ཁྱོན་ཡོངས་ལ་བལྟས་ནས་རྒྱང་རིང་ལ་བསམ་བློ་བཏང་སྟེ་ནུས་ཤུགས་དང་ཆུ་ཚད་མཐོ་རུ་གཏོང་དགོས།
2024.03.25 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 0

—“ལས་བྱེད་པས་ལས་ལ་འབད་དགོས། རིག་ལམ་གསལ་དགོས། རང་གཅུན་དམ་དགོས”པའི་བླང་བྱ་ནན་ཏན་སྒོས་ལག་བསྟར་བྱེད་དགོས།

ལངས་གནས་ནི་རིག་ལམ་འབྱེད་པའི་རྩ་བའི་གནས་ཚད་ཡིན།     ལངས་གནས་མཐོ་ན་མིག་རྒྱང་དེ་ཙམ་རིང་ལ་ལས་སྒྲུབ་ཀྱི་ཁ་ཕྱོགས་ཀྱང་དེ་བས་གསལ་བོ་ཡིན།     དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱ་རྒྱུ་ནི་གཟི་བརྗིད་ཆེ་ལ་དཀའ་ཚེགས་ཆེ་བའི་ལས་དོན་ཞིག་དང་། རིགས་སོ་སོའི་མི་དམངས་ལ་བདེ་སྐྱིད་བསྐྲུན་པའི་བྱ་ཐབས་གལ་ཆེན་ཞིག་ཡིན་ལ། རྒྱལ་ཡོངས་དང་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བའི་འཐབ་ཇུས་གལ་ཆེན་ཞིག་ཀྱང་ཡིན།     འབད་འཐབ་དམིགས་འབེན་འདི་སྔར་ལས་ལེགས་པའི་སྒོ་ནས་དོན་དངོས་སུ་འགྱུར་བར་བྱེད་དགོས་ན་གནད་འགག་ནི་འཕེལ་ཕྱོགས་ཆེན་པོ་དང་བསྟུན་པ་དང་།    ཁྱོན་ཡོངས་དམ་འཛིན་བྱེད་པ།    མཐོ་སར་སྙེག་ནས་རྒྱང་ལ་ལྟ་བ།    ཕུགས་རྒྱང་རིང་བོའི་ཇུས་འགོད་བྱེད་པ་བཅས་བྱས་ནས། མཚོ་སྔོན་གྱི་ཁྱད་སྟོབས་འདོན་སྤེལ་གང་ལེགས་བྱས་ཏེ་མ་འོངས་པའི་འཕེལ་རྒྱས་ཀྱི་མཐོ་ས་གཏན་འཁེལ་བྱེད་དགོས།

ཁྱོན་ཡོངས་ལ་བསམ་བློ་མ་བཏང་ན་ཕྱོགས་གཅིག་ལ་བསམ་བློ་གཏོང་མི་ཐུབ།     མིག་སྔར། རྒྱལ་ཁབ་ཀྱི་ཁྱོན་ཡོངས་ཁྲོད་མཚོ་སྔོན་གྱི་འཐབ་ཇུས་གནས་བབ་ཉིན་རེ་བཞིན་མངོན་གསལ་དུ་འགྲོ་བ་དང་། རྒྱལ་ཁབ་ཀྱི་འཐབ་ཇུས་གལ་ཆེན་གྱི་ཕན་པ་མང་པོ་གཅིག་ཏུ་འབྲེལ་ནས་ཧ་ཅང་གལ་འགངས་ཆེ་ལ་གནད་འགག་གི་འཕེལ་རྒྱས་ཀྱི་དུས་སྐབས་སུ་གནས་ཡོད།     འཕེལ་རྒྱས་ཀྱི་བསམ་ཕྱོགས་དང་།    འཕེལ་རྒྱས་ཀྱི་བསམ་ཕྱོགས་གསལ་པོ་ཡིན་མིན།   ས་གནས་འཕེལ་རྒྱས་ཀྱི་དོན་དངོས་དང་མཐུན་མི་མཐུན་བཅས་ནི་མཚོ་སྔོན་ཡུན་རིང་སྐྱོན་བྲལ་དང་རྒྱུན་མཐུད་འཕེལ་རྒྱས་རྒྱུན་འཁྱོངས་བྱེད་པའི་རྒྱུ་རྐྱེན་གལ་ཆེན་ཞིག་རེད།     གལ་ཏེ་ཁྱོན་ཡོངས་ཀྱི་ཆ་ནས་གནད་དོན་ལ་ལྟ་བ་དང་།    ཐབས་ཤེས་འཚོལ་བ།    ཐབས་ཇུས་འགོད་པ་བཅས་བྱེད་མི་ཐུབ་ཚེ།    རང་ཉིད་ཀྱི་གནས་བབ་ཁོ་ནའི་ཐོག་ནས་གནད་དོན་ལ་ལྟ་བ་ཡིན་ན།    ཐབས་ཇུས་དབྱེ་ཞིབ་ཐད་ལ་འཛོལ་སྐྱོན་འབྱུང་སྲིད་པ་དང་།    འཕེལ་རྒྱས་ཀྱི་གོ་སྐབས་བཟང་པོ་ཤོར་ནས་ས་ཁུལ་འཕེལ་རྒྱས་ཀྱི་འཕེལ་རིམ་ལ་འཐུས་ཤོར་འབྱུང་སྲིད།

