ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཐིན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གྱིས་སྐྱེ་ཁམས་ཁོར་ཡུག་ཁུལ་དབྱེ་དོ་དམ་ཚོད་འཛིན་ལ་ཤུགས་སྣོན་བྱེད་པའི་སྐོར་གྱི་བསམ་འཆར་བཏོན།
2024.03.20 ཁུངས། མི་དམངས་ཉིན་རེའི་ཚགས་པར། ཀློག་གྲངས། 2

ཉེ་ལམ། ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཐིན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གྱིས་སྐྱེ་ཁམས་ཁོར་ཡུག་ཁུལ་དབྱེ་དོ་དམ་ཚོད་འཛིན་ལ་ཤུགས་སྣོན་བྱེད་པའི་སྐོར་གྱི་བསམ་འཆར་བཏོན།

《བསམ་འཆར》ནང་བསྟན་དོན།   སྐྱེ་ཁམས་ཁོར་ཡུག་ཁུལ་དབྱེ་དོ་དམ་ཚོད་འཛིན་བྱེད་པ་ནི། སྐྱེ་ཁམས་ཀྱི་ནུས་པ་འགན་ལེན་དང་ཁོར་ཡུག་གི་སྤུས་ཚད་ཇེ་ལེགས་སུ་གཏོང་བ་དམིགས་འབེན་དུ་བཟུང་ནས་ས་ཁོངས་དབྱེ་བ་དང་། ཧེ་བག་ཅན། དོ་དམ་ཚོད་འཛིན་གནད་སྨིན་བཅས་ལག་བསྟར་བྱེད་པའི་ཁོར་ཡུག་དོ་དམ་གྱི་ལམ་ལུགས་ཤིག་ཡིན་ལ། སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་དེང་རབས་ཅན་གྱི་ཆུ་ཚད་ཇེ་མཐོར་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཀྱང་ཡིན་པས། སྐྱེ་ཁམས་ཁོར་ཡུག་ཁུལ་དབྱེ་དོ་དམ་ཚོད་འཛིན་ལག་བསྟར་བྱས་ཏེ་སྐྱེ་ཁམས་སྲུང་སྐྱོབ་ཀྱི་མཐའ་ཚད་དང་།  ཁོར་ཡུག་སྤུས་ཚད་ཀྱི་མཐའ་ཚད། ཐོན་ཁུངས་བེད་སྤྱོད་ཀྱི་བྱེད་ཐབས་བཅས་བརྟན་སྲུང་བྱེད་པ་དང་། གསར་སྤེལ་དང་སྲུང་སྐྱོབ། འཛུགས་སྐྲུན་བཅས་ཀྱི་བྱེད་སྒོ་སྣ་ཚོགས་ལ་ཚན་རིག་དང་མཐུན་པར་མཛུབ་སྟོན་བྱེད་པ།  སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་དེང་རབས་ཅན་འཛུགས་སྐྲུན་བྱེད་པ་བཅས་ལ་དོན་སྙིང་གལ་ཆེན་ལྡན།

《བསམ་འཆར》ནང་བསྟན་དོན།  སྐྱེ་ཁམས་ཁོར་ཡུག་ཁུལ་དབྱེ་དོ་དམ་ཚོད་འཛིན་ལ་ཤུགས་སྣོན་བྱེད་པར་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དང་། ལྷག་པར་དུ་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་མཛུབ་སྟོན་དུ་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལག་བསྟར་གཏིང་ཟབ་དང་། རྒྱལ་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཚོགས་ཆེན་གྱི་བཀོད་སྒྲིག་དོན་འཁྱོལ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་མགྱོགས་མྱུར་ངང་བསྐྲུན་པ།  ཐཱན་ཉུང་དང་། སྦགས་བཙོག་ཉུང་གཏོང་། ལྗང་མདོག་རྒྱ་སྐྱེད། འཕར་སྣོན་བཅས་ལ་མཐུན་སྦྱོར་ངང་སྐུལ་འདེད་གཏོང་བ། རང་བྱུང་གི་ཆོས་ཉིད་དང་ས་ཁོངས་ཀྱི་ཧེ་བག་ལ་བརྩི་འཇོག་གང་ལེགས་བྱེད་པ།   བྱེད་ནུས་ཁུལ་གཙོ་བོའི་ཐབས་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ། རྒྱལ་ཁབ་ས་ཆའི་བར་སྟོང་འཆར་འགོད་དང་བེད་སྤྱོད་དོ་དམ་བྱེད་པའི་ལམ་ལུགས་དང་འབྲེལ་མཐུད་ལེགས་པོ་བྱེད་པ། ཆུ་ཚད་མཐོ་བའི་སྲུང་སྐྱོབ་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ།  སྤུས་ཀ་ལེགས་པའི་འཚོ་བ་གཏོད་པ་བཅས་བྱས་ཏེ། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་མཛེས་སྡུག་ལྡན་པའི་ཀྲུང་གོ་ཧུར་ཐག་གིས་འཛུགས་སྐྲུན་བྱེད་དགོས།

