ཡིག་ཆ་ཨང་དང་པོས་ཞིང་ལས་དར་སྤེལ་དང་ཞིང་བ་ཕྱུག་བསྒྱུར་ལ་སྐུལ་འདེད་བཏང་།
2024.04.07 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 8

 ཟླ3པའི་ཚེས12ཉིན་གྱི་ཞོགས་པར་རྩྭ་ཐང་གི་གྲང་ངར་ད་དུང་འཇགས་མེད་ལ། མཚོ་སྔོན་ཞིང་ཆེན་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་འབྲི་སྟོད་རྫོང་འབྲི་ཆུ་ཡུལ་ཚོ་འབྲི་སྐྱ་སྡེ་བའི་སྡེ་མི་ཚོས་ལྭ་བ་མཐུག་པོ་གྱོན་ནས་ཏང་ཡོན་བྱ་འགུལ་ཁང་དུ་འོངས།

བསྟུད་མར་ཉིན་འགའི་རིང་ལ། འབྲི་སྐྱ་སྡེ་བའི་སྒྲོག་འགྲེལ་ཚོགས་པའི་ཁོངས་མིས་ཏང་འཛུགས་སྐྲུན་ལ་སྣེ་ཁྲིད་བྱས་ཏེ་དྲིལ་སྒྲོག་དམ་འཛིན་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ནུས་པ་ཇེ་དྲག་ཏུ་བཏང་ཞིང་།   བྱེད་ཐབས་སྣ་མང་གིས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཡིག་ཆ་ཨང་དང་པོའི་དགོངས་དོན་སྒྲོག་འགྲེལ་ལས་དོན་དམ་འཛིན་ནན་མོ་བྱས་ནས། དམངས་ཕན་སྲིད་ཇུས་སྣ་ཚོགས་ཁྱིམ་ཚང་ཁྲི་སྟོང་མང་པོར་ཁྱབ་པ་དང་དམངས་སེམས་ལ་དྲོད་ཁོལ་བསྩལ།

འབྲི་སྐྱ་སྡེ་བའི་སྡེ་སྡོད་ཧྲུའུ་ཅི་དང་པོ་བཀྲ་ཤིས་དཔལ་ལྡན་གྱིས་བཤད་རྒྱུར།  ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོ་དེ་ཉིན་ཤས་གོང་ཁྱབ་བསྒྲགས་བྱས་པ་དང་། ང་ཚོས་ཚང་མ་རྩ་འཛུགས་བྱས་ནས་ཡོང་དོན་ནི་ཚང་མར་ཡིག་ཆའི་དགོངས་དོན་གསལ་བོར་བཤད་དེ།  རྒྱལ་ཁབ་ཀྱི་དམངས་ཕན་སྲིད་ཇུས་སྔར་ལས་ཤེས་རྟོགས་ཐུབ་པ་དང་དམངས་ཕན་ཕན་བདེ་ལོངས་སུ་སྤྱོད་ཐུབ་པ་བྱེད་རྒྱུ་དེ་ཡིན་ཟེར།

སྡེ་བའི་ཨུ་ཡོན་ལྷན་ཁང་གཉིས་ཀྱི་ཁོངས་མི་དང་ཏང་ཡོན། སྡེ་མི་བཅས་འབྲི་སྐྱ་སྡེ་བའི་ཏང་ཡོན་བྱ་འགུལ་ཁང་དུ་འཛོམས་ནས།  ད་ལོའི་ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོའི་ནང་དུ་ཅི་ཞིག་བཤད་ཡོད་པ་དང་།    སྡེ་བའི་ནོར་ལུག་གསོ་སྤེལ་ལས་རིགས་འཕེལ་རྒྱས་ཇེ་ཆེར་གཏོང་བར་སྲིད་གཞུང་ལ་རོགས་སྐྱོར་སྲིད་ཇུས་ཅི་ཞིག་ཡོད་པ།