ལངས་གནས་ཀྱི་ཁྱོན་ཡོངས་ནི་སྐད་ཆ་སྟོང་པ་ཞིག་མིན་པར།    དེ་ནི་སྤྱོད་སྒོ་ཤིན་ཏུ་ཆེ་བའི་བརྟག་ཐབས་སྨྲ་བ་ཞིག་ཡིན་ཞིང་།    དེའི་ཐོག་ནས་བྱ་དངོས་ཁྲི་སྟོང་མང་པོ་སྟོན་ཐུབ་པ་དང་མིག་ལམ་དུ་ཡངས་ཤིང་རྒྱ་ཆེ་བའི་མིག་རྒྱང་ཞིག་མཚོན་པ་རེད།     དེ་བས་རྒྱ་ཆེ་བའི་ངོས་ནས་གནད་དོན་ལ་ལྟ་སྟངས་འཛིན་པ་དང་རྒྱབ་ལྗོངས་ནས་གནད་དོན་ལ་བསམ་གཞིགས་བྱས་ཏེ། སྔར་ལས་ཚན་རིག་དང་མཐུན་པའི་རིགས་པའི་གཞུང་ལུགས་ཀྱི་ཐོག་ནས་གནད་དོན་ཐག་གཅོད་བྱེད་དགོས།     འགོ་ཁྲིད་ལས་བྱེད་པ་ནི་ས་ཁུལ་ཞིག་དང་སྡེ་ཁག་ཞིག་གི་འཕེལ་རྒྱས་ཀྱི་ཐབས་ཇུས་འདོན་མཁན་གཙོ་བོ་དང་།    རྩ་འཛུགས་བྱེད་མཁན།    སྐུལ་འདེད་གཏོང་མཁན་བཅས་ཡིན་པའི་ངོས་ནས། མིག་སྔའི་ཆ་ཤས་ཀྱི་ཁེ་ཕན་ཁོ་ན་ཙམ་མ་ཡིན་པར་སྤྱི་ཡོངས་ཀྱི་འཕེལ་རྒྱས་དང་ཡུན་རིང་གི་ཁེ་ཕན་ལ་བསམ་གཞིག་བྱས་ཏེ། རང་འགུལ་ངང་ས་ཁུལ་དེ་དང་སྡེ་ཁག་དེའི་བྱ་བ་ཞིང་ཆེན་ཡོངས་དང་རྒྱལ་ཡོངས་ཀྱི་རྣམ་པ་ཆེན་མོའི་ཁྲོད་རང་འགུལ་ངང་བཞག་སྟེ། ཇི་ལྟར་བྱས་ནས་རང་ངོས་ཀྱི་ཁྱད་སྟོབས་དང་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། ཚན་རིག་དང་མཐུན་པའི་ལངས་ཕྱོགས་དང་ལྟ་བ།    བྱ་ཐབས་བཅས་སྤྱད་ནས་བྱ་དངོས་ཀྱི་ནང་ངོས་རྒྱུ་རྐྱེན་སོ་སོའི་བར་གྱི་གོ་དོན་མཐིལ་རྟོགས་བྱེད་པ་དང་། རང་ཉིད་ཀྱི་བསམ་གཞིགས་དང་ནུས་པ། བྱེད་ཐབས་དང་ས་ཁུལ་འཕེལ་རྒྱས་ཕན་ཚུན་འཚམ་པོ་ཡོང་བར་བྱས་ནས། དངོས་གནས“ཐབས་ཇུས་དམག་གུར་ནང་དུ་བཏོན་། རྒྱལ་ཐག་ལེ་དབར་སྟོང་སར་གཅོད”དགོས།

