ད་ལོའི་རྒྱལ་ཡོངས་ཀྱི་ཚོགས་ཆེན་གཉིས་ཀྱི་སྐབས་སུ་སྲིད་གཞུང་བྱ་བའི་སྙན་ཞུའི་ནང་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་ནས་ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། རི་སྔོ་ཆུ་དྭངས་ནི་གསེར་དངུལ་རི་ཡིན་པའི་འདུ་ཤེས་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། ཐཱནགཅོག་དང་། སྦགས་འཕྲི། ལྗང་སྐྱེད།འཕར་སྣོན་བཅས་ལ་མཐུན་སྦྱོར་ངང་སྐུལ་འདེད་བཏང་སྟེ། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་བྱེད་དགོས་ཞེས་བཏོན་ཡོད།
མཚོ་སྔོན་གྱིས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་འཛུགས་སྐྲུན་བྱེད་ཚད་ཇེ་མགྱོགས་སུ་གཏོང་བཞིན་ཡོད་པ་དང་། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་མཛེས་སྡུག་ལྡན་པའི་ཀྲུང་གོར་དམིགས་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་སྐུལ་འདེད་ཇི་ལྟར་གཏོང་རྒྱུ་དེ་མཚོ་སྔོན་ཞིང་ཆེན་གྱི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མི་དང་མཚོ་སྔོན་དུ་སྡོད་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཚོའི་གླེང་གཞི་གཙོ་བོར་གྱུར་ཡོད།
འཐུས་མི་ཞུས་ཆིང་མིང་གིས་སྲིད་གཞུང་བྱ་བའི་སྙན་ཞུའི་ནང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལས་དོན་གྱི་གྲུབ་འབྲས་གསར་བ་གཙོ་གནད་མངོན་གསལ་ཡིན་པས་ང་ཚོའི་གོམ་སྟབས་རྗེས་མའི་བྱ་བར་ཁ་ཕྱོགས་གསལ་སྟོན་བྱས་ཡོད། ཐོན་ལས་མ་ལག་ལྗང་མདོག་རིམ་སྤོར་དང་། ནུས་རྒྱུ་བསྲི་ཚགས་དང་ཐཱན་ཉུང་གཏོང་གི་མ་འཇོག་རྒྱ་ཆེར་གཏོང་བ། ཞིང་སྡེའི་མིའི་འཚོ་སྡོད་ཁོར་ཡུག་རྒྱུན་མཐུད་ངང་ཇེ་ལེགས་སུ་གཏོང་བ་སོགས་ཀྱི་ཐད་ཕྱོགས་ཡོངས་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ཧུར་བརྩོན་རང་བཞིན་སྙོམ་སྒྲིག་གང་ལེགས་བྱས་ཏེ་ཐུན་མོང་ཐོག་མཛེས་སྡུག་ལྡན་པའི་ཀྲུང་གོའི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས། ང་ཚོས་རི་སྔོ་ཆུ་དྭངས་ནི་གསེར་དངུལ་རི་ཡིན་པའི་འདུ་ཤེས་དེ་ལག་ལེན་གཏིང་ཟབ་བྱེད་པ་དང་། བཙོག་སྐྱོན་འགོག་བཅོས་ཀྱི་མཁྲེགས་གཏོར་དམག་འཐབ་མུ་མཐུད་དུ་གཏིང་ཟབ་རྒྱག་པ། བཙོག་སྐྱོན་དངོས་པོ་གསར་པ་འགོག་བཅོས་དང་སྐྱེ་དངོས་ཐོན་རྫས་ཀྱི་རིན་ཐང་མངོན་འགྱུར་བཅས་བྱས་ཏེ། ཆུ་ཚད་མཐོན་པོས་སྲུང་སྐྱོབ་བྱས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་ཉམས་གསོ་དང་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་བསྐྲུན་པའི་ལས་དོན་ལ་མུ་མཐུད་དུ་ཤུགས་སྣོན་རྒྱག་པ་དང་། སྐྱེ་ཁམས་མ་ལག་གི་ནུས་པ་སླར་གསོ་དང་སྲུང་སྐྱོབ་ཀྱི་ཕན་འབྲས་ལ་ཡུན་རིང་ཁྱོན་ཡོངས་ནས་ཕྱོགས་བསྡུས་ལྟ་ཞིབ་ཚད་ལེན་བྱེད་རྒྱུར་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་འདོན་དགོས་པའི་གྲོས་གཞི་བཏོན།
འཐུས་མི་ཅང་ཀྲི་ཀང་གིས་མཚོ་སྔོན་གྱིས་རྒྱལ་ཁབ་སྤྱི་གླིང་གི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས། གཙང་པོ་དང་མཚེའུ་ཡི་རིང་ཚད་ལམ་ལུགས་ཕྱོགས་ཡོངས་ནས་ཁྱབ་གདལ་བཏང་བས་ཆུ་དྭངས་རི་སྔོ་སྔར་ལས་མཛེས་སྡུག་ལྡན་པ་དང“ཀྲུང་ཧྭའི་ཆུ་མཛོད”བརྟན་དུ་ཕྱིན་ནས་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་སྐྱེ་ཁམས་དཔལ་ཡོན་གྱི་མཛེས་སྡུག་ལྡན་པའི་རི་མོ་ཞིག་འཆར་འགོད་བྱས་ཡོད། ང་ཚོའི་སྤོབས་པ་ཆེ་ཤོས་ཤིག་ནི་མཚོ་སྔོན་འདི་ཉིད་རྒྱལ་ཡོངས་ཀྱི་ཆུ་བོ་བཞུར་རྒྱུན་གྱི་ཆུའི་སྤུས་ཚད་ལེགས་པའི་བསྡུར་གྲངས100%ཡིན་པའི་ཞིང་ཆེན་གཅིག་པུར་གྱུར་ཡོད་། མིག་སྔར་དང་དེང་ཕྱིན་གྱི་དུས་སྐབས་ཤིག་གི་ནང་མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་བྱེད་པའི་དུས་སྐབས་གལ་ཆེན་ཞིག་ཡིན་པས། ང་ཚོས་མཛེས་སྡུག་ལྡན་པའི་ཀྲུང་གོའི་སྔོན་སྐྱོད་ཁུལ་བསྐྲུན་རྒྱུར་དམིགས་ཏེ་སྐྱེ་ཁམས་སྲུང་སྐྱོབ་ཨང་དང་པོར་འཇོག་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། ཆུ་ལ་བརྟེན་ནས་གྲོང་ཁྱེར་གཏན་འཁེལ་བྱེད་པ་དང་ཆུ་ལ་བརྟེན་ནས་ས་ཆ་གཏན་འཁེལ་བྱེད་པ། ཆུ་ལ་བརྟེན་ནས་མི་གཏན་འཁེལ་བྱེད་པ། ཆུ་ལ་བརྟེན་ནས་ཐོན་ལས་གཏན་འཁེལ་བྱེད་པ། ཆུའི་ཐོན་ཁུངས་དང་། ཆུའི་ཁོར་ཡུག