ད་ལོའི་ནད་ལྕི་མོའི་སྨན་བཅོས་འགྲོ་སོང་རྩིས་ཞུ་བྱེད་པ་སོགས་ན་ནིང་དང་བསྡུར་ན་འགྱུར་ལྡོག་ཅི་ཞིག་བྱུང་ཡོད་པ།   ལྟ་ཞིབ་ཚད་ལེན་ཁྱིམ་ཚང་ཁྲོད་འཇུག་པའི་ཆ་རྐྱེན་དང་རེ་ཞུའི་བརྒྱུད་རིམ་གང་དག་ཡོད་པ་སོགས་ལ་གྲོས་སྡུར་ཡང་ཡང་བྱེད་བཞིན་ཡོད།

སྒྲོག་འགྲེལ་བྱེད་སྐབས།  སྡེ་སྡོད་ཧྲུའུ་ཅི་དང་སྒྲོག་འགྲེལ་རུ་ཁག་གི་ཁོངས་མི་ཚོས་ཡུལ་སྐད་ཀྱི་ལམ་ནས་ཡིག་ཆ་ཨང་དང་པོའི་དགོངས་དོན་ཁྲོད་ཀྱི་གསོ་སྤེལ་ལས་རིགས་ཀྱི་ཁ་གསབ་སྲིད་ཇུས་སྣ་ཚོགས་འགྲེལ་བཤད་ཞིབ་མོ་བྱས་པ་དང་།  ཁོ་ཚོའི་སེམས་ཀྱི་དོགས་གཞི་རེ་རེར་འགྲེལ་བཤད་ཞིབ་མོ་བྱས་པས།  ཚང་མའི་དགའ་བསུ་ཐོབ།

ཏང་དང་སྲིད་གཞུང་ངོ་མ་བཟང་།  འབྲོག་པའི་བདེ་སྐྱིད་ཀྱི་འཚོ་བ་དུས་དང་རྣམ་པ་ཀུན་ཏུ་སེམས་སུ་བཅངས་ནས་བློ་གཅིག་སེམས་གཅིག་གིས་ང་ཚོའི་ཆེད་དུ་འཕེལ་རྒྱས་དོན་གཉེར་བྱེད་བཞིན་ཡོད།

ཡིག་ཆ་ཨང་དང་པོའི་དགོངས་དོན་སྒྲོག་འགྲེལ་ལེགས་པོ་བྱེད་ཆེད།  ཉིན་དཀར་བཀྲ་ཤིས་དཔལ་ལྡན་དང་སྡེ་སྡོད་ལས་བྱེད་རུ་ཁག་གིས་མཉམ་དུ་ཡིག་ཆའི་དགོངས་དོན་ལ་སློབ་སྦྱོང་དང་ཞིབ་འཇུག་གྲོས་སྡུར་བྱས་པ་དང་། མཚན་མོར་རང་འགུལ་ངང་སྦྱོང་བ་བྱས་ནས་འབྲོག་ཁུལ་གྱི་འཕེལ་རྒྱས་དང་འཚམ་པའི་སྲིད་ཇུས་དག་འབྲོག་པ་མང་ཚོགས་ཀྱིས་གོ་ཐུབ་པའི་ཁ་སྐད་ཏུ་བསྒྱུར།

བཀྲ་ཤིས་དཔལ་ལྡན་གྱིས་བལྟས་ན། སྲིད་ཇུས་ལ་གོ་བ་ཟབ་མོ་བླངས་ནས་གསལ་བོར་བཤད་ཚེ་འབྲོག་པ་མང་ཚོགས་ཀྱིས་ད་གཟོད་མ་འོངས་བའི་འཕེལ་རྒྱས་ཀྱི་ཁ་ཕྱོགས་གསལ་བོར་རྟོགས་ཐུབ་པ་དང་།  མང་ཚོགས་ཀྱི་ནང་གནས་སྟོབས་ཤུགས་འཕེལ་ནས། གོམ་པ་རེ་རེ་བཞིན་གྲོང་གསེབ་དར་སྤེལ་གྱི་མཛེས་པའི་འཆར་གཞི་དེ་མངོན་འགྱུར་བྱེད་ཐུབ་པར་འདོད།

ཏང་ཡོན་རྒན་པ་དུང་ཡེ་ཡིས་ཧྲུའུ་ཅི་དཔལ་ལྡན་ལགས།   ད་ལོར་སྲིད་ཇུས་བཟང་པོ་ཅི་ཞིག་ཡོད་ཅེས་དྲིས།

