དཔའ་ངར་ཆེན་པོས་སྔོན་ལ་མཆོངས་ཏེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ལེའུ་གསར་པ་འབྲི་དགོས།
2024.03.25 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 8

 སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧུའུ་ནན་དུ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱིས་ཁ་ཕྱོགས་གསལ་སྟོན་དང་སྟོབས་ཤུགས་གཅིག་ཏུ་སྒྲིལ་ཡོད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཉེ་ལམ་ཧུའུ་ནན་དུ་གཟིགས་ཞིབ་མཛད་སྐབས་གསུང་བཤད་གལ་ཆེན་གནང་། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས་གསུང་བཤད་ཀྱི་དགོངས་དོན་ལ་ནན་ཏན་སྒོས་སློབ་སྦྱོང་དང་གོ་བ་ཟབ་མོ་བླངས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བཟུང་ནས།  ཡིད་ཆེས་བརྟན་གཏོང་དང་དངོས་འཛིན་དངོས་སྒྲུབ།  འབད་འབུངས་ཡར་བརྩོན། གསར་འབྱེད་བརྩོན་ལེན་བཅས་བྱས་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ལེའུ་གསར་པ་འབྲི་བར་འབད་འཐབ་ལྷོད་མེད་བྱས་ཏེ། རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་རྒྱུན་ཆད་མེད་པར་མདུན་ཕྱོགས་སུ་སྐུལ་འདེད་གཏོང་དགོས་ཞེས་བསྟན།

སློབ་གསོར་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་དུ་གཏོང་བ་དང་ཚན་རྩལ་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་དུ་གཏོང་བའི་ལས་འགན་ལྕི་མོ་ཕྲག་ཏུ་ལེན་དགོས།

ཞང་ཅང་གཙང་པོའི་ཤར་འགྲམ་དང་ཁྲང་ཧྲ་གནའ་གྲོང་གི་ལྷོ་ངོས་སུ་ཡོད་པའི་ཧུའུ་ནན་དགེ་འོས་སློབ་གླིང་དང་པོར་ལང་ཚོའི་གསོན་ཤུགས་ཀྱིས་ཁེངས་ཡོད། ཧུའུ་ནན་དགེ་འོས་སློབ་གླིང་དང་པོའི་དངོས་ཁམས་དང་རྫས་འགྱུར་སློབ་གླིང་གི་སློབ་གཙོ་ཞུས་ལན་གྱིས་བཤད་རྒྱུར། ཡུལ་དངོས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལ་ཉན་རྗེས་ང་ལ་ལས་འགན་ལྕི་མོ་ཕྲག་ཐོག་ཏུ་ཡོད་པའི་ཚོར་སྣང་ཟབ་མོ་བྱུང་།  སློབ་གྲྭར་གསར་བརྗེའི་ཐོན་ཁུངས་ཕུན་སུམ་ཚོགས་པ་དང་ལོ་རྒྱུས་ཀྱི་དོན་སྙིང་ཟབ་མོ་ལྡན་པས། སློབ་ཁྲིད་ཀྱི་གོ་རིམ་ཁྲོད་ཀུན་སྤྱོད་ལ་བརྟེན་ནས་མི་སྣ་གསོ་སྐྱོང་བྱེད་པའི་རྩ་བའི་ལས་འགན་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱེད་རྒྱུ་ཡིན་ལ།  ངས་སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་བློ་ལ་བརྟན་པོར་ངེས་ནས་ཏང་གི་ཆེད་དུ་མི་སྣ་གསོ་སྐྱོང་དང་རྒྱལ་ཁབ་ཀྱི་ཆེད་དུ་ཤེས་ལྡན་མི་སྣ་སྐྱེད་སྲིང་བྱེད་པའི་འགན་འཁྲི་མི་བརྗེད་པར།  སློབ་མར་ཆེད་ལས་ཤེས་བྱ་སློབ་ཁྲིད་དང་། བསླབ་ཚན་གྱི་བསམ་བློའི་ཆབ་སྲིད་ནང་དོན་མུ་མཐུད་དུ་ལེགས་བཅོས་བྱས་ནས།  སྤྱོད་ཤེས་ལུས་མཛེས་ངལ་རྩོལ་བཅས་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་བའི་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་རྒྱུན་འཛིན་པ་སྔར་ལས་མང་པོ་སྐྱེད་སྲིང་བྱེད་རྒྱུ་ཡིན་ཟེར།