《བསམ་འཆར》ནང་བསྟན་དོན། སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། འབྱུང་རྩ་ནས་སྔོན་འགོག་དང་བརྒྱུད་རིམ་ལྡན་པའི་སྒོ་ནས་སྲུང་སྐྱོབ། གནད་ལ་འཁེལ་ཞིང་ཚན་རིག་དང་མཐུན་པ་དང་ཁྲིམས་ལྟར་དོ་དམ་དང་ཚོད་འཛིན་བྱེད་པ། འགན་འཁྲི་ཁ་གསལ་དང་མཐུན་སྦྱོར་མཉམ་འགུལ་བཅས་བྱེད་དགོས།

2025ལོའི་བར།  སྐྱེ་ཁམས་ཁོར་ཡུག་ཁུལ་དབྱེ་དོ་དམ་ཚོད་འཛིན་ལམ་ལུགས་གཞི་རྩའི་ཆ་ནས་བཙུགས་ཏེ། ས་ཁོངས་ཡོངས་ལ་ཁྱབ་ཅིང་གནད་འཁེལ་དང་ཚན་རིག་དང་མཐུན་པའི་སྐྱེ་ཁམས་ཁོར་ཡུག་ཁུལ་དབྱེ་དོ་དམ་ཚོད་འཛིན་མ་ལག་རགས་ཙམ་ཆགས་པར་བྱེད་དགོས།  2035ལོའི་བར།  མ་ལག་འཐུས་ཚང་དང་རྐྱེན་སྲོལ་བཟང་བ། འཁོར་སྐྱོད་ནུས་ལྡན་བཅས་ཀྱི་སྐྱེ་ཁམས་ཁོར་ཡུག་ཁུལ་དབྱེ་དོ་དམ་ཚོད་འཛིན་ལམ་ལུགས་ཕྱོགས་ཡོངས་ནས་བཙུགས་ཏེ། སྐྱེ་ཁམས་ཁོར་ཡུག་རྩ་བའི་ཆ་ནས་ཇེ་ལེགས་སུ་འགྲོ་བ་དང་མཛེས་སྡུག་ལྡན་པའི་ཀྲུང་གོའི་དམིགས་འབེན་གཞི་རྩའི་ཆ་ནས་མངོན་འགྱུར་བྱེད་པར་འདེགས་སྐྱོར་ནུས་ལྡན་བྱེད་དགོས།

《བསམ་འཆར》ནང་བསྟན་དོན།    སྐྱེ་ཁམས་ཁོར་ཡུག་ཁུལ་དབྱེ་དོ་དམ་ཚོད་འཛིན་གྱི་ཇུས་གཞི་བཟོ་བ་དང་བྱེད་ནུས་ཁུལ་གཙོ་བོའི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱས་ནས། 《རྒྱལ་ཡོངས་ཀྱི་རྒྱལ་ཁབ་ས་ཆའི་བར་སྟོང་འཆར་འགོད་རྩ་གནད(2021ལོ་ནས2035ལོ་བར)》ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་དགོས།

སྐྱེ་ཁམས་ཁོར་ཡུག་དོ་དམ་ཚོད་འཛིན་གྱི་ནང་དོན་གཏན་འཁེལ་བྱེད་དགོས། སྐྱེ་ཁམས་ཁོར་ཡུག་གི་གྲུབ་ཆ་དང་། ནུས་པ། སྤུས་ཚད་སོགས་ས་ཁོངས་ཀྱི་ཁྱད་ཆོས་གཞིར་བཟུང་ནས།  ཁོར་ཡུག་ལ་གདེང་འཇོག་བྱས་ཏེ་རླུང་ཁམས་ཆེན་པོ་དང་། ཆུ། ས་རྒྱུ། སྐྱེ་ཁམས།  རྒྱ་མཚོ་སོགས་སྐྱེ་ཁམས་ཁོར་ཡུག་གི་རྒྱུ་རྐྱེན་སྣ་ཚོགས་དོ་དམ་ཁུལ་དབྱེའི་རྨང་གཞིའི་ཐོག“བར་སྟོང་གསུམ་དང་དམར་ཐིག་གསུམ”འབྱེད་པའི་གྲུབ་འབྲས་དོན་འཁྱོལ་བྱེད་དགོས།