ད་ལོའི་ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོའི་ནང་འགན་སྲུང་གསུམ་དང་། འཐུང་ཆུའི་བདེ་འཇགས་འགན་སྲུང་གི་གྲུབ་འབྲས་མུ་མཐུད་དུ་སྲ་བརྟན་མཐོར་འདེགས་དང་།  ནོར་ལུག་གི་ཤའི་རྨང་གཞིའི་ཐོན་སྐྱེད་ནུས་ཤུགས་བརྟན་པོར་གཏོང་བ། གཤེར་གཟུགས་འོ་མའི་ཚད་གཞི་འཐུས་ཚང་དུ་གཏོང་བ། སླར་གསོ་འོ་མའི་མཚོན་རྟགས་ཚད་ལྡན་དུ་གཏོང་བ། དྭངས་གཙང་འོ་མ་འཛད་སྤྱོད་བྱེད་པར་སྐུལ་འདེད་གཏོང་བ་སོགས་ཕྱོགས་མང་པོའི་ཐད་ཀྱི་ནང་དོན་འདུས་ཡོད་ཅེས་བཀྲ་ཤིས་དཔལ་ལྡན་གྱིས་ཚང་མའི་དྲི་བར་ལན་ཞིབ་མོ་བཏབ་པ་དང་། ཚང་མས་གྲོས་སྡུར་ཁྲོད་ནས་ཡིག་ཆ་ཨང་དང་པོའི་དགོངས་དོན་ལ་ཤེས་རྟོགས་གཏིང་ཟབ་བྱུང་། སྒྲོག་འགྲེལ་མཇུག་འགྲིལ་རྗེས་སྡེ་མི་ཚོས་མ་འོངས་པར་རེ་སྒུག་ཆེན་པོ་བྱེད་བཞིན་ཡོད་པ་མཐོང་རྗེས།  བཀྲ་ཤིས་དཔལ་ལྡན་གྱིས་ཡིད་ཆེས་ཆེན་པོས་བཤད་རྒྱུར།  ང་ཚོས་སྒྲོག་འགྲེལ་ཡག་པོ་ཞིག་བྱས་ནས་ཡིག་ཆ་ཨང་དང་པོའི་དཔྱིད་རླུང་དེ་མང་ཚོགས་ཀྱི་སེམས་སུ་ཟུག་པར་བྱེད་པ་དང་།   ལྷག་པར་དུ“ལག་བསྟར་རུ་དཔོན”བཟང་བོ་ཞིག་བྱས་ནས་བྱ་བ་དངོས་བསྒྲུབས་ཏེ།   སྲིད་ཇུས་བཟང་བོ་ལས་བྱུང་བའི་རྣམ་པ་གསར་པ་དེ་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཁྲོད་དོན་འཁྱོལ་ཐུབ་པ་བྱེད་རྒྱུ་ཡིན་ཟེར།

