“ལས་བྱེད་པས་ལས་ལ་འབད་དགོས་པ་དང་། རིག་ལམ་གསལ་དགོས། རང་གཅུན་དམ་དགོས་པའི”བླང་བྱ་ལག་བསྟར་ནན་མོ་བྱེད་པའི་སྐོར་གླེང་བ།
མི་ལ་སྒྲིག་ལམ་མེད་ན་ལད་ངེས་པ་དང་། ཏང་ལ་སྒྲིག་ལམ་མེད་ན་འཆོལ་ངེས། ཏང་ཡོན་ཞིག་ལ་མཚོན་ན། སྒྲིག་ཁྲིམས་ནི་མཐོ་གནོན་གློག་སྐུད་ལྟ་བུ་ཡིན་ལ། སྲིད་ཏང་ཞིག་ལ་མཚོན་ན་སྒྲིག་ཁྲིམས་ནི་སྲོག་རྩ་ལྟ་བུ་ཡིན། ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་ཐོག“རང་གཅུན་དམ་དགོས་པའི་དོན་སྙིང་གཙོ་བོ་ནི་སྒྲིག་ཁྲིམས་ནན་སྲུང་དང་གུས་ཤིང་སྐྲག་པ། བློ་སྦྱོང་བཅས་ཡིན། སྒྲིག་ཁྲིམས་ནན་སྲུང་བྱ་རྒྱུ་ནི་རང་གཅུན་གྱི་ཚད་མཐའ་ཡིན”ཞེས་བསྟན་ཡོད། སྒྲིག་ཁྲིམས་ནི“འཆིང་ཐག”ལྟ་བུ་ཡིན་ལ།“སྲུང་འཁོར”ལྟ་བུ་ཡང་ཡིན། རང་གཅུན་དམ་པའི་གཙོ་གནད་ནི་ཚད་མཐའ་བརྟན་སྲུང་དང་། ཏང་གི་ཆབ་སྲིད་སྒྲིག་ཁྲིམས་དང་ཆབ་སྲིད་སྒྲིག་ལམ་ནན་གྱིས་བརྩི་སྲུང་བྱེད་རྒྱུ་དེ་ཡིན།
“དྲང་པོ་ཡིན་མིན་རྟོགས་འདོད་ན།། ཚད་ལྡན་ཐིག་ལ་འཇལ་བར་བྱ།། སྒོར་མོ་གྲུ་བཞི་ཤེས་འདོད་ན།། ཚད་ལྡན་ཆས་ཀྱིས་བརྟག་པར་བྱ།།” ཞིང་ཆེན་ཏང་ཨུས་ཏང་ལ་དོ་དམ་དང་དཔོན་པོ་ལེགས་སྐྱོང་། སྒྲིག་ཁྲིམས་ཀྱི་གཅུན་འདོམས་འཛིན་པ། ལམ་ལུགས་འཛུགས་སྐྲུན་འཛིན་པ། བྱ་བའི་ཚད་གཞི་འཛིན་པ་བཅས་ནི“བསྒྲུབ་ཐུབ་པ”དང“བསྒྲུབ་མི་ཐུབ་པ”ཡི་དབྱེ་མཚམས་གསལ་པོ་འབྱེད་ཆེད་ཡིན་པ་ནན་གྱིས་བསྟན། སྒྲིག་ལམ་མེད་ན་བྱ་བ་གང་ཡང་མི་འགྲུབ་ལ། སྒྲིག་ལམ་མེད་ན་སྲིད་ཏང་ལེགས་པོ་ཞིག་མི་ཡོང་། མར་ཁེ་སི་རིང་ལུགས་ཀྱི་སྲིད་ཏང་ལེགས་པོ་ཞིག་དེ་བས་ཀྱང་ཡོང་མི་སྲིད། སྒྲིག་ལམ་མེད་པའི་རྩ་འཛུགས་