སྐྱེ་ཁམས་ཁོར་ཡུག་གི་འཇུག་འཐུས་གསལ་ཐོ་བཟོ་དགོས། ཁྲོམ་རར་འཇུག་འཐུས་ཀྱི་བཀག་རྒྱ་གསལ་ཐོ་དོན་འཁྱོལ་བྱས་ནས།  སྐྱེ་ཁམས་ཁོར་ཡུག་གི་ནུས་པའི་ངེས་གནས་དང་རྒྱལ་ཁབ་ས་ཆའི་བར་སྟོང་བེད་སྤྱོད་དོ་དམ་བྱེད་པའི་ལམ་ལུགས་ཀྱི་བླང་བྱར་དམིགས་པ་དང་སྐྱེ་ཁམས་ཁོར་ཡུག་གི་འབུར་ཐོན་གནད་དོན་ཐག་གཅོད་བྱེད་པར་དམིགས་ཏེ། ད་ཡོད་སྐྱེ་ཁམས་ཁོར་ཡུག་དོ་དམ་གྱི་གཏན་འབེབས་ཞིབ་ཚགས་གཅིག་སྡུད་དང་ཧེ་བག་ཅན་གྱི་སྐྱེ་ཁམས་ཁོར་ཡུག་འཇུག་འཐུས་ཀྱི་གསལ་ཐོ་གནད་འཁེལ་ཡོང་བ་བཅས་བྱས་ཏེ། སྦགས་བཙོག་དངོས་པོ་ཕྱིར་འབུད་དོ་དམ་ཚོད་འཛིན་དང་། ཁོར་ཡུག་གི་ཉེན་ཁ་འགོག་ཟོན། ཐོན་ཁུངས་དང་ནུས་རྒྱུ་སྤྱོད་པའི་ལས་ཕྱོད་ཆེ་རུ་གཏོང་བ་སོགས་ཀྱི་བླང་བྱ་འདོན་དགོས།

སྐྱེ་ཁམས་ཁོར་ཡུག་ཁུལ་དབྱེ་དོ་དམ་ཚོད་འཛིན་ཆ་འཕྲིན་མཉམ་སྤྱོད་ལ་ཤུགས་སྣོན་བྱེད་དགོས། རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་སྐྱེ་ཁམས་ཁོར་ཡུག་ཁུལ་དབྱེ་དོ་དམ་ཚོད་འཛིན་མ་ལག་དང་ལས་སྒོའི་མ་ལག་གཞན་དག་བར་ཆ་འཕྲིན་མཉམ་སྤྱོད་དང་ལས་སྒོ་མཉམ་སྒྲུབ་ལ་སྐུལ་འདེད་གཏོང་བ་དང་།  གཞི་གྲངས་དོ་དམ་དང་།  ལེགས་སྒྲིག་གསར་སྒྱུར། ལག་བསྟར་བེད་སྤྱོད། རྗེས་བསྙེགས་ཚོད་སྐོར། ལྟ་སྐུལ་དོ་དམ་བཅས་ཀྱི་འདེགས་སྐྱོར་ནུས་པ་ཆེ་རུ་གཏོང་དགོས།

སྤྱི་འདོམས་དང་དུས་བཀག་ལྟར་ལེགས་སྒྲིག་དང་འགུལ་རྣམ་གསར་སྒྱུར་བྱེད་དགོས། སྐྱེ་ཁམས་ཁོར་ཡུག་ཁུལ་དབྱེ་དོ་དམ་ཚོད་འཛིན་ཇུས་གཞིའི་རྩ་དོན་ཐོག་བརྟན་བརླིང་ཡོང་བ་བྱས་ནས།  ལོ5རེར་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་འགོད་དང་རྒྱལ་ཁབ་ས་ཆའི་བར་སྟོང་འཆར་འགོད་ཚོད་སྐོར་གནས་ཚུལ་དང་ཟུང་འབྲེལ་བྱས་ནས་དུས་བཀག་ལྟར་ལེགས་སྒྲིག་བྱེད་དགོས།

