---"ལས་བྱེད་པས་ལས་ལ་འབད་དགོས། རིག་ལམ་གསལ་དགོས་པ། རང་གཅུན་དམ་དགོས་པའི"བླང་བྱ་ལག་བསྟར་ཟབ་མོ་བྱེད་དགོས།
མཚོ་སྔོན་ཉིན་རེའི་ཚགས་པར་ཁང་གི་དཔྱད་གཏམ་པ།
སྲིད་ཀྱི་ཆེད་དུ་གནས་ལུགས་རྒྱུན་འཁྱོངས་བྱེད་པ་དང་། བློ་སྦྱོང་རྩ་བར་འཛིན་དགོས། བློ་སྦྱོང་ནི་རང་གཅུན་གྱི་རྨང་གཞི་ཡིན་པ་དང་། ཏང་ཡོན་ལས་བྱེད་པར་ངེས་པར་དུ་འཛོམས་དགོས་པའི་གཤིས་རྒྱུད་གལ་ཆེན་ཞིག་ཡིན་ཞིང་། དེས་མི་སྒེར་གྱི་རང་གཅུན་རང་འདོམས་མངོན་པར་མཚོན་པ་མ་ཟད། མི་དམངས་ལ་ཞབས་འདེགས་ཞུ་བའི་གཞི་རྩའི་བླང་བྱ་དེ་བས་ཀྱང་མཚོན་ཡོད། ཏང་ཡོན་ལས་བྱེད་པས་རང་ངོས་ཀྱི་བློ་སྦྱོང་ལ་མུ་མཐུད་དུ་ཤུགས་སྣོན་རྒྱག་པ་དང་། རང་ངོས་ཀྱི་བྱང་ཚད་དང་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་བཏང་ཚེ། ད་གཟོད་ཏང་གི་ལས་འགན་དང་འགན་འཁྲི་དེ་ལས་ལེགས་པའི་སྒོ་ནས་བསྒྲུབ་ཐུབ།
ཏང་གཤིས་སློབ་གསོ་ནི་གུང་ཁྲན་ཏང་མིས་རང་གཅུན་བྱེད་པའི་ངེས་སྦྱོང་བསླབ་ཚན་ཞིག་ཡིན་ལ། གུང་ཁྲན་ཏང་མིའི"སེམས་སྦྱོང་"ཞིག་ཀྱང་ཡིན། ཏང་ཡོན་ལས་བྱེད་པའི་ཏང་གཤིས་བློ་སྦྱོང་དང་ཀུན་སྤྱོད་ཀྱི་ཆུ་ཚད་ནི་ཏང་ལོ་ཇེ་ཆེར་སོང་བ་དང་བསྟུན་ནས་རང་བཞིན་གྱིས་མཐོ་རུ་འགྲོ་མི་སྲིད་ལ། གོ་གནས་འཕར་བ་དང་བསྟུན་ནས་རང་བཞིན་གྱིས་མཐོ་རུ་ཡང་འགྲོ་མི་སྲིད་པར་ཏང་གཤིས་སློབ་གསོ་དང་ཏང་གཤིས་བློ་སྦྱོང་ལས་བྱུང་བ་དང་། གུང་ཁྲན་ཏང་མིས་རང་རྟོགས་ཀྱིས་ཏང་གཤིས་སྦྱོང་བརྡར་བྱེད་ཤུགས་ཆེ་རུ་བཏང་བའི་བྱས་རྗེས་ལས་བྱུང་བ་རེད། ཏང་གི་ལས་བྱེད་པའི་ངོས་ནས་བཤད་ན། ཆབ་སྲིད་ཀྱི་བློ་སྦྱོང་དང་རིགས་པའི་གཞུང་ལུགས་ཀྱི་བློ་སྦྱོང་ནི་བསམ་པའི་གཞིས་ཁྱིམ་ཀྱི་གདུང་འདེགས་ལྟ་བུ་ཡིན། དུས་རབས་གསར་པའི་ཏང་གི་གསར་སྐྲུན་གཞུང་ལུགས་ལ་མུ་མཐུད་དུ་སློབ་སྦྱོང་དང་། བསམ་གཞིགས། ལག་ལེན་བཅས་བྱེད་དགོས་ན། ཕུགས་བསམ་དང་དད་སེམས་ཇེ་བརྟན་དུ་གཏོང་བ་དང་། ཐོག་མའི་བསམ་འདུན་དང་འགན་འཁྲི་བརྟན་སྲུང་བྱེད་པ། བསམ་པའི་ཁྲག་རྒྱུན་རྒྱུན་མཐུད་བཅས་བྱས་ཏེ། གུང་ཁྲན་ཏང་མིའི"སེམས་སྦྱོང་"ཡག་པོ་བྱེད་པ་དང་། དུས་དང་རྣམ་པ་ཀུན་ཏུ་རང་སྟེང་ལ་ཞིབ་