ལྗང་མདོག་གི་རི་ཆུ་དེ་ནམ་ཡང་མཚོ་སྔོན་གྱི་དགེ་མཚན་དང་སྤོབས་པ་རུ་འགྱུར་བར་བྱེད་དགོས།
2024.03.18 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 0

གནས་འདི་ནི་མདོ་དབུས་མཐོ་སྒང་གི་ལྟེ་བ་དང་མཚོ་སྔོན་ཞིང་ཆེན་གྱི་ལྷོ་རྒྱུད་ཡིན། འཁྱགས་རོམ་དང་མཐོ་སྒང་རྫ་རིའི་ཁྲོད་ནས་འབབ་པའི་འབྲི་ཆུ་དང་རྨ་ཆུ། རྫ་ཆུ་བཅས་མཉམ་དུ་འདྲེས་ནས་ཤར་ཕྱོགས་སུ་བཞུར་གྱིན་ཡོད། འདི་ནི“ཀྲུང་ཧྭའི་ཆུ་མཛོད”ཡིན་ལ་རང་རྒྱལ་དང་ཐ་ན་ཨེ་ཤ་ཡའི་སྐྱེ་ཁམས་བདེ་འཇགས་ཀྱི་སྲུང་ཡོལ་དང་ཆུ་ཁུངས་གལ་ཆེན་ཞིག་ཡིན་པ་དང་།“སའི་གོ་ལའི་སྣེ་གསུམ་པར”ཀྲོང་ངེར་འགྱིང་བའི་སྲུང་ཡོལ་གལ་ཆེན་ཞིག་ཡིན་པས་གནས་འདི་ལ་གཞན་གྱིས་ཚབ་བྱེད་ཐབས་བྲལ་བའི་སྐྱེ་ཁམས་འཐབ་ཇུས་ཀྱི་གོ་གནས་ལྡན།

ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བར་ཐོག་མཐའ་བར་གསུམ་དུ་ཚད་མཐོན་པོས་མཐོང་ཆེན་གནང་བ་དང་མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་ཐུགས་ལ་བཅངས་ནས། 2016ལོ་དང2021ལོར་སོ་སོར་ཐེངས་གཉིས་ལ་མཚོ་སྔོན་དུ་གཟིགས་ཞིབ་ཏུ་ཕེབས་པ་དང་། རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་མཚོ་སྔོན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ཁྲོད་ཐེངས་གཉིས་ལ་ཞུགས་པར་མ་ཟད་གསུང་བཤད་གལ་ཆེན་གནང་ཞིང་།   མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་རབ་དང་རིམ་པ་གནང་ནས། “མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཡག་པོ་བྱེད་རྒྱུ་ནི‘རྒྱལ་དོན་གྱི་ཆེ་ཕྱོགས’”ཡིན་པ་ནན་གྱིས་བསྟན།

མཚོ་སྔོན་གྱི་ཆེས་ཆེ་བའི་རིན་ཐང་དེ་སྐྱེ་ཁམས་ཡིན་པ་དང་མཚོ་སྔོན་གྱི་ཆེས་ཆེ་བའི་འགན་འཁྲི་དེ་སྐྱེ་ཁམས་ཡིན་ལ། མཚོ་སྔོན་གྱི་ཆེས་ཆེ་བའི་སྦས་ཤུགས་དེ་སྐྱེ་ཁམས་ཡིན་པས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་སྐུལ་འདེད་ཏན་ཏིག་བཏང་ནས། སྔོ་ལྗང་རི་ཆུ་ནི་ནམ་ཡང་མཚོ་སྔོན་གྱི་དགེ་མཚན་དང་སྤོབས་པ་རུ་འགྱུར་བར་བྱེད་དགོས་ཞེས་པ་དེ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་གནང་བའི་མངགས་བཅོལ་ཟབ་མོ་ཞིག་རེད།

མངགས་བཅོལ་ཡིད་ལ་བརྟན་པོར་ངེས་པར་བྱས་ཏེ་དྲིན་ཚོར་ངང་ཡར་རྒྱས་ལ་བརྩོན་དགོས། མཚོ་སྔོན་གྱིས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་མཛུབ་སྟོན་དུ་འཛིན་པ་རྒྱུན་འཁྱོངས་བྱེད་པ་དང་། སྐྱེ་ཁམས་དམིགས་སུ་འཛིན་པ་དང་ལྗང་མདོག་འཕེལ་རྒྱས་གཏོང་རྒྱུ་དེ་སྔར་ལས་མངོན་གསལ་གྱི་གནས་བབ་སྟེང་འཇོག་པ། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་མྱུར་དུ་བསྐྲུན་པ་དང་ཞིབ་ཕྲའི་སྒོ་ནས་ལག་ཏུ་བསྟར་ཐུབ་པའི་འཐབ་ཇུས་རང་བཞིན་གྱི་བྱེད་ཐབས་ལ་ཞིབ་འཇུག་དང་གཏན་འབེབས་བྱས་ཏེ། འགག་རྩའི་རང་བཞིན་གྱི་བཅོས་བསྒྱུར་ཁག་མང་པོར་སྐུལ་འདེད་ཏན་ཏིག་གཏོང་བ་དང་། འདེགས་སྐྱོར་རང་བཞིན་གྱི་བཟོ་འགོད་ཁག་ཅིག་ཤུགས་ཆེན་པོས་ལག་བསྟར་བྱས་ནས་མ་ལག་རང་བཞིན་ལྡན་པའི་བཅོས་སྐྱོང་དང་། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་དེང་རབས་ཅན་ཧུར་ཐག་གིས་བསྐྲུན་དགོས།