《བསམ་འཆར》ནང་བསྟན་དོན། རྒྱལ་ཁབ་ཀྱི་འཐབ་ཇུས་གལ་ཆེན་ལ་ཞབས་འདེགས་ཞུ་དགོས། སྐྱེ་ཁམས་ཁོར་ཡུག་ཁུལ་དབྱེ་དོ་དམ་ཚོད་འཛིན་བྱས་ཏེ།  སྤྱི་ཡོངས་རང་བཞིན་གྱི་སྲུང་སྐྱོབ་དང་མ་ལག་རང་བཞིན་གྱི་བཅོས་སྐྱོང་ལ་ཤུགས་སྣོན་བྱེད་པ་དང་། ཐོན་སྐྱེད་ནུས་ཤུགས་ཀྱི་བཀོད་པ་གལ་ཆེན་ལེགས་སྒྲིག་བྱེད་པར་འདེགས་སྐྱོར། རྒྱལ་ཁབ་ཀྱི་རྨང་གཞིའི་སྒྲིག་བཀོད་གལ་ཆེན་འཛུགས་སྐྲུན་ལ་ཞབས་འདེགས་ཞུ་བ་བཅས་བྱས་ཏེ། རྒྱལ་ཁབ་ཀྱི་འཐབ་ཇུས་གལ་ཆེན་ལག་བསྟར་འགན་ལེན་བྱེད་དགོས།

ལྗང་མདོག་ཐཱན་ཉུང་གི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། རྒྱལ་ཁབ་ཀྱི་ནུས་ཁུངས་ཟད་གྲོན་ཆེ་བ་དང་། བཙོག་འབུད་མང་བ།  ཆུ་ཚད་དམའ་བ་བཅས་ཀྱི་ལས་གཞི་དོ་དམ་གྱི་འབྲེལ་ཡོད་ལམ་ལུགས་དང་སྲིད་ཇུས་ཀྱི་བླང་བྱ་དོན་འཁྱོལ་བྱས་ཏེ། གཙོ་གནད་ལས་རིགས་ཁོར་ཡུག་གི་ཤོང་ཚད་ཆེ་བ་དང་། ཁྲོམ་རའི་དགོས་མཁོ་ཆེ་བ། ཁྲོམ་རའི་འགན་སྲུང་གི་ཆ་རྐྱེན་ལེགས་པ་བཅས་ཀྱི་ས་ཁུལ་དུ་ཚན་རིག་དང་མཐུན་པའི་སྒོ་ནས་བཀོད་སྒྲིག་དང་གོ་རིམ་ལྡན་པའི་སྒོ་ནས་གཞན་སྒྱུར་བྱེད་པར་ཁྲིད་སྟོན་བྱེད་དགོས།

ཕྱོགས་བསྡུས་ཐབས་ཇུས་ལ་འདེགས་སྐྱོར་བྱེད་དགོས། སྐྱེ་ཁམས་ཁོར་ཡུག་ཁུལ་དབྱེ་དོ་དམ་ཚོད་འཛིན་གྱི་གྲུབ་འབྲས་བེད་སྤྱོད་ལ་ཤུགས་སྣོན་བྱས་ཏེ་ས་གནས་ཏང་ཨུ་དང་སྲིད་གཞུང་ལ་ཐབས་ཇུས་འདེགས་སྐྱོར་མཁོ་འདོན་བྱེད་དགོས། སྐྱེ་ཁམས་ཁོར་ཡུག་ཁུལ་དབྱེ་དོ་དམ་ལག་བསྟར་གྱི་ཕན་འབྲས་ཚོད་སྐོར་དེ་ཁོར་ཡུག་གི་ཤུགས་རྐྱེན་ལེགས་སྒྲིག་དང་། གདེང་འཇོག  དོ་དམ་བཅས་བྱེད་པའི་གཞི་འཛིན་ས་གལ་ཆེན་ཞིག་ཏུ་བརྩི་དགོས།