ཆུའི་སྐྱེ་ཁམས་བཅོས་སྐྱོང་བཅས་གཅིག་གྱུར་བྱེད་པ་དང་། སྐྱེ་ཁམས་ཁོར་ཡུག་ཁུལ་དབྱེ་དོ་དམ་ཚོད་འཛིན་བྱེད་ཤུགས་ཆེ་རུ་བཏང་ནས། གཙང་པོ་དང་། ཆུ་བོ། མཚེའུ། ཆུ་མཛོད་གལ་ཆེན་གྱི་སྐྱེ་ཁམས་སྲུང་སྐྱོབ་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས། རི་ཆུ་ནགས་གསུམ་དང་། ས་ཞིང་། མཚེའུ། རྩྭ་ཐང་། བྱེ་མ། འཁྱགས་རོམ་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོབ་དང་རྒྱུད་རིམ་ལྡན་པའི་བཅོས་སྐྱོང་བྱེད་པར་ནུས་ཤུགས་གང་ཡོད་ཀྱིས་སྐུལ་འདེད་བཏང་སྟེ། མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་བྱེད་པར་ནུས་ཤུགས་འདོན་དགོས་ཟེར།
ཨུ་ཡོན་ཀྲུའུ་ཁྲུན་ཡུན་གྱིས་བལྟས་ན“སའི་གོ་ལའི་གླིང་སྣེ་གསུམ་པའི”ངོས་ནས་དམིགས་བསལ་གྱི་ས་ཁམས་ཚན་པ་དང་གནམ་གཤིས་ལས་མདོ་དབུས་མཐོ་སྒང་གི་དམིགས་བསལ་གྱི་སྐྱེ་ཁམས་རིག་གནས་བྱུང་བར་ངོས་འཛིན་བྱས། མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པར་རང་བྱུང་ཆ་རྐྱེན་གྱི་འཕེལ་འགྲིབ་ལ་ཞིབ་འཇུག་གཏིང་ཟབ་བྱེད་དགོས་པ་མ་ཟད། དེ་བཞིན་ས་ཁོངས་རིག་གནས་དང་མིའི་རིགས་ཀྱི་བྱེད་སྒོའི་སྐྱེ་ཁམས་རིམ་འགྱུར་ཁྲོད་ཀྱི་ནུས་པ་གལ་ཆེན་ལ་ཞིབ་འཇུག་བྱེད་དགོས་པར་འདོད། ཁོ་མོས་མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་རིག་པའི་ཞིབ་འཇུག་ལ་ཤུགས་སྣོན་བརྒྱབ་ནས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་རོགས་བྱ་རྒྱུའི་གྲོས་གཞི་བཏོན། མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་གཞི་གྲངས་ཆེན་མོའི་ལས་སྟེགས་བསྐྲུན་ནས་རི་ཆུ་ནགས་གསུམ་དང་། ཞིང་ལས། མཚེའུ། རྩྭ་ཐང་། བྱེ་མ། འཁྱགས་རོམ་སོགས་སྐྱེ་ཁམས་མ་ལག་མཐུན་སྦྱོར་རང་བཞིན་དང་སྤྱི་ཡོངས་རང་བཞིན་གྱི་ཞིབ་འཇུག་ལ་ཤུགས་སྣོན་རྒྱག་པ་དང་། མཉམ་འབྲེལ་མཁྲེགས་གཏོར་དང་ཁས་ལེན་སྣེ་འདྲེན། ཁ་གཏད་རོགས་སྐྱོར་སོགས་ཀྱི་ལམ་སྲོལ་བརྒྱུད་ནས་མཐོ་རིམ་གྱི་ཚན་ཞིབ་སྟོབས་ཤུགས་སྐུལ་སློང་བྱས་ཏེ། མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་མ་ལག་ཁག་གི་རྨང་གཞིའི་རང་བཞིན་གྱི་ཞིབ་འཇུག་དང་མ་ལག་བར་གྱི་སྤྱི་ཡོངས་རང་བཞིན་གྱི་ཞིབ་འཇུག་ལ་ཤུགས་སྣོན་རྒྱག་པ། མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་རིག་གནས་ཞིབ་འཇུག་ཁང་འཛུགས་པ་དང་གཙོ་གནད་ཚན་ཞིབ་མཁྲེགས་གཏོར་འཆར་གཞི་འཛུགས་པ་སོགས་མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་རིག་གནས་རིག་ཚན་མ་ལག་བསྐྲུན་ནས། སྐྱེ་ཁམས་དང་རིག་གནས་ལ་སྔར་ལས་ཤུགས་སྣོན་རྒྱག་པ་དང་རིག་གཞུང་དང་སྲིད་ཇུས་མཉམ་འགུལ་བྱས་ཏེ་མཐུན་སྦྱོར་གསར་གཏོད་ལ་སྐུལ་འདེད་གཏོང་དགོས་པའི་གྲོས་གཞི་བཏོན།