འབྲི་ཆུ་ཡུལ་ཚོ་ཏང་ཨུའི་རྩ་འཛུགས་ཨུ་ཡོན་ཆོས་བཟང་སྒྲོལ་མས་བཤད་རྒྱུར།   ང་ཚོས་མྱུར་དུ་སྒྲོག་འགྲེལ་བྱ་འགུལ་གྱི་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་འཚོགས་ནས། བྱ་འགུལ་གྱི་ལག་བསྟར་ཇུས་གཞི་བཟོས་ཏེ་ཚབ་སྦྱོང་གི་རྣམ་པའི་ཐོག་ནས། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཡིག་ཆ་ཨང་དང་པོའི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པར་མ་ཟད།  བྱ་འགུལ་གྱི་ནང་དོན་དང་།  མི་སྣ་བཀོད་སྒྲིག  རྩ་འཛུགས་སྣེ་ཁྲིད། བྱ་བའི་སྒྲིག་ཁྲིམས་སོགས་ཐད་ཀྱི་ལས་འགན་ཞིབ་མོ་གཏན་འཁེལ་བྱས་བ་ཡིན།   སྒྲོག་འགྲེལ་བྱ་འགུལ་ནུས་ལྡན་ངང་སྤེལ་བར་འགན་ལེན་བྱ་ཆེད།  ཡུལ་ཚོ་ཏང་ཨུས་སྒྲོག་འགྲེལ་བྱ་འགུལ་གྱི་མགོ་ཁྲིད་ཚན་ཆུང་བཙུགས་ནས་སྒྲོག་འགྲེལ་བྱ་འགུལ་ལ་མཛུབ་སྟོན་དང་ལྟ་སྐུལ་བྱེད་པར་ཤུགས་སྣོན་བྱས་པ་དང་།   སྡེ་བ་སོ་སོས་མྱུར་དུ་བྱ་སྤྱོད་སྤེལ་ནས་སྐུལ་སློང་དང་བཀོད་སྒྲིག་བྱས་ཏེ། བྱ་འགུལ་གྱི་དམིགས་ཡུལ་དང་ནང་དོན་སྔར་ལས་གསལ་བོ་བྱས་ནས་སྒྲོག་འགྲེལ་བྱ་འགུལ་ལ་ཕན་འབྲས་ཐོབ་པར་རྨང་གཞི་བརྟན་པོ་བཏིང་ཡོད་ཟེར།

སྒྲོག་འགྲེལ་བྱེད་སྐབས། འབྲི་ཆུ་ཡུལ་ཚོའི་སྒྲོག་འགྲེལ་རུ་མི་ཚོས་ཕྱུགས་ལས་ཐོན་སྐྱེད་དང་སློབ་གསོ་སྨན་བཅོས། དམངས་སྲིད་རོགས་སྐྱོར།  གྲོང་གསེབ་བཅོས་སྐྱོང་།  གོམས་སྲོལ་བསྒྱུར་བཅོས་སོགས་ཀྱི་ནང་དོན་གཙོ་གནད་དུ་བཟུང་ནས་སྒྲོག་འགྲེལ་བྱས་ཏེ།  སྒྲོག་འགྲེལ་དེ་རྣམ་པ་ཙམ་དང་ཕྱི་ཚུལ་ཙམ་མིན་པར་མང་ཚོགས་ཀྱིས་དམངས་ཕན་དང་ཞིང་ཕན་སྲིད་ཇུས་སྣ་ཚོགས་ཤེས་ཐུབ་པ་དང་སྤྱོད་ཐུབ་པ་བྱེད་པར་འགན་ལེན་བྱས།  དེ་དང་ཆབས་ཅིག་གཞི་རིམ་དུ་བསྐྱོད་པའི་ལས་བྱེད་པས་མང་ཚོགས་ཀྱི་བསམ་བློ་དང་བསམ་ཚུལ། རེ་སྒུག་བཅས་ཤེས་རྟོགས་གང་ལེགས་ཐུབ་པ་བྱས་ནས། སྡེ་བའི་ལས་བྱེད་པ་དང་ཞིང་པར་འཕེལ་རྒྱས་ཀྱི་བསམ་ཕྱོགས་སྔར་ལས་གསལ་བོར་བཟོ་རོགས་བྱས་ཏེ།  སྲིད་ཇུས་སྒྲོག་འགྲེལ་བྱེད་པ་དང་ཆབས་ཅིག་དམངས་ཀྱི་གནས་ཚུལ་ཤེས་རྟོགས་དང་དམངས་ཀྱི་སེམས་ཁྲལ་སེལ་རྒྱུའི་འགན་ལེན་བྱས།

ཡིག་ཆ་ཨང་དང་པོས་རོང་འབྲོག་ཁུལ་གྱི་མང་ཚོགས་ལ་རེ་བ་ཚད་མེད་སྦྱིན་ཞིང་། མཛེས་སྡུག་ལྡན་པའི་གྲོང་གསེབ་དར་སྤེལ་གྱི་དཔེ་རིས་དེ་ཡངས་ཤིང་རྒྱ་ཆེ་བའི་རྩྭ་ཐང་དུ་དལ་གྱིས་བཀྲམས།

ཡིག་སྒྱུར་བ།སྒྲོལ་མ་སྐྱིད།