《བསམ་འཆར》ནང་བསྟན་དོན། སྐྱེ་ཁམས་ཁོར་ཡུག་གི་ཆུ་ཚད་མཐོ་བའི་སྲུང་སྐྱོབ་བྱེད་ཐབས་ལག་བསྟར་བྱེད་དགོས། སྐྱེ་ཁམས་བདེ་འཇགས་ཀྱི་རྣམ་པ་སྲུང་སྐྱོབ་བྱེད་པ་དང་སྐྱེ་ཁམས་སྲུང་སྐྱོབ་ཀྱི་དམར་ཐིག་ལ་དོ་དམ་ཚོད་འཛིན་བྱེད་པའི་བླང་བྱ་དོན་འཁྱོལ་ནན་མོ་བྱེད་དགོས།  སྐྱེ་ཁམས་སྲུང་སྐྱོབ་ཀྱི་དམར་ཐིག་གཙོ་གནད་དུ་བཟུང་ནས་སྐྱེ་ཁམས་མ་ལག་གི་སྤུས་ཚད་ལེགས་བཅོས་དང་སྐྱེ་ཁམས་མ་ལག་གི་བརྟན་བརླིང་རང་བཞིན་དང་ཞབས་ཞུ་ནུས་པ་ཆེ་རུ་གཏོང་དགོས།

ཁོར་ཡུག་སྤུས་ཚད་ཇེ་བཟང་དུ་འགྲོ་བར་སྐུལ་འདེད་གཏོང་དགོས། སྐྱེ་ཁམས་ཁོར་ཡུག་ཁུལ་དབྱེ་དོ་དམ་ཚོད་འཛིན་ལག་བསྟར་བྱེད་པར་ཤུགས་སྣོན་བྱས་ནས། གནད་དོན་དབྱེ་འབྱེད་དང་། གནད་འཁེལ་ཁུངས་འདེད། ཁུལ་དབྱེའི་སྲིད་ཇུས་ལག་བསྟར་བཅས་ཀྱི་བྱ་བའི་རྣམ་པ་ཆགས་པར་བྱེད་པ། སྐྱེ་ཁམས་ཁོར་ཡུག་གི་འབུར་ཐོན་གནད་དོན་ཐག་གཅོད་བྱེད་པར་སྐུལ་འདེད་གཏོང་བ། གྲུབ་ཆའི་རང་བཞིན་དང་ཡོངས་ཁྱབ་རང་བཞིན་གྱི་ཁོར་ཡུག་གི་ཉེན་ཁ་འགོག་ཟོན་བཅས་བྱས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གཤོང་ཚད་མཁོ་འདོན་དང་བར་སྟོང་རྒྱ་སྐྱེད་དགོས།

སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་སྲིད་ཇུས་མཐུན་སྦྱོར་ལ་ཤུགས་སྣོན་བྱེད་དགོས། འབྱུང་རྩ་ནས་སྔོན་འགོག་བྱེད་པའི་མ་ལག་ཁྲོད་ཀྱི་སྐྱེ་ཁམས་ཁོར་ཡུག་ཁུལ་དབྱེ་དོ་དམ་ཚོད་འཛིན་གྱི་རྨང་གཞིའི་རང་བཞིན་གྱི་ནུས་པ་འདོན་སྤེལ་བྱས་ཏེ། ཁྱབ་ཁོངས་ཡོངས་ལ་ཁྱབ་པ་དང་། སྡེ་ཁག་སྦྲེལ་ནས་མཐུན་སྦྱོར། རྒྱུ་རྐྱེན་གཙོ་བོ་མང་པོ་ཕྱོགས་བསྡུས་བཅས་ཀྱི་ཞིབ་ཚགས་ཅན་གྱི་དོ་དམ་མངོན་འགྱུར་བྱེད་དགོས། སྐྱེ་ཁམས་ཁོར་ཡུག་ཁུལ་དབྱེ་དོ་དམ་ཚོད་འཛིན་དང་རྒྱལ་ཁབ་ས་ཆའི་བར་སྟོང་འཆར་འགོད་འབྲེལ་མཐུད་ལ་ཤུགས་སྣོན་བྱེད་པ་དང་། ས་ཁོངས་མི་འདྲ་བ་གསར་སྤེལ་དང་། སྲུང་སྐྱོབ། འཛུགས་སྐྲུན་བཅས་ཀྱི་བྱེད་སྒོའི་ཁྱད་ཆོས་ལ་དམིགས་པ། སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་ལེགས་གཏོང་ལ་དམིགས་པ། སྡེ་ཁག་དབྱེ་བ་དང་ཧེ་བག་ཅན་གྱི་སྐྱེ་ཁམས་ཁོར་ཡུག་དོ་དམ་ལག་བསྟར། སྐྱེ་ཁམས་ཁོར་ཡུག་གཙོ་གཉེར་དོ་དམ་སྡེ་ཁག་དང་རང་བྱུང་ཐོན་ཁུངས་གཙོ་གཉེར་དོ་དམ་སྡེ་ཁག་གིས་དཔེ་སྟོན་ཁུལ་བདམས་ནས་ཚོད་ལྟ་བྱེད་པ་དང་། ཉམས་མྱོང་གསོག་པ། རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་བཅས་བྱས་ཏེ་སྲིད་ཇུས་ཀྱི་མཉམ་ཤུགས་ཆགས་པར་བྱེད་དགོས།