ཨུ་ཡོན་ཀའོ་ཆིང་པོ་ཡིས་མཚོ་སྔོན་གྱིས་ད་ལྟ་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་མྱུར་དུ་བསྐྲུན་ནས་རྒྱལ་ཁབ་སྤྱི་གླིང་གཙོས་རང་བྱུང་སྲུང་སྐྱོབ་ཁུལ་གྱི་མ་ལག་བསྐྲུན་རྒྱུར་སྐུལ་འདེད་གཏོང་བའི་ཐད་འཕེལ་རྒྱས་གསར་པ་བྱུང་ནས། རྒྱལ་ཁབ་སྤྱི་གླིང་བསྐྲུན་རྒྱུ་དེ་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ནས་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་སྔར་ལས་ཇེ་བརྟན་དུ་ཕྱིན་ཡོད། ཁོས་བལྟས་ན་རྒྱལ་ཁབ་སྤྱི་གླིང་གི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རྒྱུ་དེ་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་དང་ཁ་འབྲལ་ཐབས་མེད།རྒྱལ་ཁབ་སྤྱི་གླིང་གི་སྒྲིག་གཞིའི་ཚོད་ལྟ་དང་། གསར་གཏོད་ལས་འགན། ཚད་གཞི་མཐོ་བའི་འཛུགས་སྐྲུན་སོགས་ཀྱི་ལས་དོན་ལ་སྐུལ་འདེད་བཏང་བ་དང་བསྟུན་ནས། ལམ་ལུགས་ཀྱི་ཚད་གཞི་མུ་མཐུད་དུ་ཇེ་ལེགས་དང་འཐུས་ཚང་དུ་ཕྱིན་ནས་སྐྱེ་དངོས་སྣ་མང་རང་བཞིན་ལ་དེ་བས་བརྒྱུད་རིམ་ལྡན་པའི་ངང་སྲུང་སྐྱོབ་ཐུབ་རྒྱུའི་ངོས་འཛིན་བྱེད་བཞིན་ཡོད། སྐྱེ་ཁམས་གཙོ་བོར་འཛིན་པའི་མཚོ་སྔོན་དང་མདོ་དབུས་མཐོ་སྒང་གི་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་ལ་གཞི་ཚུགས་ནས་རྒྱལ་ཁབ་ཀྱི་འཐབ་ཇུས་ནང་ཧུར་ཐག་གིས་ཞུགས་ཏེ། སྐྱེ་ཁམས་སྲུང་སྐྱོབ་ཨང་དང་པོར་འཇོག་རྒྱུ་རྒྱུན་འཁྱོངས་ཀྱིས་རྒྱལ་ཁབ་སྤྱི་གླིང་གི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་བཏང་བ་དང་། སྐྱེ་དངོས་སྣ་མང་རང་བཞིན་གྱི་ས་གནས་དེ་རང་གི་སྲུང་སྐྱོབ་མ་ལག་རྒྱུན་མི་ཆད་པར་འཐུས་ཚང་དུ་གཏོང་བའི་རྨང་གཞིའི་སྟེང་ས་ཆ་སྤོ་སྒྱུར་གྱི་སྲུང་སྐྱོབ་མ་ལག་ལ་སྔར་ལས་ཤུགས་སྣོན་བརྒྱབ་སྟེ། སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་མ་ལག་འཐུས་ཚང་དུ་གཏོང་དགོས་པར་འདོད།
ཡིག་སྒྱུར་བ། དངོས་སྦྱོང་སློབ་མ་ཆོས་དགའ་དབང་ཕྱུག།