རྨ་ཆུའི་སྟོད་རྒྱུད་ཀྱི་འོད་དུ་འཚེར་བའི་ལྗང་མདོག་གི་མུ་ཏིག
2024.03.27 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 0

མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ནི་རྨ་ཆུའི་སྟོད་རྒྱུད་དུ་གནས་ཤིང་། རྨ་ཆུ་སྔོན་མོས་ཡུལ་དེའི་རྫོང་ཁོངས་ལྔ་ཡི་ཡུལ་ཚོ་དང་གྲོང་རྡལ20འཕྲེད་ཀྱིས་བཅད་ཡོད། སྤྱི་ལེ411མཚམས་ཀྱི་རྨ་ཆུའི་བཞུར་རྒྱུན་དུ་བཀྲག་མདངས་འཚེར་བའི་མུ་ཏིག་རྡོག་འགའ་བརྗིད་པའི་ཉམས་ཀྱིས་འགྱིང་ཞིང་། རི་མཐོ་གཡང་གཟར་འཕྲེད་ཀྱིས་བཅད་དེ་ནམ་ཡང་འཇགས་པ་མེད་པའི་རྨ་ཆུ་སྔོན་མོ་དེ་རྫོགས་མཐའ་བྲལ་བའི་ལྗང་མདོག་གི་ནུས་ཁུངས་སུ་བསྒྱུར་ནས། དངུལ་གྱི་སྐ་རགས་ཤིག་དང་འདྲ་བའི་རྨ་ཆུའི་བཞུར་རྒྱུན་དང་བསྡོངས་ནས་མེས་རྒྱལ་ལྷོ་བྱང་གི་ཕང་བར་སྐྱེལ་གྱིན་ཡོད་ལ།  དེས་ཁྱིམ་ཚང་ཁྲི་སྟོང་མང་པོར་འོད་སྣང་བསྩལ་བར་མ་ཟད། ལྗང་མདོག་ཆུ་གློག་གི་མཉམ་སྒྲོག་རོལ་དབྱངས་ཤིག་ཀྱང་དཀྲོལ་བཞིན་མཆིས།

ཆུ་གློག་ས་ཚིགས་ཀྱི་རྒྱབ་ཏུ་བསྐུངས་པའི་ལྗང་མདོག་གསང་གྲངས་དེ་འཚོལ་ཆེད། གསར་འགོད་པ་མཚོ་ལྷོ་ཁུལ་གུང་ཧོ་རྫོང་ནས་ཤར་ཕྱོགས་ཀྱི་སྤྱི་ལེ30ལྷག་གི་མཚམས་སུ་བསྐྱོད་པ་ན།  ལམ་རྒྱུད་ཧྲིལ་པོར་བྲག་དང་གཡའ་རིའི་བང་རིམ་བསྟར་ཕྲེང་དུ་ཆགས་ཤིང་། དེ་ནས་རླབས་ཕྲེང་ལང་ལོང་དུ་གཡོ་བའི་འགག་འཕྲང་ཞིག་མཐོང་བའི་མོད་ལ། རྨ་ཆུ་ལི་མའི་འགག་རགས་དང་པོ་ཞེས་འབོད་པའི་ཚ་རྔ་འགག་ཆུ་གློག་ས་ཚིགས་སུ་འབྱོར་བྱུང་།  དེ་ནི་མཚོ་ལྷོ་ཁུལ་གུང་ཧོ་རྫོང་དང་ཁྲི་ཀ་རྫོང་གཉིས་བར་གྱི་རྨ་ཆུའི་བཞུར་རྒྱུན་དུ་ཆགས་ཤིང་། སྟོད་ནས་རྨ་ཆུའི་འབྱུང་ཁུངས་དང་སྤྱི་ལེ1648ཀྱིས་ཆོད་པ་དང་། སྨད་ནས་རྨ་ཆུ་འབབ་ཡུལ་དང་སྤྱི་ལེ3376གིས་ཆོད་ལ། རྨ་ཆུའི་སྟོད་རྒྱུད་ཀྱི་སྐས་རིམ་གློག་ཚིགས་ཆེ་ཤོས་དེ་ཡིན་པ་དང་། གློག་འདོན་འཕྲུལ་ཆས་གཅིག་གི་ཤོང་ཚད་ལ་སྟོང་ཝ་འབུམ་གསུམ་དང་ཁྲི་གཉིས་ཡོད་པའི་ཆུ་ཤུགས་གློག་འདོན་འཕྲུལ་ཆས4གནས་དེར་བཙུགས་ཡོད།

རགས་ཆེན་པོས་རྨ་ཆུ་བཀག  འགག་མཐོན་པོས་རྒྱ་མཚོ་བསྐྱིལ། ཚ་རྔ་འགག་ཅེས་པའི་ཡུལ་འདིའི་ཆུ་ལམ་གྱི་འགག་དོག་སྟེ། ཞེང་ལ་སྨི30ཙམ་དང་སྤྱིའི་རིང་ཚད་ལ་སྤྱི་ལེ33ཡོད་ལ། གཞོགས་གཉིས་སུ་གྲི་དང་སྟ་རེས་བཅད་པ་ལྟ་བུའི་རི་ལྡེབས་གཡང་གཟར་གྱིས་བསྐོར། རྨ་ཆུ་ནི་ནུབ་ནས་ཤར་ཏུ་བྲག་རོང་བརྒྱུད་ནས་དྲག་ཏུ་འབབ་པས། རགས་རྒྱག་པ་དང་ཆུ་མཛོད་བསྐྱིལ་ནས་གློག་གཏོང་བར་རང་བྱུང་གི་དགེ་མཚན་ལྷུན་གྱིས་གྲུབ་ཡོད།

1976ལོར་ལས་མགོ་བརྩམས་པ་དང་། 1979ལོར་ཆུ་བོའི་བཞུར་རྒྱུན་བཀག་ཅིང་། 1987ལོར། གློག་འདོན་འཕྲུལ་ཆས་ཐོག་མ་བཙུགས་ནས་གློག་གཏོང་མགོ་བརྩམས། 1989ལོར། གློག་འདོན་འཕྲུལ་ཆས་བཞི་པོ་ཡོངས་སུ་བཙུགས་ཚར་ཏེ་གློག་གཏོང་མགོ་བརྩམས། ཚ་རྔ་འགག་ཆུ་གློག་ས་ཚིགས་ནི་རང་རྒྱལ་གྱིས་ཇུས་འགོད་དང་ཨར་ལས་བྱས་པའི་བཟོ་འགོད་ཅིག་ཡིན་ལ། གློག་ཚིགས་ཀྱི་སྤྱིའི་སྒྲིག་སྦྱོར་གྱི་ཤོང་ཚད་སྟོང་ཝ་ས་ཡ་གཅིག་དང་འབུམ་གཉིས་ཁྲི་བརྒྱད་ལ་སླེབས་པ་དང་། དུས་ཚོད24རིང་གློག་མཚམས་མི་ཆད་པར་གཏོང་གིན་ཡོད་ལ། ཇུས་འགོད་ལྟར་ན་ལོའི་གློག་གཏོང་ཚད་སྟོང་ཝ་འབུམ་ལྔ་དང་ཁྲི་དགུ་སྟོང་བཞི་ཉིས་བརྒྱ་ཡིན་ཞེས་ཚ་རྔ་འགག་ཆུ་གློག་ས་ཚིགས་ཡན་ལག་ཀུང་སིའི་ཐོན་སྐྱེད་ཚན་ཁག་གི་གློག་ཤུགས་མགོ་གཙོ་ལིའུ་ཡུས་ཆང་གིས་དེ་ལྟར་མཚམས་སྦྱོར་བྱས།

ཚ་རྔ་འགག་གི་རགས་ཆེན་པོའི་ཁར་འགྲེངས་ཏེ་ཐུར་དུ་བལྟས་པའི་ཚེ་ན། གྲོག་རོང་ནི་བརྗིད་རྔམ་ལྡན་པ་ཞིག་ཡིན་ལ། ཡར་འཁོར་ནས་གྱེན་ལ་བལྟས་ཚེ་ཆུ་མཛོད་ནི་མཐའ་མི་མངོན་པ་ཞིག་ཡིན།  དེ་སྔའི་དྲག་ཏུ་འབབ་པའི་རྨ་ཆུ་དེ་དུས་ད་ལྟ་ཡངས་ཤིང་ཆེ་བའི་སྐ་རགས་ལྗང་ཁུ་ཞིག་དང་འདྲ་བར། རི་མཐོ་གཡང་གཟར་གྱི་གྲོག་རོང་དེའི་ཁུད་དུ་འཐེན་འདུག་ལ། དེར་བཙུགས་པའི་ཆུ་གློག་ས་ཚིགས་ཀྱིས་དམངས་ཀྱི་འཚོ་བ་དང་སྐྱེ་ཁམས་ལ་ནུས་པ་བསམ་གྱིས་མི་ཁྱབ་པ་བཏོན་དང་འདོན་མུས་སུ་མཆིས།