《བསམ་འཆར》ནང་བསྟན་དོན། འབྲེལ་ཡོད་སྡེ་ཁག་གིས་འགན་འཁྲི་ལས་བགོས་འབྲེལ་ཡོད་ལྟ་འདོམས་ལས་སྟེགས་ལ་བརྟེན་ནས་གཞི་གྲངས་ཆེན་མོ་དང་། སྲུང་སྐར་རྒྱང་ཚོར། མི་མེད་གནམ་གྲུ་སོགས་ལག་རྩལ་བྱེད་ཐབས་ལེགས་པོ་སྤྱད་དེ། ལྟ་སྐུལ་ཚོད་འཛིན་བྱས་ནས་ཤེས་རྟོགས་བྱུང་བའི་འབུར་ཐོན་གནད་དོན་དང་ཉེན་ཁའི་མངོན་མེད་རྐྱེན་ངན་ ཡུལ་དངོས་ནས་ཞིབ་བཤེར་དང་ཁྲིམས་ལྟར་ཞིབ་བཤེར་ཐག་གཅོད་ནན་མོ་བྱེད་དགོས།

སྐྱེ་ཁམས་ཁོར་ཡུག་ཁུལ་དབྱེ་དོ་དམ་ཚོད་འཛིན་ལག་བསྟར་གནས་ཚུལ་དེ་སྦགས་བཙོག་འགོག་བཅོས་མཁྲེགས་གཏོར་དམག་འཐབ་ཀྱི་ཕན་འབྲས་དཔྱད་ཞིབ་ཁྲོད་དུ་འཇོག་པ་དང་། དཔྱད་ཞིབ་འབྲས་བུ་ས་གནས་ཀྱི་འགོ་ཁྲིད་ཚན་ཁག་དང་འབྲེལ་ཡོད་འགོ་ཁྲིད་ལས་བྱེད་པའི་ཕྱོགས་བསྡུས་དཔྱད་ཞིབ་གདེང་འཇོག་དང་། བྱ་དགའ་ཆད་གཅོད་དང་གོ་གནས་བསྐོ་འཐེན་གྱི་དཔྱད་གཞི་གལ་ཆེན་དུ་བརྩི་དགོས། རྒྱལ་སྲིད་སྤྱི་ཁྱབ་ཁང་སྐྱེ་ཁམས་ཁོར་ཡུག་གཙོ་གཉེར་དོ་དམ་སྡེ་ཁག་གིས་འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་ལས་དོན་དོན་འཁྱོལ་བྱས་ཚུལ་ལ་རྗེས་བསྙེགས་ཤེས་རྟོགས་བྱེད་པ་དང་།   བྱ་བའི་གྲུབ་འབྲས“རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ལས་ལྷག་པའི”ལག་ལེན་གསར་སྐྲུན་གྱི་རྟེན་གཞི་འཛུགས་སྐྲུན་སོགས་ཀྱི་དཔྱད་གཞི་གལ་ཆེན་དུ་བརྩི་དགོས།

《བསམ་འཆར》ནང་བསྟན་དོན།   རྩ་འཛུགས་འགོ་ཁྲིད་ལ་ཤུགས་སྣོན་བྱེད་པ་དང་། སྡེ་ཁག་མཉམ་འགུལ་ལ་ཤུགས་སྣོན་བྱེད་པ། ཁྲིམས་སྲོལ་ཚད་གཞི་འཐུས་ཚང་དུ་གཏོང་བ། ནུས་ཤུགས་འཛུགས་སྐྲུན་ལ་ཤུགས་སྣོན་བྱེད་པ། དྲིལ་བསྒྲགས་ཐད་ཁྲིད་སྟོན་ལེགས་པོ་བཅས་བྱེད་དགོས།

ཡིག་སྒྱུར་བ། སྒྲོལ་མ་སྐྱིད།