ཧུའུ་ནན་སློབ་ཆེན་ཡེ་ལུའུ་དཔེ་ཁང་གི་སློབ་མ་ལུའུ་ཞིས་མེན་གྱིས་བཤད་རྒྱུར།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང2020ལོར་ཡེ་ལུའུ་དཔེ་ཁང་དུ་ཕེབས་ནས་དགེ་སློབ་ཚོ་དང་བྱམས་བརྩེའི་ངང་སྤེལ་རེས་གནང་བ་དང་།  ཐེངས་འདིར་གཟིགས་ཞིབ་གནང་བ་དེས་མཐོ་རིམ་སློབ་གྲྭའི་སློབ་མ་ཚོར་རེ་བ་ཆེན་པོ་བཅོལ་ཡོད།  ངའི་བསམ་པར་མི་ཚེའི་དམིགས་འབེན་སྔར་ལས་ཇེ་གསལ་དུ་ཕྱིན་སོང་།   ན་གཞོན་སློབ་མ་ཚོས་སློབ་སྦྱོང་ལ་བརྩོན་འགྲུས་དང་དཔའ་མཛངས་རྟུལ་ཕོད་ཀྱིས་མདུན་དུ་སྐྱོད་པ་དང་རྒྱལ་ཁབ་ལ་དྲིན་ལན་འཇལ་བའི་དམ་བཅའ་འཇོག་དགོས། ངས་རྨང་གཞིའི་ནུས་རྩལ་དཀའ་སྤྱད་སྦྱོང་བརྡར་དང་རྒྱལ་ཁབ་ལ་དྲིན་ལན་འཇལ་བའི་འདུན་པ་བཅངས་ནས། རིག་གཞུང་གི་སྤྲོ་སེམས་རབ་ཏུ་འཁོལ་བ་དང་ལྷག་བསམ་ཟོལ་མེད་ཀྱི་སེམས་པ་ཟུང་འབྲེལ་བྱས་ཏེ། ཏང་དང་རྒྱལ་ཁབ་ཀྱི་སྐྱེད་སྲིང་དང་རེ་སྒུག་ཆུད་ཟོས་སུ་མི་གཏོང་བ་བྱེད་རྒྱུ་ཡིན་ཟེར།

པ་སི་ཧྥུའུ་ཧྲན་ཧྲན་གློག་རྫས་རྒྱུ་ཆ་ཚད་ཡོད་ཀུང་སིའི་དབུ་བཞུགས་གཉེར་སྐྱོང་དཔོན་དང་དབུ་བཞུགས་ལག་རྩལ་དཔོན་ཕིན་ཝུན་ཅེ་ཡིས་བཤད་རྒྱུར། སྐྱོད་ལམ་གསར་པའི་ཐོག་ཏང་གི་སློབ་གསོའི་བྱེད་ཕྱོགས་ཕྱོགས་ཡོངས་ནས་ལག་ལེན་མཐར་ཕྱིན་བྱས་ཏེ། སློབ་གསོར་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་དུ་གཏོང་བའི་རྨང་གཞི་སྲ་བརྟན་དུ་གཏོང་བ་དང་།  ཚན་རྩལ་གསར་སྐྲུན་གྱིས་སྣེ་ཁྲིད་བྱེད་པ་འབུར་དུ་ཐོན་པར་བྱས་ཏེ། ཆུ་ཚད་མཐོ་བའི་ཚན་རྩལ་རང་སྟོབས་རང་སྤེལ་ཡོང་བ་མགྱོགས་མྱུར་ངང་མངོན་འགྱུར་བྱེད་དགོས། ཚན་རྩལ་གསར་སྐྲུན་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ནི་ཁེ་ལས་རྒྱུན་ཆད་མེད་པར་འཚར་ལོངས་དང་སྟོབས་ཆེར་འགྲོ་བ་དང་མི་ཕམ་པའི་གནས་སུ་ལངས་ཐུབ་པའི་འགག་རྩ་ཡིན་པས།  སྤྱི་ཁྱབ་ཧྲུའུ་ཅིས་ང་ཚོར་མདུན་ལམ་ཆེན་པོ་ཡོད་ཅེས་ལྕག་སྐུལ་གནང་བ་རེད། ང་ཚོས་རྗེས་ཕྱོགས་ཀྱི་བྱ་བའི་ཁྲོད་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་བའི་ལག་ལེན་གྱི་བླང་བྱ་ཁོང་དུ་ཡག་པོ་ཆུད་པར་བྱས་ཏེ། ཞིབ་འཇུག་གསར་སྤེལ་ཐད་མ་དངུལ་གཏོང་ཤུགས་ཆེ་རུ་གཏོང་བ་དང་ལག་རྩལ་གསར་སྐྲུན་ལ་ཤུགས་སྣོན་བྱས་ནས། ཐོན་རྫས་སྔར་ལས་ལེགས་པའི་སྒོ་ནས་འཛམ་གླིང་ཕྱོགས་སུ་བསྐྱོད་དེ་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་བ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་བྱས་རྗེས་སྔར་ལས་ཆེ་བ་འཇོག་དགོས་ཟེར།