ལ་ཟེ་བ་ཆུ་གློག་ས་ཚིགས་ཀྱི་ཆེས་ཆེ་བའི་རགས་ཀྱི་མཐོ་ཚད་ལ་སྨི250ཡོད་པ་དང་། དེ་ནི་རྨ་ཆུའི་སྟོད་རྒྱུད་ཀྱི་ཆུ་རགས་ཆེས་མཐོ་བའི་ཆུ་གློག་ས་ཚིགས་ཤིག་ཡིན། རྔམ་བརྗིད་ལྡན་པའི་ཆུ་གློག་ས་ཚིགས་འདིའི་ཕང་བར་ཡང་ལྷད་མེད་དྭངས་གཙང་གི་ནུས་ཁུངས་གཙང་མས་བསྟམས་ཡོད།  ལ་ཟེ་བ་གློག་འདོན་ཡན་ལག་ཀུང་སིའི་སྤྱི་གཉེར་པ་གཞོན་པ་ཀྲུའུ་ཧྥ་ཡིས་བཤད་རྒྱུར། ད་ལྟ་གནས་འདིར་ངང་དཀར་དང་སྐྱར་མོ་རྐང་རིང་། བྱ་ཁྱུང་སོགས་དགུན་སྐྱེལ་བའི་ཆུ་བྱ་དང་། གནའ་བ་དང་རྐྱང་སོགས་རི་སྐྱེས་སྲོག་ཆགས་རྒྱུན་དུ་མཐོང་རྒྱུ་ཡོད་ལ། དེས་ཆུ་ཁོངས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་ལ་ཕན་འབྲས་མངོན་གསལ་ཐོབ་ཡོད་པ་ཤེས་ཐུབ། དེ་ལས་གཞན། ཆུ་གློག་ས་ཚིགས་ལ་བརྟེན་ནས་བསྐྲུན་པའི་ཁྲི་ཀའི་བཞུར་རྒྱུན་ལྷོ་མའི་ཆུ་འདྲེན་བཟོ་འགོད་ཀྱིས་རོང་འབྲོག་པ་ཁྲི་བརྒྱད་དང་བཞི་བརྒྱ་ཡི་ཞིང་ལས་ཆུ་འདྲེན་ཐག་བཅད་དེ། ཆུ་འདྲེན་རྒྱ་ཁྱོན་སྤྱི་ཆིང་ཁྲི་གཅིག་དང་སྟོང་གསུམ་དྲུག་བརྒྱ་ཇེ་མང་དུ་བཏང་བར་མ་ཟད་ས་ཚིགས་ཀྱི་མཐའ་འཁོར་སྡེ་བའི་མི200ལྷག་གི་ལས་ཞུགས་གནད་དོན་ཡང་ཐག་བཅད་ཡོད་ཅེས་མཚམས་སྦྱོར་བྱས།

ཆུ་གློག་ས་ཚིགས་འཛུགས་སྐྲུན་བྱས་པ་ནི་དམངས་འཚོ་བཟོ་འགོད་དང་སྤྱི་ཚོགས་བཟོ་འགོད་ཅིག་ཡིན་པའི་ཆ་ནས། ས་གནས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་མངོན་གསལ་དོད་པའི་བྱས་རྗེས་མི་དམན་པ་བཞག་ཡོད།

ཚ་རྔ་འགག་ཆུ་གློག་ས་ཚིགས་བཙུགས་པ་དང་བསྟུན་ནས། ཚ་རྔ་འགག་གྲོང་རྡལ་ཡང་མིང་དུ་གྲགས་པའི་གློག་ཤུགས་བཟོ་ལས་ཀྱི་གྲོང་རྡལ་ཆུང་ཆུང་ཞིག་ཏུ་གྱུར་པའི་ཁར། དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་འཕེལ་བར་བསྟུན། གྲོང་རྡལ་ཆུང་ཆུང་འདིས་ཀྱང་གསར་དུ་དར་བའི་བཟོ་ལས་གནས་སྐོར་དང་སྐྱེ་ཁམས་གནས་སྐོར། གྲོང་གསེབ་གནས་སྐོར་བཅས་ཀྱི་གོ་སྐབས་བཟང་པོར་བརྟེན་ནས་བསྐྱར་དར་གྱི་ལམ་བུ་ཞིག་བཏོད་ཡོད། ཚ་རྔ་འགག་གི་ཡུལ་ལྗོངས་མུ་ནས་མུ་རུ་འཕེལ་བ་དང་བསྟུན་ནས། ཚ་རྔ་འགག་གྲོང་རྡལ་མཐའ་འཁོར་གྱི་སྡེ་བས་ཚ་རྔ་འགག་ཆུ་མཛོད་ཀྱི་དགེ་མཚན་ལྡན་པའི་གནས་ཡུལ་དང་གནས་སྐོར་ཐོན་ཁུངས་ལ་བརྟེན་ནས། ད་ཡོད་ཀྱི་སྡོད་ཁང་དང་སིལ་ར། ནགས་ས་སོགས་བེད་སྤྱད་དེ་གྲོང་གསེབ་ཀྱི་གནས་སྐོར་ལས་རིགས་ལ་གཞི་ཁྱོན་ཆུང་ངུ་ཞིག་ཀྱང་ཆགས་པར་བྱས་ཡོད།

