ཁྱུང་རྒྱས་ཤྭ་བ་གསོས་ནས་ཕྱུག་འགྱུར་ལམ་དུ་བསྐྱོད།
2024.04.08 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 0

ཤྭ་ཁྲའི་ཁྱུ་ཚོགས།

“ད་ལྟ་ཤྭ་ཁྲའི་ཤྭ་རྭ་སྐྱེ་བའི་དུས་ཚིགས་སུ་སླེབས་པས། དུས་དང་རྣམ་པ་ཀུན་ཏུ་དོ་སྣང་བྱེད་པ་ལས་ཕྱུག་འགྱུར་གྱི་ནོར་བུ་འདི་དག་སྣང་མེད་དུ་བསྐྱུར་མི་རུང་། ཉེ་ལམ་ཟི་ལིང་གྲོང་ཁྱེར་ཧོང་ཀྲུང་ཆུས་ཁྱུང་རྒྱ་ཤྭ་རའི་འགན་འཁུར་པ་ཀྲའོ་ཀྲེན་ལ་པེ་ཅིང་དང་ཟི་ལིང་ནས་གསར་བཅད་ཤྭ་རྭ་དགོས་པའི་མངག་ཉོ་འབྱོར་བས་དགའ་སྤྲོ་ཆེན་པོས་ཤྭ་ཁྲའི་གསོ་སྤེལ་ཁང་དུ་རྒྱུགས།

ཁྱུང་རྒྱའི་ཤྭ་ར་ནི་ཟི་ལིང་གྲོང་ཁྱེར་ཧོང་ཀྲུང་ཆུས་ཁྱུང་རྒྱ་བོད་རིགས་ཡུལ་ཚོ་རུ་ཡོད་ལ། ཤྭ་ཁྲང་དག་རི་བོར་བརྟེན་ནས་གྲལ་ཕྲེང་འགྲིག་མོས་ལས་ཡོད་ལ་མཐོ་དམའ་ཕན་ཚུན་བསྣོལ་ཡོད་པས་མིག་ཏུ་མཛེས་པར་སྣང་ཞིང་། རྩྭ་ཁང་སྟེང་དུ་རྩྭ་རི་ལྟར་སྤུངས་འདུག ཤྭ་ཁྲང་ནང་གི་ཤྭ་དག་གི་ལུས་ལ་འོད་མདངས་འཁྱུག་པ་དང་། ང་ཚོ་ཚུར་ཡོང་བའི་སྒྲ་ཐོས་མ་ཐག་དོགས་པའི་མིག་གིས་རིག་རིག་ཏུ་ལྟ་ཞིང་མི་རྒྱུས་ཡོད་ཡིན་པ་ཤེས་རྗེས་ཤྭ་བས་ཤྭ་རྭ་ལྕགས་རའི་སྟེང་དུ་བརྡར་ཏེ་ཤྭ་རྭ་རིང་པོ་དེ་མར་ཕུད་ཨེ་ཐུབ་ལ་ལྟ་བ་དང་མཚུངས། གསོ་སྤེལ་ར་བའི་ནང་གི་ཁོར་ཡུག་ཚང་མ་རྒྱུན་ལྡན་ཡིན་པ་ཤེས་རྗེས། ཀྲའོ་ཀྲེན་གྱིས་ལས་བཟོ་པ་རྣམས་ལ་ཤྭ་ཁྲ་དག་ལ་དུས་ཐོག་ཏུ་གཟན་རྩྭ་སྟེར་དགོས་པ་དང་གཙང་སྦྲ་བྱེད་དགོས་པའི་མངག་བཅོལ་བྱས། ནམ་ཟླ་ཅུང་འཁྱགས་ནའང་བྲེལ་འཚུབ་ཆེ་བའི་ཀྲའོ་ཀྲེན་གྱི་ཐོད་པའི་སྟེང་དུ་རྔུལ་ཆུ་འཛུམ་ཡོད་ལ། “གཅེས་ཕྲུག་ཚོར”ལྟ་ཞོར་དུ་ཁོའི་གདོང་ལ་འཛུམ་མདངས་ཤིག་རང་དབང་མེད་པར་རྒྱས།