ཕྱོགས་ཡོངས་ལ་དམིགས་ཏེ་ཁྱོན་ཡོངས་ལ་ངོས་འཛིན་གསལ་པོ་བྱ་རྒྱུ་ནི་སྔོན་འགྲོའི་ཆ་རྐྱེན་ཡིན།     ངེས་པར་དུ་རིག་པ་དྭངས་གསལ་གྱི་སྒོ་ནས་མཚོ་སྔོན་དུ་བྱ་བ་སྒྲུབ་རྒྱུ་ལས་སླ་བོ་མིན་ལ། དེ་འགྲུབ་རྒྱུ་དེ་ལས་ཀྱང་སླ་བོ་མིན་པ་ངོས་འཛིན་ཐུབ་པ་བྱེད་དགོས།         རང་རྒྱལ་སྤྱི་ཚོགས་ཀྱི་འགལ་བ་གཙོ་བོའི་འགྱུར་ལྡོག་དེ་ནུབ་རྒྱུད་མཐོ་སྒང་དུ་གནས་པའི་མཚོ་སྔོན་གྱི་མཚོན་ཚུལ་ཧ་ཅང་མངོན་གསལ་ཞིག་ཡིན་པ་དང་།    འཕེལ་རྒྱས་ཀྱི་རྨང་གཞི་ཞན་པ་དང་འཕེལ་རྒྱས་དོ་སྙོམས་མིན་པ་ནི་སྔར་བཞིན་མཚོ་སྔོན་གྱི་མིག་སྔའི་དུས་མཚམས་རང་བཞིན་གྱི་ཁྱད་ཆོས་ཤིག་རེད།     བརྒྱུད་རིམ་ལྡན་པའི་བསམ་གཞིག་དང་འཐབ་ཇུས་ཀྱི་བསམ་གཞིག་བཙུགས་ཏེ་བྱེ་བྲག་ནས་ཁྱོན་ཡོངས་ལ་ལྟ་ཞིབ་དང་། མིག་སྔའི་རྒྱང་རིང་ལ་བསམ་གཞིག་བྱེད་པའི་འཇོན་ཐང་ལ་བརྟེན་ནས་མཚོ་སྔོན་ལ་ཤེས་རྟོགས་དང་། མཚོ་སྔོན་ལ་དགའ་ཞེན། མཚོ་སྔོན་དར་སྤེལ་གཏོང་བའི་སྤྲོ་སེམས་རབ་ཏུ་འཕེལ་བ་བཅས་བྱེད་པ་དང་།    “ཆེ་ཤོས་གསུམ”གྱི་ཞིང་ཆེན་གྱི་གནས་བབ་དང“དེ་ལས་གལ་ཆེ་བ་གསུམ”གྱི་འཐབ་ཇུས་གནས་བབ་ལ་གཞི་ཚུགས་ཏེ། རིག་པ་དྭངས་གསལ་སྲུང་འཛིན་བྱེད་དགོས་པ་དང་། “རབ་རིབ་ཀྱི་ངོས་འཛིན་བཞི”གསལ་རྟོགས་བྱེད་པ།    “འབྲེལ་བ་བཞི”གསལ་རྟོགས་བྱས་ཏེ།    མིག་སྔའི་དམིགས་འབེན་བླང་བྱ་དང་ཟུང་འབྲེལ་བཅས་བྱས་ནས་རང་ཉིད་གནས་སའི་ས་ཁུལ་དང་སྡེ་ཁག་ལ་དམིགས་ནས་མཚོ་སྔོན་གྱི་འཕེལ་རྒྱས་དུས་རིམ་དང་།    ལོ་རྒྱུས་ཀྱི་གནས་ཕྱོགས།    ཁྱད་སྟོབས་བཅས་ཡང་དག་པར་ཁོང་དུ་ཆུད་པ་དང་།    ལོ་རྒྱུས་ཀྱི་རང་འགུལ་དམ་འཛིན་བྱེད་པ།    འཕེལ་རྒྱས་ཀྱི་གོ་སྐབས་དམ་འཛིན་བྱེད་པ།    གསར་གཏོད་རང་བཞིན་གྱི་སྒོ་ནས་ལག་བསྟར་དོན་འཁྱོལ་བྱེད་པའི་མགོ་རྩོམ་ས་དང་རྐང་འཛུགས་ས་འཕྱུགས་མེད་འཚོལ་བ་བཅས་བྱས་ནས། བྱ་བ་སྣ་ཚོགས་ལ་རྣམ་པ་གསར་པ་གཏོད་དགོས།

འཐབ་ཇུས་ཀྱི་ཁོར་ཡུག་གསར་པ་ཁ་གཏད་པ་དང་འཐབ་ཇུས་ཀྱི་ལས་འགན་གསར་པར་འགན་ཁུར་བ།    འཐབ་ཇུས་ཀྱི་བླང་བྱ་གསར་པར་བསྟུན་པ་བཅས་ཀྱི་མདུན་དུ། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ལངས་གནས་མཐོ་རུ་བཏང་ནས་ཡང་དག་པའི་སྤྱི་ཡོངས་ཀྱི་ལྟ་བ་བཙུགས་ཏེ་སྒེའུ་ཁུང་ཕྱེ་ནས་རྒྱང་ལྟ་དང་།    མིག་རྒྱང་རིང་པོས་སྤྱོད་ཚུལ་ལ་ལྟ་བ།    བྱ་བ་སྒྲུབ་འདོད་ཡོད་པ་དང་།   བྱ་བ་སྒྲུབ་ཐུབ་པ།   བྱ་བ་འགྲུབ་པ་བཅས་ཀྱི་བློ་རྒྱ་ཆེར་བསྐྱེད་ཀྱིས་དུས་བབ་དང་བསྟུན་ནས་ཇུས་འགོད་བྱེད་པ་དང་།    དུས་བབ་དང་བསྟུན་ནས་བྱ་སྤྱོད་སྤེལ་བ།    བབ་བསྟུན་ལས་སྒྲུབ་བཅས་བྱས་ནས། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་སྔར་ལས་ལེགས་པའི་སྒོ་ནས་འཛུགས་སྐྲུན་བྱེད་དགོས།

ཡིག་སྒྱུར་བ། ཤ་བོ་རིན་མཚོ།