སྤྱི་ལེ་བརྒྱ་ཕྲག་གི་སར་ཡོད་པའི་ཀྲུང་གོ་ཚན་རིག་ལག་རྩལ་སློབ་ཆེན་ཆ་འཕྲིན་ཚན་རིག་ལག་རྩལ་སློབ་གླིང་གི་ཚོད་ལྟ་ཁང་དུ་དགེ་རྒན་ཆེན་མོ་ཞོ་ཕིན་གྱིས་ཚོགས་པའི་སྣེ་ཁྲིད་དེ་འབྲེལ་ཡོད་ཚོད་ལྟའི་ལས་དོན་སྤེལ་བཞིན་ཡོད། ཉེ་བའི་ལོ་ཤས་རིང་ཁོང་ཡོད་སའི་ཚོགས་པས་རིག་ནུས་བརྙན་གྲུབ་བྱེད་ཐབས་ཞིབ་འཇུག་དང་དཔྱད་ཆས་ཞིབ་བཟོ་བྱེད་པར་གཞོལ་ནས། ཤེས་ལྡན་མི་སྣ་གསོ་སྐྱོང་དང་ལག་རྩལ་གསར་སྐྲུན་དང་ཐོན་ལས་འདེགས་སྐྱོར་བཅས་གཞི་གཅིག་ཏུ་འདུས་པའི་ཐོན་སློབ་ཞིབ་སྤྱོད་ཀྱི་སྟེགས་བུ་ཞིག་ཆགས་ཡོད།     ཞོ་ཕིན་གྱིས་བཤད་རྒྱུར། རྒྱལ་ཁབ་ཀྱི་འཐབ་ཇུས་དགོས་མཁོར་དམིགས་ནས་རྒྱལ་ཁབ་ལ་རྩེར་སོན་གྱི་གསར་སྐྲུན་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་རྒྱུ་ནི་ངའི་བརྩོན་ལེན་ལྷོད་མེད་ཡིན།  ངས་སྤྱི་ཁྱབ་ཧྲུའུ་ཅིའི་བླང་བྱ་གཞིར་བཟུང་ཏེ་ཀུན་སྤྱོད་ལ་བརྟེན་ནས་མི་སྣ་གསོ་སྐྱོང་དང་ཤེས་ལྡན་མི་སྣ་སྐྱེད་སྲིང་བྱེད་པའི་ལས་འགན་ལྕི་མོ་མུ་མཐུད་དུ་ཕྲག་ཏུ་འཁུར་ནས། སློབ་གསོ་ཚན་རྩལ་གྱི་ཤེས་ལྡན་མི་སྣའི་གཞི་གཅིག་ཅན་གྱི་འཕེལ་རྒྱས་ལ་ཤུགས་སྣོན་བྱེད་པ་དང་ཆབས་ཅིག ཚན་རྩལ་གསར་སྐྲུན་གྱི་གྲུབ་འབྲས་དེ་ཐོན་ལས་སྦྲེལ་ཐག་སྟེང་སྤྱོད་པར་དོ་སྣང་བྱས་ཏེ།  ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་ཆེད་སློབ་གསོ་དང་ཚན་རྩལ་གྱི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་ཟེར།

རིག་གནས་ཀྱི་འགན་འཁྲི་གསར་པ་སྔར་ལས་ལེགས་པའི་སྒོ་ནས་འཁུར་དགོས།

དཔྱིད་ཀྱི་དཔལ་མོ་སླེབས་པ་དང་བསྟུན་ནས།  ཧུའུ་ནན་ཁྲང་ཏི་ཡོན་ཅང་གཙང་འགྲམ་དུ་གནས་པའི་ཁྲང་ཏི་གཙང་པོའི་ཁྲོམ་སྲང་དུ་ཡུལ་སྐོར་བས་ཁེངས་ཡོད།  སྣ་མང་ཕུན་སུམ་ཚོགས་པའི་ས་གནས་ཀྱི་ཁྱད་ལྡན་སྲོལ་རྒྱུན་རིག་གནས་ཀྱིས་འོད་མདངས་བཀྲ་བའི་ཀྲུང་ཧྭའི་དཔལ་ཡོན་མཉམ་དུ་གྲུབ་པར་བྱས་ཡོད་ཅེས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱིས་ཕན་ཧྲི་སྒྱུ་རྩལ་གྱི་ཤིང་བརྐོས་ཤུལ་བཞག་རྒྱུན་འཛིན་པ་ཕན་ནུན་ཧྭོས་ལ་བསམ་གཞིག་མང་པོ་བྱེད་དུ་བཅུག   ཕན་ནུན་ཧྭོས་ཀྱིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅིས་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏོང་བར་ཐུགས་ཁུར་ཧ་ཅང་ཆེན་པོ་གནང་བས། ང་ཚོ་ཤུལ་བཞག་རྒྱུན་འཛིན་པ་དེ་དག་ལ་ངར་ཤུགས་ལྡབ་འཕེལ་བྱུང་། ངས་ཤིང་བརྐོས་ལག་རྩལ་དང་རིག་གནས་མཉམ་འདྲེས་འཕེལ་རྒྱས་ལ་རྒྱུན་མཐུད་ངང་འཚོལ་ཞིབ་བྱས་ཏེ། ཧུའུ་ནན་གྱི་རི་ཆུའི་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་དང་སྲོལ་རྒྱུན་ཡུལ་སྲོལ་མཚོན་པའི་བརྩམས་ཆོས་སྔར་ལས་མང་པོ་གསར་རྩོམ་བྱས་ནས། ལོ་རྒྱུས་ཀྱི་རིག་གནས་རྩ་རྒྱུད་ཐེག་པ་དང་མི་རྣམས་ཀྱིས་དགའ་སྐྱིད་འཚོ་བར་བཅངས་པའི་རེ་སྨོན་མཚོན་པའི་ཤུལ་བཞག་ལག་རྩལ་དར་རྒྱས་གོང་འཕེལ་གཏོང་རྒྱུ་ཡིན་ཟེར།

ཧུའུ་ནན་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིན་གྱི་ཏང་ཙུའུ་ཧྲུའུ་ཅི། ཐིན་ཀྲང་ལིས་ཨའེ་ཝུའུ་ཡིས་བཤད་རྒྱུར།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཧུའུ་ནན་དུ་ཕེབས་ནས་རིག་གནས་ལ་དམིགས་བསལ་དོ་ཁུར་གནང་བ་ལས། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅིའི་རིག་གནས་ཀྱི་བརྩེ་སེམས་ཟབ་མོ་ཚོར་བྱུང་།   ང་ཚོས་ཧུའུ་ནན་གྱི་རིག་གནས་ཁྱད་ཆོས་སྔོག་འདོན་གཏིང་ཟབ་བྱས་ཏེ། སྲོལ་རྒྱུན་བཟང་པོ་དར་སྤེལ་གཏོང་བ་དང་དུས་རབས་ཀྱི་སྲོལ་གསར་དང་རྣམ་པ་གསར་པ་སྐྱེད་སྲིང་བྱས་ནས། ཧུའུ་ནན་གྱི་རིག་གནས་གསར་གཏོད་རང་བཞིན་གྱི་གཞན་སྒྱུར་དང་གསར་སྐྲུན་རང་བཞིན་གྱི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། ཀྲུང་ཧྭ་མི་རིགས་ཀྱི་དེང་རབས་དཔལ་ཡོན་འཛུགས་སྐྲུན་ཁྲོད་བྱས་རྗེས་གསར་པ་མངོན་པར་བྱེད་རྒྱུ་ཡིན་ཟེར།