ན་ནིང་གི་ཟླ9པར། ཤྭ་ཁྲ་དེ་དག་ཅི་ལེན་ཞིང་ཆེན་ཁྲང་ཁྲུན་གྲོང་ཁྱེར་ནས་ལེ་དབར་སྟོང་ཕྲག་བརྒྱུད་ནས་ཁྱུང་རྒྱར་དྲུད་ཡོང་བ་དང་། ཀྲའོ་ཀྲེན་གྱིས་ས་དམའ་ས་ནས་ས་མཐོ་སར་ཡོང་ན་ས་ཆུ་འཕྲོད་མིན་ལ་སེམས་ཁུར་བྱས། ཉིན་རྒྱུན་ཤྭ་བ་དག་གི་བདེ་ཐང་གནས་ཚུལ་དང་འཚོ་བའི་གོམས་གཤིས་དང་འཚམ་མིན་གྱི་གནས་ཚུལ་ལ་ལྟ་ཞིབ་བྱས་པར་མ་ཟད་ཟིན་ཐོར་གསལ་པོར་བཀོད། ཀྲའོ་ཀྲེན་གྱིས་དགའ་སྤྲོའི་ངང་ཕྱིར་དྲན་བྱས་ནས“སེམས་ལའང་མ་དྲན་པ་ཞིག་ལ་ཤྭ་བ་འདི་དག་གིས་ང་ཚོ་བོད་རིགས་ཡུལ་ཚོ་ལ་སྤྲོ་སྣང་ཆེན་པོ་སྦྱིན། ཡུལ་འདིར་ལོབས་པར་མ་ཟད་ལོ་ཕྱེད་ཀའི་ནང་ཤྭ་ཕྲུག་རྩེབས་པས། སྔོན་ཆད་ཀྱི་ཤྭ820ནས་ད་ལྟའི890ལ་འཕར་ཡོད། ད་ལྟ་ཁྱུང་རྒྱ་ནས་རྩེབས་པའི་ཤེའུ་ཆུང་ཞིག་ལ་ཤྭ་རྭ་སྐྱེ་མགོ་བརྩམས་སོང”ཟེར།

ཁྱུང་རྒྱ་ཡུལ་ཚོ་ནི་ཡུལ་ཁོངས་སུ་ཁྱུང་རྒྱ་རྒྱལ་ཁབ་རིམ་པའི་ནགས་ཚལ་སྤྱི་གླིང་ཡོད་པས་ནམ་ཟླ་དྲོ་ལ་རྩི་ཤིང་སྟུག་པོར་སྐྱེས་ཡོད་པ་དང་། གནས་དེར་ཤྭ་སྐྱ་དང་ཤྭ་བ་ཁྲ་རིས། ཤྭ་བ་སེར་ཆེན་སོགས་རི་སྐྱེས་སྲོག་ཆགས་སྣ་ཁ200ལྷག་འཚོ་བཞིན་ཡོད།

“ཤྭ་ཁྲར་གོམས་ལོབས་ཀྱི་ནུས་པ་དྲག་པོ་ལྡན་ལ་འཚར་ལོངས་འབྱུང་ཚད་ཀྱང་མགྱོགས། གསོ་ཡུན་ཐུང་ལ་ཕན་འབྲས་བཟང་བས། སྣེ་ཁྲིད་ཀྱི་ནུས་པ་མཐོ་བའི་ཕྱུག་འགྱུར་གྱི་ལས་གཞི་བཟང་པོ་ཞིག་ཡིན་ཟེར་ན་ཆོག” སྔ་དྲོའི་ལས་ཀ་ལས་ཚར་རྗེས་ཀྲའོ་ཀྲེན་གྱིས་ལས་ཀ་བ་རྣམས་དང་མཉམ་དུ་ཤྭ་ཁྲ་གསོ་སྤེལ་གྱི་ཁེ་སྤོགས་བརྩིས་པ་སྟེ། “ཤྭ་ཁྲའི་ལུས་ཧྲིལ་པོ་རིན་པོ་ཆེ་ཡིན། ཤྭ་རྭ་དང་ཤྭ་ཁྲག ཤྭ་ཤ་ཚང་མ་སྨན་དུ་བཀོལ་ཆོག་པས་དཔལ་འབྱོར་གྱི་རིན་ཐང་ཆེན་པོའང་ལྡན། ལོ་ཕྱེད་ཀའི་རིང་ལ། ཤྭ་རྭའི་ནང་དུ་ཤྭའི་ཐོན་རྫས་སྣ་ཁ་བཅུ་ཕྲག་ལྷག་ལས་པར་ཚོང་ཁྲོམ་དུ་དགའ་བསུ་ཆེན་པོ་ཐོབ། ཐོན་རྫས་དེ་དག་ཁྲིན་ཏུའུ་དང་ཧྲང་ཧའེ། ནན་ཅིན། ཧང་ཀྲོའུ་སོགས་སུ་བཙོངས་པས། ཡོང་སྒོ་སྒོར་འབུམ་དགུ་ལྷག་བླངས།”

