ད་ལྟའི་ཕྱུགས་ལས་གསོ་སྤེལ་ལ་འགྱུར་ལྡོག་ཆེན་པོ་བྱུང་ཡོད།
2024.03.28 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 0

དུས་སྐབས་འདིར། བསོད་ཁོ་བཟའ་ཟླ་གཉིས་ཀྱིས་ཉིན་མཚན་དབྱེར་མེད་དུ་ལུག་ཁྱུ་འཚོ་སྐྱོང་བྱེད་དགོས་པའི་ཁར་མ་མོ་རྩེབ་ན་མྱུར་དུ་བདག་སྐྱོང་བྱེད་དགོས་པས་ལས་ཚེགས་ཧ་ཅང་ལྗིད།

སྔོན་ཆད་དང་བསྡུར་ན་ད་ལྟ་བྲེལ་བ་དེ་འདྲ་ཆེན་པོ་མེད། ད་སྐབས་ཟླ་བ་དྲུག་གི་རིང་ལ་བྲེལ་བ་ཆེ་བ་མ་གཏོགས་དེ་ལས་གཞན་དུ་ཅུང་ལྷོད་ལྷོད་བྱས་ནས་བསྡད་ཆོག  སྔོན་ཆད་ལོ་གང་བོར་ཁོམ་པ་ཅུང་ཙམ་ཡང་མེད་ཅེས་བྲེལ་བ་ཧ་ཅང་ཆེ་ན་ཡང་བསོད་ཁོའི་གདོང་ལ་གྲུབ་འབྲས་ཀྱི་སྤྲོ་སྣང་གིས་ཁེངས་ནས་དེ་ལྟར་བཤད།

ད་ལོ་ལོ་ཞེ་བརྒྱད་ཡིན་པའི་བསོད་ཁོ་ནི་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདོ་ལ་རྫོང་འབྲོང་ལུང་ཡུལ་ཚོ་དར་ལུང་སྡེ་བའི་ཡིན་ཞིང་། ཁོ་ཚང་ལ་བཟའ་མི་ལྔ་ཡོད་པ་དང་ཕ་མ་གཉིས་ཀྱིས་ཚེ་སྨད་ཀྱི་བདེ་སྐྱིད་འཚོ་བ་རོལ་བཞིན་ཡོད་ལ།  བྱིས་པ་ཐེན་ཅིན་གྲོང་ཁྱེར་དུ་སློབ་གྲྭར་འགྲོ་བཞིན་ཡོད། བསོད་ཁོ་བཟའ་ཟླ་གཉིས་ཀྱིས་ཁྱིམ་ཚང་གི་ཕྱུགས་ལས་ཐོན་སྐྱེད་ཀྱི་འགན་འཁུར་ཡོད། སྟབས་ལེགས་པ་ཞིག་ལ་སྡེ་བའི་སྐྱེ་ཁམས་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་དུ་ཞུགས་པ་ནས་བཟུང་ཁོ་བཟའ་མི་གཉིས་ཀྱི་ལས་ཚེགས་ཀྱང་སྔོན་ཆད་དང་བསྡུར་ན་ཇེ་ཆུང་དུ་སོང་ཡོད།

2015ལོའི་སྔོན་དུ་བསོད་ཁོ་ཚང་ལ་ལུག200ལྷག་ཡོད། སྐབས་དེ་དུས་ལོ་གང་བོར་འབད་བརྩོན་བྱས་ནའང་ལོ་མཇུག་ཏུ་ཡོང་འབབ་མང་པོ་ཞིག་མེད། ཁྲོམ་རའི་གནས་ཚུལ་བཟང་བའི་སྐབས་སུ་ལོ་གཅིག་ལ་ཡོང་འབབ་སྒོར་ཁྲི་ལྔ་དྲུག་ཙམ་རེག་ཐུབ་མོད།  ཟླ10པ་ནས་བཟུང་ལུ་གུ་རྩེབ་མགོ་བརྩམས་པ་ནས་ཕྱི་ལོའི་ཟླ་གསུམ་པའི་བར་དུ་རྒྱུན་བསྲིང་བཞིན་ཡོད་པས། ལོ་ཧྲིལ་བོར་ནོར་ལུག་གི་རྗེས་དེད་ནས་འདུག་དགོས་ཞེས་བསོད་ཁོས་གསར་འགོད་པར་བཤད།

2015ལོར།  སྡེ་བའི་ནང་དུ་དར་ལུང་སྐྱེ་ཁམས་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་བཙུགས་པ་དང་བསྟུན་ནས། བསོད་ཁོས་རང་ཁྱིམ་གྱི་མ་མོ180དང་རྩྭ་ར་མུའུ1000ལྷག་མཉམ་ལས་ཁང་དུ་མ་རྐང་ལ་བཞག་པས་ལོ་མཇུག་ཏུ་ཁེ་སྤོགས་བགོ་རྒྱུ་ཡོད་པར་གྱུར།