ཤིག་གིས་བྱ་བ་སྒྲུབ་མི་ནུས་ལ་བྱ་བ་འགྲུབ་ཀྱང་མི་སྲིད། ལྕགས་ལྟར་སྲ་བའི་སྒྲིག་ཁྲིམས་ཡོད་ཚེ། ད་གཟོད་ལྕགས་ལྟར་དམ་པའི་དཔུང་སྡེ་ཞིག་གྲུབ་ཐུབ། དངོས་ཡོད་འཚོ་བའི་ནང་། ཏང་ཡོན་དང་ལས་བྱེད་པ་ཉུང་ཤས་ཀྱི་ནང་དུ་སྔར་བཞིན་སྒྲིག་ཁྲིམས་མི་སྲུང་བ་དང་སྒྲིག་ལམ་མི་བརྩི་བ། ཚོགས་པ་སྒྲིག་པ། ཤོག་ཁག་སྒྲིག་པ། གང་བྱུང་དུ་སྨྲ་བ། རང་དབང་བག་མེད་དུ་གནས་པ། མི་བདེན་རྫུན་སྒྲིག་སོགས་ཀྱི་བྱ་སྤྱོད་ཡོད། དེའི་རིགས་ཀྱིས་ཏང་ནང་ཁུལ་དང་སྤྱི་ཚོགས་ཐོག་ཤན་ཤུགས་ངན་པ་བཟོས་ནས་ཏང་གི་བྱ་གཞག་ལ་གནོད་པ་ཚབས་ཆེན་བཟོས་ཡོད།
སྒྲིག་ཁྲིམས་ནན་སྲུང་དང་ལུགས་སྲོལ་དམ་སྲུང་བྱེད་རྒྱུ་ནི། ཏང་ཡོན་དང་ལས་བྱེད་པའི་ཏང་གཤིས་ཀྱི་ཚོད་བགམ་གལ་ཆེན་ཞིག་ཡིན་ལ། ཏང་ཡོན་དང་ལས་བྱེད་པས་ཏང་ལ་བློ་དཀར་མིན་གྱི་ཞིབ་དཔྱད་གལ་ཆེན་ཞིག་དང་། ཏང་ཡོན་དང་ལས་བྱེད་པར་ཆེས་ལེགས་པའི་སྲུང་སྐྱོབ་ཀྱང་ཡིན། དེར་བརྟེན། སྒྲིག་ཁྲིམས་སྲུང་བ་དང་ལུགས་སྲོལ་བརྩི་བ་ནི། བྱེ་བྲག་གི་སྒྲིག་ཁྲིམས་སམ་ཡང་ན་ལུགས་སྲོལ་ཞིག་ལ་གོ་བ་མིན། དེ་ནི་ཏང་ཡོན་ལས་བྱེད་པའི་ཆབ་སྲིད་ཚད་གཞིའི་སྤྱིའི་བླང་བྱ་དང་། ཏང་ཡོན་ལས་བྱེད་པའི་ཏང་གཤིས་བློ་སྦྱོང་དང་ཆབ་སྲིད་བརྟན་སྲུང་གི་སྤྱིའི་ཉིང་བསྡུས་ཡིན། སྒྲིག་ཁྲིམས་སྲུང་བ་དང་ལུགས་སྲོལ་བརྩི་བ་ནི། ཏང་ཡོན་ལས་བྱེད་པའི་དགོས་ངེས་ཀྱི་འགན་འཁྲི་ཡིན། ཏང་ཡོན་ལས་བྱེད་པ་རེ་རེ་ནས་ངེས་པར་དུ་ཏང་གི་ཆབ་སྲིད་སྒྲིག་ཁྲིམས་དང་ཆབ་སྲིད་ལུགས་སྲོལ་གྱི་སྲོག་ཤིང་འདི་ནན་སྲུང་བྱེད་པ་དང་། སྒྲིག་ཁྲིམས་ལུགས་སྲོལ་ནན་སྲུང་བྱེད་པའི་བསམ་བློའི་རང་རྟོགས་དང་བྱ་སྤྱོད་རང་རྟོགས་ལ་བརྟེན་ནས་རང་གཅུན་ནན་མོ་བྱེད་པའི་ཀུན་སྤྱོད་སྦྱོང་བརྡར་བྱས་ཏེ། མི་ཚུལ་ལྡན་ཞིག་བྱེད་པ་དང་དོན་ཡང་དག་ཅིག་བསྒྲུབ་དགོས།