བཤེར་དང་། ཀུན་སྤྱོད་ཀྱི་གོ་རྟོགས་མཐོ་རུ་གཏོང་བ། བླ་ན་མེད་པའི་བསམ་བློ་འཚོལ་སྙེག་བྱེད་པ། "མི་འགྱུར་རྡོ་རྗེ་ཕ་ལམ་ལྟ་བུའི་ལུས་པོ"སྦྱོང་བརྡར་བྱས་ནས་ཏང་གཤིས་དེ་རང་ཚུགས་དང་། ལས་གཉེར། ཁ་བཤད་དོན་ལ་གནས་པ། ཀུན་སྤྱོད་སྐྱོང་བའི་རྨང་གཞིར་འགྱུར་དུ་འཇུག་དགོས།
ཀྲུང་ཧྭའི་སྲོལ་རྒྱུན་སྤྱོད་བཟང་བོ་མུ་མཐུད་དར་སྤེལ་གཏོང་བའི་ཁྲོད་རང་གཅུན་ནན་མོ་བྱེད་པའི་ཀུན་སྤྱོད་ལ་བརྩི་མཐོང་ཆེན་པོ་བྱེད་དགོས། ཀྲུང་ཧྭའི་སྲོལ་རྒྱུན་སྤྱོད་བཟང་ནི་ཀྲུང་ཧྭའི་རིག་གནས་ཀྱི་ཉིང་བཅུད་ཡིན་ཞིང་། དེར་བསམ་བློ་དང་ཀུན་སྤྱོད་ཀྱི་ཐོན་ཁུངས་ཕུན་སུམ་ཚོགས་པོ་འདུས་ཡོད། ཏང་ཡོན་ལས་བྱེད་པས་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཁྲོད་གོང་བུར་སྒྲིལ་བའི་མཚན་ཉིད་རིག་པའི་བསམ་བློ་དང་། མི་ཆོས་སྙིང་སྟོབས། ཀུན་སྤྱོད་འདུ་ཤེས་བཅས་བེད་སྤྱོད་མཁས་པོ་བྱས་ནས་ཡིན་མིན་གསལ་འབྱེད་དང་།་བཟང་ངན་དབྱེ་འབྱེད། སྤྱོད་གཙང་ངོ་ཚ་ཤེས་པ་བཅས་བྱ་དགོས་པ་དང་། རང་རྟོགས་ཀྱིས་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དང་། གསར་བརྗེའི་རིག་གནས། སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས་བཅས་ལ་བརྟེན་ནས་བླ་སྲོག་སྐྲུན་པ་དང་བློ་སྒོ་འབྱེད་དགོས། རང་རྟོགས་ངང་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཁྲོད་ནས་འཚོ་བཅུད་བསྡུ་ལེན་བྱེད་པ་དང་། རང་ངོས་རིན་ཐང་གི་བརྡར་ཤ་གཅོད་ནུས་དང་ཀུན་སྤྱོད་ཀྱི་འགན་འཁྲི་འཁུར་སེམས་ཆེ་རུ་བཏང་ནས་རང་ངོས་ཀྱི་ཀུན་སྤྱོད་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ་དང་ཀུན་སྤྱོད་ཀྱི་རྟོགས་པ་མཐོ་རུ་གཏོང་དགོས།
རང་གཅུན་ནན་མོ་བྱེད་དགོས་པ་དང་། "ནན་མོ"ནི་ཆབ་སྲིད་ཀྱི་གཤིས་རྒྱུད་དང་སྒྲིག་ཁྲིམས་ཀྱི་སྒྲིག་ལམ་ཡིན་ལ། "རང་གཅུན"ནི་བསམ་བློ་དང་ཀུན་སྤྱོད་ཀྱི་བློ་སྦྱོང་ཡིན། ལྕགས་བརྡུང་བར་ངེས་པར་དུ་ཐོ་བ་མཁྲེགས་པོ་ཡིན་དགོས་པའི་གནས་ལུགས་བློ་ལ་བརྟན་པོར་ངེས་པར་བྱས་ནས་ཕྱོགས་ཡོངས་ནས་ཏང་ནན་གྱིས་སྐྱོང་བ་དེ་ནམ་ཡང་ལམ་དུ་ཡོད་པའི་ཆབ་སྲིད་ཀྱི་རང་རྟོགས་ཆེ་རུ་བཏང་སྟེ། རང་གཅུན་སྤྱོད་བཟང་རྒྱུན་འཁྱོངས་དང་ཀུན་སྤྱོད་ཀྱི་རྨང་གཞི་ཇེ་བརྟན་དུ་གཏོང་དགོས། "ཁྱོན་ཡོངས་གཉིས"ཀྱི་མདུན་དུ། ཡིན་མིན་གསལ་འབྱེད་དང་དྲང་ལམ་སྲུང་ཐུབ་པ་བྱེད་དགོས། ཕྱིའི་བསླུ་བྲིད་ཀྱི་མདུན་དུ། ངེས་ཤུགས་རྒྱུན་འཁྱོངས་དང་སྒྲིག་ལམ་ནན་སྲུང་བྱེད་དགོས་པ་དང་། སེམས་ན་བསླབ་བྱ་ཡོད་པ་དང་བྱ་སྤྱོད་ལ་ཚད་བཀག་ཡོད་པ། ནན་ཏན་བྱེད་པ། གཞུང་དྲང་གི་ངལ་རྩོལ་ལ་བརྟེན་ནས་མཛེས་སྡུག་ལྡན་པའི་འཚོ་བ་གསར་གཏོད་བྱེད་དགོས།
ཞིབ་ཕྲའི་ཐད་ནས་བསམ་བློ་བཏང་སྟེ། ཀུན་སྤྱོད་བློ་སྦྱོང་ལ་ཤུགས་སྣོན་དང་རང་ངོས་ཀྱི་ངེས་ཤུགས་ཇེ་དྲག་ཏུ་གཏོང་དགོས་ལ། འབད་བརྩོན་ཆེན་པོས་སྲིད་སྐྱོང་སྤྱོད་བཟང་དང་རང་གཅུན་དྲང་གཞག་ཡོང་བ་བྱས་ཏེ། ལས་སྒྲུབ་ལས་སྐྲུན་ལ་ཧུར་བརྩོན་ཡར་སྐྱེད་ཀྱི་རྣམ་པ་བཟང་པོ་ཞིག་གཏོད་དགོས། འབད་འཐབ་ཀྱི་མི་ཚེ་ནི་ཆེས་མཛེས་པ་དང་། ཀུན་སྤྱོད་ལེགས་པོ་ནི་བྱ་གཞག་རྒྱུན་ཆད་མེད་པར་ཡར་རྒྱས་འགྲོ་བར་སྐུལ་འདེད་གཏོང་བའི་སྒུལ་ཤུགས་ཡིན་པས། རང་གཅུན་ཁྲོད་ཤེས་བྱ་འཕར་བ་དང་འགན་འཁྲིའི་འདུ་ཤེས་ཇེ་དྲག་ཏུ་བཏང་ནས་དུས་རབས་ཀྱིས་བསྩལ་བའི་ལས་འགན་ལྕི་མོ་དཔའ་ངར་ཆེན་པོས་ཕྲག་ཏུ་འཁུར་ཏེ་མི་རིགས་བསྐྱར་དར་དང་། རྒྱལ་ཁབ་སྟོབས་ལྡན། མི་དམངས་བདེ་སྐྱིད་ལྡན་པའི་འབད་འཐབ་བློ་སྤོབས་མངོན་འགྱུར་ཡོང་བར་བྱེད་དགོས།
ཀུན་སྤྱོད་གཙོ་བོར་འཛིན་པ་ལས་དངོས་པོའི་བསླུ་བྲིད་འོག་མི་ཚུད་པ་བྱེད་དགོས། "རང་གཅུན་རང་འདོམས་ནི་ནམ་ཡང་ལམ་དུ་ཡོད་པས། ཞིབ་ཕྲ་ནས་འགོ་རྩོམ་པ་དང་དོན་ཆུང་ནས་འགོ་རྩོམ་མཁས་པོ་བྱས་ཏེ། བླ་ན་མེད་པའི་མི་ཞིག་དང་། ལྷད་མེད་ཀྱི་མི་ཞིག ཀུན་སྤྱོད་བཟང་བའི་མི་ཞིག མ་རབས་ཀྱི་མི་དང་མི་འགྲོགས་པ། མི་དམངས་ལ་ཕན་པའི་མི་ཞིག་བྱེད་པར་འབད་བརྩོན་བྱས་ཏེ། ནམ་ཡང་གུས་པའི་སེམས་དང་། གཞུང་དྲང་གི་བསམ་བློས་རང་གཅུན་ནན་མོའི་ཀུན་སྤྱོད་སྦྱོང་བརྡར་བྱེད་དགོས་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་གསར་པ་ནུས་ཤུགས་ཡོད་རྒུས་རྩོམ་ཆེད་དྲང་ནུས་ཆེན་པོ་གཅིག་བསྡུས་བྱེད་དགོས།
ཡིག་སྒྱུར་བ། ཚེ་རིང་སྒྲོལ་མ།