དུས་དེ་ནས་བཟུང་། བསོད་ཁོ་ཚང་གི་འཚོ་བར་གནམ་ས་བླ་འོག་བརྗེས་པ་ལྟ་བུའི་འགྱུར་ལྡོག་བྱུང་ནས་ལོ་མཇུག་ཏུ་ཁེ་སྤོགས་བགོ་བཤའ་རྒྱག་བཞིན་ཡོད་པར་མ་ཟད། ད་དུང་མཉམ་ལས་ཁང་དུ་ངལ་རྩོལ་བྱས་ཆོག་པ་དང་།  དེ་མིན་རང་ཁྱིམ་དུ་ནོར་གནག200ལྷག་གསོས་ཡོད་པས། བསོད་ཁོས་ནམ་རྒྱུན་དུ་ཚོང་ཙག་ཙིག་རེ་བརྒྱབ་ཆོག་ལ་ནོར་ལུག་བཙོང་ནས་སྒོར་མོ་གསོག་བཞིན་ཡོད།

གསར་འགོད་པས་དེ་འདྲའི་དོན་དག་མང་བོ་ཞིག་ཁྱོད་བཟའ་ཟླ་གཉིས་ཀྱིས་འགྲུབ་ཐུབ་བམ་ཞེས་དྲིས་པའི་ཚེ།  བསོད་ཁོས་གསར་འགོད་པར་བཤད་རྒྱུར།  ལས་ཀར་བྲེལ་བ་དེ་འདྲ་ཆེན་པོ་མི་འདུག དེ་ལས་ལྡོག་སྟེ་སྔོན་ཆད་རང་གིས་ལུག་གསོ་བ་ལས་ད་ལྟ་ཧ་ཅང་སྟབས་བདེ་མོར་སོང་ཡོད་ཟེར།

མཉམ་ལས་ཁང་བཙུགས་རྗེས་སྡེ་བ་ཡོངས་ཀྱིས་མ་རྐང་ནང་བཞག་པའི་ལུག4000ལྷག་ཁྱུ་བགོས་བྱས་ནས་ལུག་རྫི་གླས་ཏེ་འཚོ་སྐྱོང་བྱེད་བཞིན་ཡོད།   ལུག་ཁྱུ་མི་འདྲ་བ་དང་ལུག་རྫི་མི་འདྲ་བ་སོགས་ཀྱིས་ཁོ་ཚོའི་གླ་ཕོགས་ཀྱང་མི་འདྲ།  ད་ལོར་བསོད་ཁོ་བཟའ་ཟླ་གཉིས་དང་མི་གཞན་གཉིས་ཀྱིས་མ་མོ1000ཙམ་འཚོ་སྐྱོང་བྱེད་བཞིན་ཡོད། བསོད་ཁོ་བཟའ་ཟླ་གཉིས་ཀྱིས་ལུག་འཚོ་སྐྱོང་བྱེད་པའི་ལས་ཀ་དེ་ཟླ3པ་ནས་ཟླ8པའི་བར་ཡིན་ཞིང་། ཁོ་གཉིས་ཀྱི་ཉིན་རེའི་གླ་ཕོགས་སྒོར་མོ100རེ་རེད།

བསོད་ཁོས་བཤད་རྒྱུར། ང་ཚོས་འཚོ་སྐྱོང་བྱེད་བཞིན་པའི་མ་མོ་སྟོང་གཅིག་ལ་ཟླ10བའི་ནང་ལུ་གུ་ཆགས་པ་དང་ལོ་རྗེས་མའི་ཟླ3པར་མ་མོ་རྩེབ་བཞིན་ཡོད་ལ། ཟླ་བ་གཅིག་གི་དུས་ཡུན་ནང་དུ་མ་མོ་རྩེབ་ཚར་འགྲོ།  ངེད་གཉིས་ཀྱི་ལས་ཀ་ནི་མ་མོ་རྩེབ་མགོ་བརྩམས་པ་ནས་ཟླ8པར་གསོ་ཁ་ནས་འབུད་སྐབས་སུ་ཡིན་པ་དང་།  ལྷག་མའི་ལོ་ཕྱེད་ཀྱི་དུས་ཚོད་ནང་དུ་རང་ཉིད་ཀྱིས་ལས་ཀ་གཞན་སྒྲུབ་ཆོག་ཟེར།