ཤྭ་ཁྲ་གསོ་སྤེལ་གྱི་དགེ་མཚན་གླེང་བའི་སྐབས་སུ། ཧྲང་ཅོན་སྡེ་བའི་སྡེ་མི་བཀྲ་ཤིས་ལ་བརྗོད་མི་ཚར་བའི་གཏམ་པོ་ཞིག་ཡོད། “ཤྭ་ར་ཡོད་པས་རང་ཚང་གི་སྒོ་ཁ་རུ་གླ་བརྒྱབ་ན། བྱིས་པ་དང་ལོ་ལོན་ལ་བདག་སྐྱོང་བྱེད་ཐུབ་པར་མ་ཟད་སྒོར་མོའང་མང་པོ་བསགས་ཐུབ། ངེད་ཚང་གི་འཚོ་བའང་བྱ་བ་འདིར་བརྟེན་ནས་ཇེ་བཟང་དུ་གྱུར་ཡོད”ཟེར། སྔོན་ཆད་ཁྱུང་རྒྱ་ཡུལ་ཚོ་རུ་བརྟེན་ཆོག་པའི་ཐོན་ལས་དང་ཁྱད་ལྡན་གྱི་ཐོན་ལས་ཤིག་མེད་པས། བཀྲ་ཤིས་དང་འདྲ་བའི་སྡེ་མི་མང་པོ་ཞིག་གིས་ཕྱི་རུ་སོང་སྟེ་གླ་བརྒྱབ་ནས་ཡོང་སྒོ་བཙལ་དགོས། ད་ལྟ། ཤྭ་ཁྲའི་ཁྱད་ལྡན་གསོ་སྤེལ་གྱིས་སྡེ་མི30ལྷག་ཁྱིམ་ཚང་གི་སྒོ་ཁ་རུ་ལས་ཀར་ཞུགས་སུ་བཅུག ཧྲང་ཅོན་སྡེ་བའི་ཐུན་མོང་དཔལ་འབྱོར་ཐད་ནས་ཁེ་སྤོགས་སྒོར་ཁྲི9བླངས་ཏེ། སྡེ་མི་དང་སྡེ་བ་ཐུན་མོང་གཉིས་ཀྱི་ཡོང་སྒོ་འཕར་བ་དོན་དངོས་སུ་མངོན་འགྱུར་བྱས།

“ད་ལོའི་བོད་ལུགས་ལོ་སར་སྐབས་སུ། སྡེ་བའི་ནང་གི་མི་མང་པོ་ཞིག་གིས་ཤྭ་ཤ་ཞིམ་པོའི་བྲོ་བ་མྱངས།” སྐལ་བཟང་ཚེ་བརྟན་དང་བཀྲ་ཤིས་གཉིས་མཉམ་དུ་ཤྭ་རའི་ནང་དུ་གླ་རྒྱག་ཏུ་ཡོང་བ་ཡིན་མོད། འོན་ཀྱང་སྐལ་བཟང་ཚེ་བརྟན་གྱི་བསམ་རྒྱ་བཀྲ་ཤིས་ལས་ཆེ།”ནོར་ལུག་འཚོ་བ་དང་བསྡུར་ན་ཤྭ་ཁྲར་རྩྭ་གང་ཡིན་གྱིས་ཆོག་པས་གཟན་རྩྭ་དང་མི་ཤུགས་ཀྱི་མ་རྩ་ཅུང་དམའ་བར་མ་ཟད། རིལ་མ་ད་རུང་སྤུས་ལེགས་ཀྱི་སྐྱེ་ལྡན་ལུད་རྫས་བྱས་ཆོག་ལ། ད་རུང་འབུད་རྫས་ཀྱང་བྱས་ཆོག་པས། ངས་བལྟས་ན་ཤྭ་ཁྲ་གསོ་སྤེལ་གྱི་འཕེལ་རྒྱས་མདུན་ལྗོངས་ལེགས་པར་བསམས་ཡོད། ངས་གོ་ཐོས་ལྟར་ན། ཤྭ་ཁྲ་འདི་དག་གི་ཕ་ཡུལ་ནི་ཁྲང་ཁྲུན་ཧྲོང་དབྱང་ཆུས་རེད། གནས་དེ་རུ་ཤྭ་ཁྲ་གསོ་སྤེལ་བྱེད་པའི་ཁྱིམ་ཚང་མང་པོ་ཡོད་ཟེར། ང་ཡང་དེའི་གསོ་སྤེལ་ར་བའི་ནང་དུ་སོང་ནས་ཤྭ་ཁྲ་གསོ་སྤེལ་གྱི་ལག་རྩལ་སྦྱངས་རྗེས་རང་ཉིད་ཀྱི་གསོ་སྤེལ་ར་བ་ཞིག་འཛུགས་འདོད”ཟེར།