སྐྱེ་ཁམས་ནི་ཐོན་ཁུངས་དང་སྐྱེ་ཁམས་ནི་ཐོན་སྐྱེད་ནུས་ཤུགས་ཡིན་ལ། སྔོ་ལྗང་གི་རི་ཆུ་ནི་གསེར་རི་དངུལ་རི་ཡིན། ལྗང་མདོག་སྲུང་སྐྱོབ་དང་ལྗང་མདོག་དྲིལ་སྒྲོག ལྗང་མདོག་ལ་བརྟེན་པ་བཅས་ཀྱི་གསོན་ཉམས་ལྡན་པའི་ལག་ལེན་ཁྲོད། མཚོ་སྔོན་གྱིས་འཛམ་གླིང་སྐྱེ་བོ་ཀུན་ལ་མཛེས་སྡུག་སྔར་ལས་མང་པོ་འབུལ་རྒྱུ་ཡིན་ལ། འཚོ་གནས་ཀྱི་ཁོར་ཡུག་ལེགས་པོ་སྔར་ལས་མང་པོ་ཞིག་ས་གཞི་འདིའི་སྟེང་སྐྱེ་འཕེལ་དང་འཚོ་གནས་བྱེད་ཀྱིན་པའི་སྲོག་ལྡན་ཡོད་དོ་ཅོག་ལ་བཞག་ནས། མཐོ་སྒང་གི་ས་གཞི་ཆེན་མོ་འདིའི་ག་ས་གང་དུ་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཡོང་བའི་མཛེས་སྡུག་གི་རི་མོ་ཞིག་འབྲི་བཞིན་ཡོད།

མགོ་ཁུངས་ཀྱི་འགན་འཁྲི་ཁུར་ནས་དྭངས་གཙང་གི་ཆུ་བོ་ཤར་དུ་རྒྱུ་བར་འགན་ལེན་བྱེད་དགོས།

ཆུ་ནི་ཚེ་སྲོག་གི་འབྱུང་ཁུངས་ཡིན་ལ། ཆུའི་གསོ་བཅུད་ལ་བརྟེན་ནས་ས་གཤིས་སྔར་ལས་གཤིན་པོ་དང་ཚེ་སྲོག་ཀྱང་སྔར་ལས་མཛེས་སྡུག་ལྡན་པར་འགྱུར།

སྐྱེ་ཁམས་བདེ་འཇགས་ལ་སྲུང་སྐྱོང་དང་རྨ་འབྲི་རྫ་གསུམ་མགོ་ཁུངས་སྲུང་སྐྱོབ་བྱེད་པ། “ཀྲུང་ཧྭའི་ཆུ་མཛོད”ལ་སྲུང་སྐྱོབ་བྱེད་པ་བཅས་ཀྱི་འགན་འཁྲི་གལ་ཆེན་ཁུར་བའི་མཚོ་སྔོན་ལ་མཚོན་ན། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་དང་མི་རིགས་རྒྱུན་མཐུད་འཕེལ་རྒྱས་ཀྱི་འགན་འཁྲི་ལྗིད་མོ་ཡོད་པས། ངེས་པར་དུ་འགན་འཁྲི་ཡག་པོ་འཁུར་བ་དང་འོས་འགན་ལེགས་པོར་སྒྲུབ་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཡག་པོ་བྱས་ཏེ། “དྭངས་གཙང་ཆུ་བོ་ཤར་དུ་རྒྱུ་བར”འགན་ལེན་བྱེད་དགོས།

མཚོ་སྔོན་གྱིས“ཆེ་ཤོས་གསུམ”གྱི་ཞིང་ཆེན་གྱི་གནས་ཚུལ་ངེས་གནས་དང“དེ་བས་གལ་ཆེན་གསུམ”གྱི་འཐབ་ཇུས་ཡང་དག་པར་ཁོང་དུ་ཆུད་པར་བྱས་ཏེ།  ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ནས། ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་པ་དང་ཚང་འཛོམས་གྲོས་ཚོགས་རིམ་བྱུང་གི་བཀོད་སྒྲིག་ལྟར་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པའི་བྱ་སྤྱོད་ཇུས་གཞི་དང་སྤྱིའི་འཆར་འགོད་བླང་བྱ་ལྟར་སྲིད་ཇུས་ལག་བསྟར་དང་གནད་འཁེལ་ཤུགས་འདོན་བཅས་བྱས་ཏེ། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པའི་ལག་ལེན་གྱི་མཐོ་ས་བསྐྲུན་རྒྱུ་སྤྱི་འདོམས་སུ་བྱས་ཏེ།  སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་གྱི་མཐོ་ས་དང་ལྗང་མདོག་འཕེལ་རྒྱས་ཀྱི་མཐོ་ས་གསར་པ། རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན་གྱི་མཐོ་ས་གསར་པ་སོགས་“མཐོ་ས་བདུན” ཁྱོན་ཡོངས་ནས་ཁྱབ་གདལ་དུ་བཏང་སྟེ།  རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་ནུས་ལྡན་ངང་བསྐྲུན་ནས་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས།

                                                      ཡིག་སྒྱུར་བ། གཡང་འབུམ་རྒྱལ།