ཉེ་སྔོན།   གསར་འགོད་པས་བསོད་ཁོར་བཅར་འདྲི་བྱེད་སྐབས། མ་མོ་སྟོང་གཅིག་གི་ནང་དུ་ད་ལྟ་ལུ་གུ200ལྷག་རྩེབ་ཟིན་པ་དང་།  རྗེས་ཕྱོགས་ཀྱི་ཉིན20ལྷག་གི་ནང་དུ་ད་དུང་མ་མོ800རྩེབ་དགོས་ཟེར།  ཆ་སྙོམས་བྱས་ན་ཉིན་རེར་མ་མོ40ཙམ་རྩེབ་བཞིན་ཡོད། ཟླ3གྱི་རྗེས་སུ་ལུ་གུས་འོ་མ་ནུ་མཚམས་བཅད་ནས་ཀྲང་ཡེ་ལ་བསྐྱལ་ཏེ་གཅིག་བསྡུས་ཀྱིས་གསོ་སྤེལ་བྱེད་དགོས་པ་དང་།  ཟླ2འགོར་རྗེས་གསོ་ཁ་ནས་འབུད་དགོས།

ཉིན་དེར་བསོད་ཁོ་ཚང་གི་སྒོ་རའི་ནང་ལུ་གུ་ཆུང་ཆུང་ཞིག་ཡོད་ལ། བསོད་ཁོས་གསར་འགོད་པར་ལུ་གུ་དེ་ནི་མདང་དགོང་ནམ་ཕྱེད་དུ་རྩེབ་པ་ཡིན་ལ། མ་མོ་རྩེབ་རྗེས་ཅུང་འཁྱགས་པས་ཁོག་ནས་འོ་མ་འཇུ་མ་ཐུབ་པར་ཁྱིམ་དུ་ཁྱེར་ཡོང་ནས་ལྟོ་བར་ཕུར་མཉེད་བྱས་པ་དང་སྨན་ཉུང་ཙམ་བླུད་རྗེས།  དྲོད་ཚད་སྲུང་འཛིན་བྱས་པས་ལུ་གུ་དེ་གསོན་ཐུབ་པར་གྱུར་ཅིང་།  ད་ལྟ་ཕར་རྒྱུག་ཚུར་རྒྱུག་བྱས་ནས་ཧ་ཅང་གྲུང་ཤ་དོད་པོར་འདུག་ཟེར།

མཉམ་ལས་ཁང་དུ་ཞུགས་པའི་བཟང་ཆ་དེ་ཙམ་དུ་མ་ཟད། བསོད་ཁོས་སྡེ་བའི་ཕྱུགས་ལས་འཕེལ་རྒྱས་དེ་མཉམ་ལས་ཁང་དང་ཁྱིམ་ཚང་ཕྱུགས་ར།  འབྲོག་ཁྱིམ། ཕྱིར་འཚོང་བཅས་ཟུང་འབྲེལ་གྱི་རྣམ་པས་འཁོར་སྐྱོད་བྱས་པར་བརྟེན།  ད་ལྟ་ཕྱུགས་ལས་གསོ་སྤེལ་སྔར་ལས་ཞིབ་ཚགས་དང་། ཚན་རིག་དང་མཐུན་པ། གསོ་སྐྱོང་དུས་འཁོར་རྒྱུན་ཆད་མེད་པར་ཇེ་ཐུང་དུ་ཕྱིན་པ། རྩྭ་ཐང་གི་གནོན་ཤུགས་ཆུང་དུ་ཕྱིན་པ། ངལ་རྩོལ་ནུས་ཤུགས་བཅིངས་འགྲོལ་ཐོབ་པ། མ་མོ་རྩེབ་ཚད་མང་དུ་ཕྱིན་པ་བཅས་ཀྱི་ཁྱད་ཆོས་ལྡན་ཞེས་གསར་འགོད་པར་བཤད་བྱུང་།

ད་ལྟའི་གསོ་སྤེལ་བྱེད་སྟངས་ནི་སྲོལ་རྒྱུན་གྱི་ཕྱུགས་ལས་དང་གཏན་ནས་མི་འདྲ་སྟེ།  ཕྱུགས་ལས་ཀྱི་རྨང་གཞིའི་སྒྲིག་བཀོད་ཧ་ཅང་འཐུས་ཚང་ཡིན་ལ་ཕྱུགས་ར་དྲོད་སྲུང་དང་། མ་མོ་རྩེབ་རྗེས་ཀྱི་གསབ་སྤྲོད། ལུ་གུ་གསོན་ཚད་བཅས་ལ་འགྱུར་ལྡོག་ཆེན་པོ་བྱུང་ཡོད། དེ་སྔོན་ལུ་གུའི་འཆི་ཚད8%ཟིན་པ་མ་ཟད། ཐ་ན་དེ་ལས་ཀྱང་མཐོ་ལ། ད་ལྟ2%མ་གཏོགས་མི་ཟིན་ཞེས་བསོད་ཁོས་གསར་འགོད་པར་དེ་ལྟར་བཤད་བཞིན་དུ།   ལུ་གུ་ཆུང་ཆུང་དེའི་ལུས་ཕུང་ལ་ཞིབ་བཤེར་བྱས་ནས་བདེ་ཐང་ཡིན་པ་ཐག་བཅད་རྗེས་ད་གཟོད་ལུག་ཁྱུའི་ནང་དུ་བཏང་སོང་།