རིག་གནས་ཐོན་ལས་ཀྱི་འཕར་ཚད་གསར་པ་སྔར་ལས་མང་བ་ཆགས་པ་བྱེད་པ་དང་། རིག་གནས་དང་ཡུལ་སྐོར་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་གཏོང་དགོས་པ་སོགས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཏོན་གནང་བའི་བླང་བྱ་གལ་ཆེན་གྱིས་ཧེ་ལུང་ཅང་ཞིང་ཆེན་ཧ་ཨར་པིན་གྲོང་ཁྱེར་གྱི་མགོ་གཙོ་ཀྲང་ཆིས་ཞང་ལ་བྱ་བའི་ཁ་ཕྱོགས་སྔར་ལས་ཇེ་གསལ་དུ་བཏང་ཡོད། ཀྲང་ཆིས་ཞང་གིས་བཤད་རྒྱུར། དུས་སྐབས་ཤིག་གི་རིང་ལ་ང་ཚོས་ཧ་ཨར་པིན་གྱི་སྣ་མང་རིག་གནས་མཉམ་འཛོམས་དང་ཀྲུང་གོ་དང་ཕྱི་རྒྱལ་གྱི་རིག་གནས་མཉམ་འདྲེས་ཀྱི་ཁྱད་ཆོས་སྔོག་འདོན་གཏིང་ཟབ་བྱས་ནས། རིག་གནས་ཡུལ་སྐོར་མཉམ་འདྲེས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཡོད། རྗེས་ཕྱོགས་ང་ཚོས་གྲོང་ཁྱེར་ཡོངས་ཀྱི་རིག་གནས་ཡུལ་སྐོར་ཐོན་ཁུངས་ལ་འཆར་འགོད་དང་ཁྲོམ་ར་ཅན་གྱི་བསྡུ་སྒྲིལ་བྱས་ཏེ།  ཧ་ཨར་པིན་གྱི་རིག་གནས་ཡུལ་སྐོར་ཐོན་ལས་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་འགྲོ་བའི་མིང་བྱང་སྔར་ལས་གསལ་པོ་ཡོང་བར་བྱེད་རྒྱུ་ཡིན་ཟེར།

ཅང་མ་འགོར་བའི་སྔོན་ལ།  ཧི་ནན་ཨན་དབྱང་དུ་གནས་པའི་དབྱིན་ཞིས་དངོས་མང་བཤམས་སྟོན་ཁང་གསར་པ་དངོས་སུ་སྒོ་ཕྱེས།  མིག་སྔའི་བར་ཡུལ་སྐོར་བ་ཁྲི་ཕྲག་ཁ་ཤས་གནས་དེར་ཡོང་ནས་བར་ཐག་ཉེ་ས་ནས་ལོ་རྒྱུས་ཡུན་རིང་ལྡན་པའི་ཀྲུང་ཧྭའི་དཔལ་ཡོན་ལ་མྱོང་ཚོར་བྱེད་བཞིན་ཡོད།

དབྱིན་ཞིས་དངོས་མང་བཤམས་སྟོན་ཁང་གི་རྒྱུན་ལས་མགོ་གཙོ་གཞོན་པ་ཀྲའོ་ཆིན་རུང་གིས་བཤད་རྒྱུར།  མ་འོངས་པར་ང་ཚོས་དངོས་མང་བཤམས་སྟོན་ཁང་གསར་གཏོད་བྱས་པ་བརྒྱུད་ཚོང་ལས་དཔལ་ཡོན་གྱིས་ཀྲུང་ཧྭའི་དཔལ་ཡོན་དང་ཐ་ན་མིའི་རིགས་ཀྱི་དཔལ་ཡོན་འཕེལ་རྒྱས་ལོ་རྒྱུས་ཐོག་བཟུང་བའི་གོ་གནས་དང་ནུས་པ་གལ་ཆེན་གསོན་ཉམས་ལྡན་པའི་ངང་མངོན་པར་བྱས་ཏེ། མི་རིགས་ཀྱི་རང་རྟོན་བསམ་པ་དང་གོང་བུ་འགྲིལ་ཤུགས་ཆེ་རུ་གཏོང་བ་དང་ཀྲུང་ཧྭའི་རིག་གནས་ཀྱི་ཤུགས་རྐྱེན་ཐེབས་ཤུགས་ཆེ་རུ་བཏང་ནས། རིག་གནས་ཀྱི་ལས་འགན་གསར་པ་སྔར་ལས་ལེགས་པའི་སྒོ་ནས་འཁུར་རྒྱུ་ཡིན་ཟེར།

ཀྲུང་གོའི་ཁྱད་ཆོས་ཀྱི་ཞིང་ལས་དེང་རབས་ཅན་གྱི་ལམ་བུའི་སྟེང་བརྟན་བརླིང་དང་ཏན་ཏིག་ངང་བསྐྱོད་དགོས།

དཔྱིད་འདེབས་ཀྱི་འགག་རྩའི་དུས་སྐབས་སུ་ཐོན་ཡོད་པས། ཁྲང་ཏི་གྲོང་ཁྱེར་ཏེན་ཁྲིན་ཆུས་ཞེ་ཅ་ཕུའུ་གྲོང་རྡལ་ཀང་ཀྲུང་ཕེན་སྡེ་བའི་འབྲུ་རིགས་ཐོན་སྐྱེད་མུའུ་ཁྲི་ཡི་ཕྱོགས་བསྡུས་དཔེ་སྟོན་ཁུལ་དུ་བྲེལ་འཚུབ་ཀྱི་རྣམ་པས་ཁེངས་ཡོད།

སྤྱི་ཁྱབ་ཧྲུའུ་ཅི་དང་སྤེལ་རེས་གནང་བའི་རྣམ་པ་ཕྱིར་དྲན་བྱེད་སྐབས། འབྲུ་རིགས་འདེབས་མཁན་ཁྱིམ་ཚང་ཆེན་པོ་ཏའེ་ཧུང་གིས་སེམས་འགུལ་ཐེབས་པའི་ངང་བཤད་རྒྱུར།  སྤྱི་ཁྱབ་ཧྲུའུ་ཅི་ངེད་ཚང་ལ་ཕེབས་ནས་ཞིང་འཕྲུལ་ཡོ་བྱད་དང་དཔྱིད་འདེབས་དངོས་ཟོག་གྲ་སྒྲིག་ལ་གཟིགས་ཞིབ་གནང་བ་དང་།  ཁོང་གི་བྱམས་བརྩེའི་ཐུགས་ཁུར་གྱིས་ང་ལ་དྲོད་ཁོལ་སྦྱིན་བྱུང་།  ད་ལྟ་ང་ཚོས་སོན་གསོའི་ཁ་གསབ་དང་སོན་བཟང་གི་ཁ་གསབ། རྨོ་ཞིང་སྲུང་སྐྱོབ་ཀྱི་ཁ་གསབ་བཅས་ལོངས་སུ་སྤྱོད་བཞིན་ཡོད་ལ། ཞིང་ལས་དེང་རབས་ཅན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་པ་དང་འབྲུ་རིགས་འདེབས་པའི་ངར་ཤུགས་སྔར་ལས་ཆེ་རུ་ཕྱིན་ཡོད།  ངས་སྤྱི་ཁྱབ་ཧྲུའུ་ཅིའི་བླང་བྱ་བློ་ལ་བརྟན་པོར་ངེས་ནས་ས་ཞིང་མང་པོ་འདེབས་པ་དང་ས་ཞིང་ཡག་པོ་བཏབ་ནས། ད་ལོར་ཡང་བསྐྱར་ལོ་ལེགས་ཐོབ་པར་བརྩོན་ལེན་བྱེད་རྒྱུ་ཡིན་ཟེར།

ཁྲང་ཏི་གྲོང་ཁྱེར་ཞིང་ལས་གྲོང་གསེབ་ཅུས་ཀྱི་ཅུས་ཀྲང་ཅང་ཡིས་ཆུན་གྱིས་བཤད་རྒྱུར།   རྗེས་མར་ང་ཚོས་རིན་གོང་དང་ཁ་གསབ་། ཉེན་ཚབ་སོགས་ཀྱི་ཐད་ནས་སྲིད་ཇུས་དང་བྱེད་ཐབས་ལ་ཤུགས་སྣོན་བྱས་ཏེ། ཞིང་པར་འབྲུ་རིགས་འདེབས་པར་ཡོང་སྒོ་སྐྲུན་ཐུབ་པ་དང་།  ཁེ་བཟང་རག་ཐུབ་པ་བྱེད་པ་དང་ཆབས་ཅིག  ཞིང་ལས་འཕྲུལ་ཆས་ཅན་དང་རིག་ནུས་ཅན་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་།  ཞིང་ལས་དེང་རབས་ཅན་ལ་ཚན་རྩལ་གྱི་གཤོག་ཟུང་བསྐྲུན་ཏེ།  ང་ཚོའི་འབྲས་ཁུག་ཐོག་མཐའ་བར་གསུམ་དུ་བརྟན་པོ་ཡོང་བ་བྱེད་རྒྱུ་ཡིན་ཟེར།

མཚོ་སྔོན་ཚྭ་འདམ་གཤོངས་ཚྭ་ཁ་ཚྭ་མཚེའུ་རུ་ཚྭ་འདོན་གྲུ་གཟིངས་རེ་རེ་ཡར་སྐྱོད་མར་སྐྱོད་བྱེད་བཞིན་ཡོད་པ་དང་། རྒྱང་རིང་གི་ཐོན་སྐྱེད་འཁོར་ཁང་དུ་འཕྲུལ་ཆས་ཀྱི་སྒྲ་ལྡིར་ལྡིར་དུ་གྲགས་ཡོང་།   ཅ་ལུད་ཁུག་མ་རེ་རེ་དེ་ནས་ཐོན་སྐྱེད་དང་དབོར་འདྲེན་བྱས་ཏེ།  རྨོ་འདེབས་སྐབས་སུ་ཞིང་པ་རྣམས་ལ་ཅ་ལུད་མཁོ་འདོན་བྱེད་བཞིན་ཡོད།