ཚ་རྔ་འགག་ཆུ་མཛོད་ཁུལ་གྱི་གནས་སྤོར་སྡེ་བ་ཡིན་པའི་ཆ་ནས། ལོ་འདི་འགར་ཏང་ཀྲི་པུའུ་ཡི་སྣེ་ཁྲིད་འོག སྔོན་ཆད་ཀྱི་དབུལ་ཕོངས་སྡེ་བ་དེ་ད་ལྟའི་གནས་སྐོར་སྡེ་བ་ཡག་ཤོས་སུ་གྱུར་ཡོད་ཅེས་གུང་ཧོ་རྫོང་ཚ་རྔ་འགག་གྲོང་རྡལ་གྲོག་ཁ་ཞོལ་མ་སྡེ་བའི་སྡེ་མི་གཡང་འབུམ་གྱིས་རང་རློམ་དང་བཅས་བཤད་བྱུང་།

རྒྱུས་ལོན་པ་ལྟར་ན། མཚོ་ལྷོ་ཁུལ་གྱིས་ཆུ་གློག་ས་ཚིགས9འཛུགས་པའི་འཆར་གཞི་བཀོད་པ་ལས་ད་ལྟ་ས་ཚིགས4ཡོངས་སུ་ལེགས་འགྲུབ་བྱུང་སྟེ།  སྒྲིག་སྦྱོར་གྱི་ཤོང་ཚད་ལ་སྟོང་ཝ་ས་ཡ་དྲུག་དང་འབུམ་གཅིག་ཁྲི་བརྒྱད་ཡོད་པ་རེད། ཆུ་གློག་ལས་དོན་མགྱོགས་མྱུར་གྱིས་འཕེལ་བ་སྣེ་འདྲེན་དུ་བྱས་ཏེ། མཚོ་ལྷོ་ཁུལ་གྱིས་སྒོར་མོ་ཐེར་འབུམ་གཅིག་དང་དུང་ཕྱུར་གསུམ་བྱེ་བ་གཅིག་བཏང་ནས་རྫོང་གསུམ་གྱི་ཡུལ་ཚོ་དང་གྲོང་རྡལ8ཀྱི་སྡེ་བ30ཡི་མི་ཁྲི་གཅིག་དང་སྟོང་གཅིག་བཞི་བརྒྱ་ཞེ་གཅིག་གནས་སྤོ་རུ་བཅུག་པ་དང་། 2023ལོར་ཡུལ་གཞན་གནས་སྤོས་ཀྱི་དབུལ་ཐར་མི་འབོར་གྱི་ཡོང་སྒོ་རྐྱང་བ་སྒོར15049ལ་སླེབས་ཏེ། དུས་མཉམ་ལས17.6%འཕར་བས། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དེ་གྲོང་གསེབ་དར་སྤེལ་དང་སྦྲེལ་མཐུད་ནུས་ལྡན་བྱེད་པར་སྐུལ་འདེད་གང་ལེགས་ཐོབ་ཡོད།

ལྗང་མདོག་ནི་ཆུ་གློག་འཕེལ་རྒྱས་ཀྱི་རང་མདངས་ཡིན་ལ། དམངས་ཕན་འཕེལ་རྒྱས་ཀྱི་སྒུལ་ཤུགས་ཀྱང་ཡིན། ཚ་རྔ་འགག་དང་ལ་ཟེ་བ་སོགས་ཆུ་གློག་ས་ཚིགས་རེ་རེ་འཛུགས་སྐྲུན་བྱས་པ་དེས། སྲོལ་རྒྱུན་གྱི་ནུས་ཁུངས་མ་ལག་དེ་ནུས་ཁུངས་གཙང་མར་བསྒྱུར་བར་སྐུལ་འདེད་བྱེད་ཀྱིན་ཡོད་ལ། གཙང་མ་དང་ལྗང་མདོག་རྣམ་པས་སྤྱི་ཚོགས་ཀྱི་ནུས་སྤྱོད་དགོས་མཁོ་བསྐངས་ཏེ། དཔལ་འབྱོར་འཕེལ་རྒྱས་དང་སྐྱེ་ཁམས་སྲུང་སྐྱོབ་གཉིས་ཐད་ནས་རྒྱལ་ཁ་ལེན་པར་ནུས་ཤུགས་ཡོད་རྒུ་བཏོན་དང་འདོན་མུས་སུ་མཆིས།

རྩོ་སྒྲིག་པ། གཡང་འབུམ་རྒྱལ།