སྔོན་ཆད་ལུག་གསོ་སྤེལ་ཀྱི་དུས་འཁོར་ལོ་གཅིག་ཡིན་པ་དང་། འབྲོག་པས་ལོ་ཧྲིལ་པོར་ལུག་ཉུང་ཤས་ཙམ་གསོ་སྐྱོང་བྱེད་བཞིན་ཡོད། མཉམ་ལས་ཁང་དུ་ཞུགས་རྗེས་གསོ་སྤེལ་ཀྱི་དུས་འཁོར་ཟླ་བ་དྲུག་གིས་ཐུང་དུ་ཕྱིན་ནས་གསོ་སྤེལ་ནས་བྲིན་ཚོང་གི་གོ་རིམ་ཚང་མར་སེམས་ཁྲལ་བྱེད་མི་དགོས།  གལ་སྲིད་ལས་ཀ་གཞན་མེད་ཚེ་མཉམ་ལས་ཁང་དུ་ཞོར་ལས་བྱས་ཆོག སྔོན་ཆད་དང་བསྡུར་ན་ལས་ཀ་ཇེ་ཡང་དུ་ཕྱིན་པ་མ་ཟད་ཡོང་འབབ་ཀྱང་ཇེ་མང་དུ་སོང་ཡོད་ཅེས་བསོད་ཁོས་གསར་འགོད་པར་བཤད།

བསོད་ཁོས་ཞིབ་རྩིས་བྱས་པ་ལྟར་ན།  ན་ནིང་ཁྲོམ་རའི་གནས་ཚུལ་དེ་ཙམ་ཡག་པོ་མེད་ལ། ཁོ་ཚང་གིས་མཉམ་ལས་ཁང་གི་མ་རྐང་ནང་བཞག་པའི་ལུག་ལ་ཁེ་སྤོགས་སྒོར་མོ་ཁྲི6བྱིན་པ་དང་རྩྭ་སའི་ཁེ་སྤོགས་ལ་སྒོར་མོ་ཁྲི1བགོ་བཤའ་བརྒྱབ།  དེ་མིན་བསོད་ཁོ་བཟའ་ཟླ་གཉིས་ཀྱིས་མཉམ་ལས་ཁང་དུ་ཟླ་དྲུག་གི་རིང་ལ་ལས་ཀ་ལས་པར་ཡོང་འབབ་སྒོར་མོ་ཁྲི3.6ཡོད་པ་དང་། ནོར་ལུག་ཉོ་ཚོང་བྱས་པའི་ཡོང་སྒོ་སྒོར་མོ་ཁྲི1ལྷག་བཅས་འདུག་ཟེར།

འབྲོག་པའི་ཡོང་འབབ་འཕར་བ་དང་བསྟུན་ནས་འཚོ་བའི་ཆ་རྐྱེན་ཡང་ཇེ་བཟང་ཇེ་ལེགས་སུ་ཕྱིན་ཡོད། ན་ནིང་དགུན་ཤའི་སྐབས་སུ་བསོད་ཁོ་ཚང་གིས་ལུག5དང་སྐམས2བཤས་པ་དང་། གསོག་འཇོག་བྱས་པའི་ཤ་དེ་ད་ལོའི་ཟླ5པའི་བར་དུ་འདང་ངེས་ཡིན།

ནོར་ལུག་གི་ཤ་ལས་གཞན་འབྲོག་པའི་ཟས་རིགས་ཀྱང་ཧ་ཅང་ཕུན་སུམ་ཇེ་ཚོགས་སུ་ཕྱིན་ཡོད། སྡེ་བའི་ནང་དུ་སྒོ་རྩིས་ཚོང་ཁང་དང་ཚལ་ཚོང་ཁང་མེད་པས་བསོད་ཁོ་གྲོང་རྡལ་གྱི་ཚོང་ར་དང་ཡང་ན་རྫོང་མཁར་དུ་འགྲོ་སྐབས་སྔོ་ཚལ་དང་། སིལ་ཏོག འབྲས་སོགས་གྲོང་ཁྱེར་གྱི་མིས་ཅི་ཞིག་ཟ་བཞིན་པ་དེ་ཁོས་ཉོས་ནས་ཡོང་བཞིན་ཡོད། ད་ལྟ་འབྲོག་པ་མང་ཚོགས་ཀྱི་འཚོ་བའི་ཆ་རྐྱེན་དེ་ཇེ་བཟང་ནས་ཇེ་ལེགས་སུ་འགྲོ་བཞིན་ཡོད།

ཡིག་སྒྱུར་བ།  གཡང་འབུམ་རྒྱལ།