མཚོ་སྔོན་ཚྭ་མཚེའུ་བཟོ་ལས་མ་རྐང་ཚད་ཡོད་ཀུང་སིའི་ཚྭ་འདོན་གྲུ་གཟིངས་ཀྱི་གྲུ་དཔོན་ལེའང་ཀྲན་ཅུན་གྱིས་བཤད་རྒྱུར།   དཔྱིད་འདེབས་ལ་འགན་སྲུང་བྱེད་ཆེད། ང་ཚོས་སྔ་སྣུར་སྒོས་ཅ་ལུད་ཐོན་སྐྱེད་བྱས་ཏེ་དུས་ཐོག་ཏུ་རྒྱལ་ཡོངས་ས་གནས་ཁག་གི་དཔྱིད་འདེབས་ཀྱི་ལས་ཡུལ་དང་པོར་ཐོན་པར་འགན་ལེན་བྱེད་རྒྱུ་ཡིན། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་གཞིར་བཟུང་ནས། མུ་མཐུད་དུ་ནུས་ཤུགས་ཡོད་རྒུས་ཅ་ལུད་མཁོ་སྤྲོད་འགན་ལེན་བྱས་ཏེ་དཔྱིད་འདེབས་ལ་འདེགས་སྐྱོར་ནུས་ལྡན་བྱེད་པ་དང་། ལོ་གསར་པའི་ནང་ཐོན་འབབ་ཡག་པོ་ཡོང་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་ཟེར།

ཧུའུ་ནན་ཞིང་ཆེན་ཆུ་བེད་ཐིན་གྱི་ཐིན་ཀྲང་ལུའོ་དབྱི་ཅུན་གྱིས་བཤད་རྒྱུར།  སྤྱི་ཁྱབ་ཧྲུའུ་ཅིས་ཧུའུ་ནན་ལ་རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་སྲུང་སྐྱོང་བྱེད་པའི་ལས་འགན་ལྕི་མོ་འཁུར་དགོས་པའི་བླང་བྱ་བཏོན་ཡོད། ཆུ་བེད་ནི་ཞིང་ལས་ཀྱི་སྲོག་རྩ་ཡིན་པས་ང་ཚོས་ཆུ་ཁུངས་ནས་གསོག་འཇོག་དང་། ཆུའི་ཐོན་ཁུངས་བཀོད་སྒྲིག  དེ་མིན་ཆུ་གྲོན་ཆུང་སོགས་ཀྱི་ཐད་ཕྱོགས་བསྡུས་ཇུས་འདོན་བྱས་ཏེ། ས་ཁོངས་ནང་གི་ཆུའི་ཐོན་ཁུངས་བཀོད་གཏོང་ཇེ་ལེགས་སུ་གཏོང་བར་རྒྱུན་ཆད་མེད་པར་ཤུགས་སྣོན་བྱས་ནས། ལས་དོན་སྣ་ཚོགས་སྔར་ལས་ལེགས་པ་དང་སྔར་ལས་ཏན་ཏིག་གིས་བསྒྲུབས་ཏེ། ལོ་ཧྲིལ་པོའི་འབྲུ་རིགས་ལ་ལོ་ལེགས་ཡོང་ཆེད་ཆུ་བེད་ཀྱི་རྨང་གཞི་སྲ་བརྟན་དུ་གཏོང་རྒྱུ་ཡིན་ཟེར།

ཕྱི་ཚུལ་རིང་ལུགས་བཅོས་སྒྲིག་རྒྱུན་མཐུད་ངང་གཏིང་ཟབ་ཏུ་བཏང་ནས་གཞི་རིམ་གྱི་ཁུར་པོ་ཇེ་ཡང་དུ་གཏོང་དགོས།

ཁྲང་ཏི་གྲོང་ཁྱེར་ཏེན་ཁྲིན་ཆུས་ཞེ་ཅ་ཕུའུ་གྲོང་རྡལ་ཀང་ཀྲུང་ཕེན་སྡེ་བའི་ཏང་དང་མང་ཚོགས་ཀྱི་ཞབས་ཞུ་ལྟེ་གནས་སྒོ་འགྲམ་གྱི་ཏེན་ཁྲིན་ཆུས་གཞི་རིམ་དུ་བསྐྱོད་པའི་གྲོང་གསེབ་སྲིད་གཞུང་གི་ཞབས་ཞུའི་དོན་ཚན་གསལ་ཐོའི་འགྲེམས་པང་ཞིག་གི་ཐོག  སྡེ་བ་རིམ་པའི་བདག་སྤྲོད་དང་སྒྲུབ་མཇུག་འགྲིལ་བའི་དོན་ཚན65གསལ་པོར་བཀོད་ཡོད་པ་དང་། སྒོ་ཐོག་ཏུ་དོན་དག་གཅིག་ཐེངས་གཅིག་ལ་སྒྲུབ་པའི་མཚོན་རྟགས་དེ་བས་མངོན་གསལ་རེད།