སྐལ་བཟང་ཚེ་བརྟན་དང་བསམ་ཚུལ་གཅིག་པའི་མི་མི་ཉུང་བ་ཞིག་ཡོད། ཀྲའོ་ཀྲེན་གྱིས་ཀྱང་གསོ་སྤེལ་གྱི་ཉམས་མྱོང་དང་ལག་རྩལ་ཚང་མ་ཆ་ཚང་དུ་གཞན་ལ་ཁྲིད་ནས། ཤྭ་རའི་ནང་དུ་གསོ་སྤེལ་འཇོན་མི་སྐོར་ཞིག་སྐྱེད་སྲིང་བྱས་ཏེ་མཉམ་དུ་ཁྱུང་རྒྱ་ཡུལ་ཚོ་དེ་མཐོ་སྒང་ཤྭ་ཁྲའི་ཕ་ས་རུ་བསྐྲུན་རྒྱུའི་རེ་འདུན་ཡོད། “གྲོང་གསེབ་དར་སྤེལ་གྱི་གནད་འགག་ནི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་སུ་གཏོང་རྒྱུ་དེ་ཡིན་ལ། ཤྭ་རའི་འགན་འཁུར་པར་གྱུར་པའི་དུས་དེ་ནས་བཟུང་། ངས་ཚང་མ་དང་མཉམ་དུ་ཤྭ་ཁྲའི་ཁྱད་ལྡན་གསོ་སྤེལ་ཐོན་ལས་ཇེ་ཆེར་བཏང་ནས་སྡེ་མི་ཚང་མ་ཕྱུག་པོར་གཏོང་རྒྱུའི་སེམས་ཐག་བཅད་པ་ཡིན”ཞེས་ཀྲའོ་ཀྲེན་གྱི་སྐད་ཆ་ལས་ཁོ་རང་བློ་རྩ་བརྟན་པོ་ཡིན་པ་ཤེས་ཐུབ།

ད་ལོའི་ལོ་སར་གྱི་སྐབས་སུ། རང་ཡུལ་ནས་ཐོན་པའི་ཤྭའི་ཐོན་རྫས་དག་ཟི་ལིང་གི་མང་པོ་ཞིག་གི་ལོ་གསར་གྱི་ལེགས་སྐྱེས་སུ་གྱུར་ཡོད། “ཤྭ་ཁྲའི་ཁྱད་ལྡན་གསོ་སྤེལ་གཉེར་བའི་ལམ་ཁ་འདི་འགྲིག་ཡོད་པར་སྣང”ཞེས་ཀྲའོ་ཀྲེན་གྱིས་གདེང་ཚོད་ཆེན་པོས་དེ་ལྟར་བཤད། འཕེལ་རྒྱས་ཀྱི་བརྒྱུད་རིམ་ཕྱིར་དྲན་བྱས་ན། ཁྱུང་རྒྱ་ཤྭ་རར་སྲིད་གཞུང་གི་ནོར་སྲིད་ཁ་གསབ་དང་གཟིགས་སྐྱོང་དངུལ་བུན། ལག་རྩལ་གསོ་སྦྱོང་། ཚོང་རར་ཕྱིར་འཚོང་གི་བགྲོད་ལམ་བཏོད་པ་སོགས་ཀྱི་ཕྱོགས་ནས་རྒྱབ་སྐྱོར་ཐོབ། ད་ལོ་ཁྱུང་རྒྱ་ཡིས་མཚོ་སྔོན་གྱི་མཐོ་སྒང་གི་ཁྱད་ཆོས་ལྡན་ཞིང་ཐོན་ནུས་མཐོ་བའི་མཐོ་སྒང་ཤྭ་ཁྲ200ལྷག་གསོ་རྩིས་ཡོད་པ་དང་། གསོ་སྤེལ་གཞི་ཁྱོན་རྒྱ་བསྐྱེད་པའི་རྨང་གཞིའི་སྟེང་ཚོང་ལམ་རྒྱ་བསྐྱེད་པ་དང་ཐོན་ལས་ཀྱི་སྦྲེལ་ཐག་བསྲིང་རྒྱུ་དང་། ཐོན་ལས་ཀྱི་སྤོ་བསྒྱུར་རིམ་སྤར་ལ་སྐུལ་འདེད་བཏང་སྟེ། བདེ་སྐྱིད་ཀྱི་འཚོ་བ་ཤྭ་གསོ་ལས་རིགས་ལ་བརྟེན་ནས་རོལ་དུ་འཇུག་རྒྱུ་རེད།

ཡིག་སྒྱུར་བ། ཤ་བོ་རིན་མཚོ།