆེན་པོ་བྱེད་བཞིན་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འགྲམ་གཉིས་ཀྱི་ཚན་རྩལ་དང་། ཞིང་ལས། མི་ཆོས། ན་གཞོན་འཕེལ་རྒྱས་སོགས་ཁྱབ་ཁོངས་ཀྱི་བརྗེ་རེས་དང་མཉམ་ལས་ལ་སྐུལ་འདེད་ཧུར་ཐག་གཏོང་དགོས་ཞེས་གསུངས་པ་དེས་ཁྲིན་པོ་ཧན་ལ་སེམས་འགུལ་ཆེན་པོ་ཐེབས་བྱུང་། ཁོས་བཤད་རྒྱུར། ང་རང་སློབ་མཐར་ཕྱིན་རྗེས། འགྲམ་གཉིས་མཉམ་འདྲེས་འཕེལ་རྒྱས་ཀྱི་འབྲེལ་ཡོད་བྱ་བའི་ནང་ཞུགས་ཏེ།སྐམ་སའི་ན་གཞོན་རྣམས་དང་མཉམ་དུ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འཕེལ་རིམ་ལ་སྐུལ་འདེད་གཏོང་ཆེད་རང་ཉིད་ཀྱི་ནུས་ཤུགས་ཡོད་རྒུ་འདོན་རྒྱུའི་རེ་བ་བྱེད་བཞིན་ཡོད་ཟེར།

ཡིག་སྒྱུར་བ།  གཡང་འབུམ་རྒྱལ། ཚེ་རིང་སྒྲོལ་མ།