ཀང་ཀྲུང་ཕེན་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཏོན་ཏི་ཞིས་ཀྱིས་བཤད་རྒྱུར།   སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གཞི་རིམ་བྱ་བའི་གལ་ཆེན་རང་བཞིན་དང་དཀའ་གནད་སྣ་ཚོགས་ལ་མཁྱེན་རྟོགས་ཟབ་མོ་གནང་བས།  ང་ལ་སེམས་འགུལ་ཆེན་པོ་ཐེབས་བྱུང་། ན་ནིང་ནས་བཟུང་སྡེ་བའི་སྒོ་བྱང་འགེལ་གྲངས40ཙམ་ནས12བར་ཇེ་ཉུང་དུ་ཕྱིན་པ་དང་། དཔང་ཡིག20ལྷག་སྡེ་བ་ནས་སྒྲུབ་མི་དགོས་ལ།   སྡེ་བའི་ལས་བྱེད་པའི་སྐད་འཕྲིན་ལས་དོན་ཚོགས་པ་དང་སྲིད་དོནAppསྟེང་ཐོ་འགོད་བྱེད་པའི་ལས་འགན་སོགས་ཚང་མ་ཆེས་ཆེར་ཇེ་ཉུང་དུ་ཕྱིན་ཡོད། བྱ་བའི་འདུ་ཤེས་ལ་འགྱུར་ལྡོག་བྱུང་བ་དང་སྤྱོད་ཚུལ་ལེགས་བཅོས་ཆེན་པོ་བྱུང་ནས།   སྡེ་བ་དང་ཁྱིམ་ཚང་དུ་སྐྱོད་པའི་དུས་ཚོད་སྔར་ལས་ཇེ་མང་དུ་ཕྱིན་པ་དང་མང་ཚོགས་ཀྱི་བློ་ཡིད་ཚིམ་ཚད་ཀྱང་སྔར་ལས་ཇེ་མཐོར་ཕྱིན་ཡོད་ཟེར།

ཅང་སུའུ་ཞིང་ཆེན་ནན་ཅིན་གྲོང་ཁྱེར་ཕུའུ་ཁུག་ཆུས་སུ།  མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སོགས་སྡེ་ཁག་གིས་གཞི་རིམ་གྱི་ཁུར་པོ་ཇེ་ཡང་དུ་གཏོང་བའི་བྱ་བའི་འདུ་ཤེས་ལག་བསྟར་བྱས་ཏེ། རང་འགུལ་ངང་འགན་ནུས་སྒོ་འགྲམ་དུ་སྤོར་བའི་ལས་ཞུགས་ཞབས་ཞུའི་ས་ཚིགས་བསྐྲུན་ནས།  ས་གནས་མང་ཚོགས་ཀྱི་ལས་ཞུགས་དཀའ་གནད་ཐག་གཅོད་བྱེད་པར་སྟབས་བདེ་བསྐྲུན་ཡོད།

ཕུའུ་ཁུག་ཆུས་པེ་ཧི་སྡེ་ཁུལ་གྱི་ངལ་རྩོལ་འགན་སྲུང་ལས་རོགས་པ་ལིས་ཡུང་མའེ་ཡིས་བཤད་རྒྱུར།  གཞི་རིམ་གྱི་ཁུར་པོ་ཇེ་ཡང་དུ་གཏོང་བ་དང་གཞི་རིམ་བཅོས་སྐྱོང་གི་ཕན་ནུས་ཆེ་རུ་གཏོང་བར་དམིགས་ནས། སྤྱི་ཁྱབ་ཧྲུའུ་ཅིས་བླང་བྱ་གསལ་བོ་བཏོན་ཡོད། གཞི་རིམ་གྱི་ཁུར་པོ་ཇེ་ཡང་དུ་ཕྱིན་པ་དང་དམངས་ལ་ཞབས་འདེགས་ཞུ་བའི་ངེས་གནས་སྔར་ལས་མངོན་གསལ་དུ་ཕྱིན་ཡོད།  སྔོན་ཆད་སྡེ་ཁུལ་གྱི་ལས་བྱེད་མི་སྣས་སྡོད་དམངས་ཁྲིད་དེ་གདན་ཞུའི་ཚོགས་འདུར་ཞུགས་པ་ལས་ཐབས་གཞན་མེད་པ་དང་། ལམ་ཐག་རིང་བ་དང་རྗེས་མཐུད་བརྒྱུད་རིམ་ཡང་མང་པོ་བརྒྱུད་དགོས།  ད་ལྟ་སྡོད་དམངས་ཚོས་ཁྱིམ་གྱི་སྒོ་འགྲམ་ནས་གདན་ཞུའི་ཆ་འཕྲིན་ཤེས་རྟོགས་ཐུབ་པ་མ་ཟད་ད་དུང་ཁ་རྒྱུགས་སོགས་ཀྱི་བརྒྱུད་རིམ་རབ་དང་རིམ་པ་སྒྲུབ་ཐུབ་ཀྱིན་ཡོད། ང་ཚོས་མང་ཚོགས་ཀྱི་སེམས་ཁྲལ་དང་དཀའ་ངལ། རེ་སྒུག་བཅས་ཀྱི་གནད་དོན་ལ་དམ་པོར་དམིགས་ནས། རང་འགུལ་ངང་འགན་འཁྲི་འཁུར་བ་དང་ལས་དོན་ཧུར་ཐག་གིས་བསྒྲུབས་ཏེ། སྡེ་ཁུལ་གྱི་སྡོད་དམངས་ལ་རོགས་རམ་སྔར་ལས་མང་པོ་བྱས་ནས་ཚང་མས་ཁས་ལེན་པའི་གྲུབ་འབྲས་རྒྱུན་ཆད་མེད་པར་བསྐྲུན་རྒྱུ་ཡིན་ཟེར།

ཧི་པེ་ཞིང་ཆེན་ཧིན་ཧྲོས་གྲོང་ཁྱེར་རའོ་དབྱང་རྫོང་རའོ་དབྱང་གྲོང་རྡལ་ཏོན་བུའུ་སྡེ་བར་བསྐྱོད་སྐབས།  སྡེ་བ་དང་ཁྱིམ་ཚང་དུ་བསྐྱོད་པའི་ལམ་ཁོད་སྙོམས་པ་དང་། ཁང་པའི་རྒྱབ་མདུན་གཙང་ཞིང་གྲལ་དག་པས། མི་སྡོད་ཁོར་ཡུག་བཅོས་སྒྲིག་ལས་དོན་ལ་གྲུབ་འབྲས་བཟང་བོ་ཐོབ་ཡོད།

རའོ་དབྱང་གྲོང་རྡལ་གྱི་ཏང་ཨུའི་ཧྲུའུ་ཅི་ཅིས་བིས་པེན་གྱིས་བཤད་རྒྱུར།  ཚོགས་འདུ་དང་ཡིག་ཆ་དང་ཡར་བསུ་མར་སྐྱེལ་ཇེ་ཉུང་དུ་ཕྱིན་པས། གཞི་རིམ་ལས་བྱེད་པར་སྡེ་བ་དང་ཁྱིམ་ཚང་དུ་བསྐྱོད་དེ་བརྟག་ཞིབ་བྱེད་པའི་དུས་ཚོད་སྔར་ལས་མང་པོ་ཡོད་པར་གྱུར་ནས།  ཞིང་སྡེའི་བཙོག་ཆུ་དང་།  སྤྱོད་ཁང་སོགས་བཅོས་སྐྱོང་བྱེད་པའི་གནད་དོན་དངོས་ཐག་གཅོད་པར་སྐུལ་འདེད་ནུས་ལྡན་ཐོབ་ཡོད། གོམ་སྟབས་རྗེས་མར་གཞི་རིམ་ལས་བྱེད་པར་བསམ་འཆར་ཆེ་བའི་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཀྱི་གནད་དོན་ལ་མུ་མཐུད་དུ་དམིགས་ནས་གནད་སྨིན་ཤུགས་འདོན་བྱས་ཏེ། བསམ་བློ་ཆབ་སྲིད་ཀྱི་རྨང་གཞི་སྲ་བརྟན་དུ་གཏོང་བ་དང་སྒྲིག་སྲོལ་དང་རྐྱེན་སྲོལ་འཐུས་ཚང་དུ་བཏང་ནས། གཞི་རིམ་ལས་བྱེད་པར་ལས་ཡུལ་དང་པོར་བསྐྱོད་དེ་བྱ་བ་དངོས་སྒྲུབ་པ་དང་དོན་འཁྱོལ་ལ་དམ་འཛིན་བྱེད་པའི་དུས་ཚོད་སྔར་ལས་མང་པོ་ཡོད་པར་བྱེད་རྒྱུ་ཡིན་ཟེར།

ཧུའུ་ནན་ཞིང་ཆེན་ཏང་ཨུའི་གཞུང་སྒྲུབ་ཐིན་གྱི་ཀྲུའུ་རིན་གཞོན་པ། ཧུའུ་ནན་ཞིང་ཆེན་རིམ་པའི་ངོས་ནས་ཕྱི་ཚུལ་རིང་ལུགས་བཅོས་སྒྲིག་བྱས་ཏེ་གཞི་རིམ་གྱི་ཁུར་པོ་ཇེ་ཡང་དུ་གཏོང་བའི་ཆེད་དོན་བྱ་བའི་རྐྱེན་སྲོལ་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་ཀྲིག་བིས་ལུང་གིས་བཤད་རྒྱུར།  གཞི་རིམ་གྱི་ཁུར་པོ་ཇེ་ཡང་དུ་གཏོང་བའི་ལས་དོན་ནི་ཉིན་ཞག་གཅིག་ཙམ་ཞིག་གཏན་ནས་མིན་པར་མུ་མཐུད་དུ་ཤུགས་འདོན་བྱས་ཚེ། གཞི་ནས་ཡུན་རིང་གྲུབ་འབྲས་བསྐྲུན་ཐུབ།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གཞི་རིམ་ལས་བྱེད་པར་ཐོན་ལས་འཕེལ་རྒྱས་དང་གྲོང་གསེབ་བཅོས་སྐྱོང་ཐད་ཇུས་ཤུགས་མཉམ་འདོན་བྱེད་དགོས་པའི་བླང་བྱ་བཏོན་པས།  ང་ཚོར་བློ་སྒོ་ཆེན་པོ་ཕྱེ་བྱུང་།  ཁུར་པོ་ཇེ་ཡང་དུ་གཏོང་བ་དང་ནུས་པ་སྩོལ་བ་ཞེས་པའི་འགག་རྩའི་ཚིག་གཉིས་ལ་དམིགས་ནས། སྲིད་སྐྱོང་བྱས་འབྲས་བཟོ་འགོད་དང་གཟུགས་བརྙན་བཟོ་འགོད་སོགས་ཕྱོགས9ཐད་ཀྱི་ཆེད་དོན་བཅོས་སྒྲིག་གཙོ་གནད་དུ་བཟུང་སྟེ། གཞི་རིམ་གྱི་ཁུར་པོ་ཇེ་ཡང་དུ་གཏོང་བའི་ལས་དོན་གཏིང་ཟབ་ཏུ་འགྲོ་བར་སྐུལ་འདེད་གཏོང་བ་དང་། མི་དམངས་མང་ཚོགས་ཀྱི་སྐྱིད་སྣང་སྔར་ལས་མཐོ་བ་དང་བློ་ཡིད་ཚིམ་ཚད་སྔར་ལས་མཐོ་བ་ཡོང་བར་བྱེད་རྒྱུ་ཡིན་ཟེར།

ཡིག་སྒྱུར་བ། སྒྲོལ་མ་སྐྱིད།