སེམས་ལ་བསྲུང་བྱ་ཡོད་ན་སྤྱོད་པར་ཚོད་འཛིན་ཡོད། ང་ཚོས་ལས་དོན་ཅི་ཞིག་བསྒྲུབ་ཀྱང་ཆོག ལས་གནས་ཀྱི་མཐོ་དམའ་ག་འདྲ་ཡིན་ཡང་རུང་། ཚང་མས་སྒྲིག་ཁྲིམས་སྔོན་ལ་བཞག་ནས་དུས་དང་རྣམ་པ་ཀུན་ཏུ་སྒྲིག་ཁྲིམས་ལ་དོགས་ཟོན་ནན་མོ་བྱས་ཏེ། སྤྱོད་ཚུལ་གྱི་ཆུ་རགས་བརྟན་པོར་གཏོང་བ། ལུགས་སྲོལ་བརྩིས་ནས་དོན་བཟང་སྒྲུབ་པ། ཁྲིམས་སྲོལ་བསྲུངས་ནས་དོན་དག་སྒྲུབ་པ་བཅས་བྱས་ཏེ། ཏང་གི་ཆབ་སྲིད་སྒྲིག་ཁྲིམས་དང་ཆབ་སྲིད་ལུགས་སྲོལ་ནན་གྱིས་སྲུང་བ་རང་ཉིད་ཀྱི་ལས་དོན་ཧྲིལ་པོའི་ཁྲོད་དུ་དོན་འཁྱོལ་བྱེད་དགོས། དུས་དང་རྣམ་པ་ཀུན་ཏུ་གུས་ཤིང་སྐྲག་པའི་སེམས་འཆང་དགོས། འདོད་ཧམ་གནོད་པར་བརྩི། བསམ་ངན་རིང་དུ་དོར། གླགས་འཚོལ་མི་བྱེད་པར་རང་རྒྱུད་ཀྱི“མེ་འགོག་གྱང་རགས”བརྟན་སྲུང་བྱེད་དགོས། རང་ཉིད་ལ་དོ་དམ་དང་རང་ཉིད་ལ་ཚོད་འཛིན་བྱེད་པ། གཅུན་སྡོམ་དང་ལྟ་སྐུལ་གྱི་འོག་ནས་བྱ་བ་སྒྲུབ་པར་གོམས་པ་བཅས་བྱས་ཏེ། སྤྱི་དང་སྒེར་གྱི“ཉེན་ཟོན་ཐིག”བརྟན་སྲུང་དང་། དཀར་ནག་གི “མཐོ་གནོན་གློག་སྐུད” ལ་མི་རེག་པ། བརྩེ་སེམས་དང་བཅའ་ཁྲིམས་ཀྱི“དབྱེ་མཚམས་ཐིག”སྲུང་བ། རང་རྟོགས་ངང་ཏང་གི་སྒྲིག་ཡིག་གོང་བཀུར་དང་། ཏང་གི་སྒྲིག་སྲོལ་བརྩི་སྲུང་། སྒྲིག་ཁྲིམས་ནན་སྲུང་། ལུགས་སྲོལ་ནན་བརྩི་བཅས་བྱེད་པའི་གོམས་སྲོལ་བཟང་པོ་ཆགས་སུ་བཅུག་སྟེ། བྱ་སྤྱོད་དངོས་ལ་བརྟེན་ནས་ཏང་ཡོངས་གཅིག་གྱུར་གྱི་འདོད་བློ་དང་གཅིག་གྱུར་གྱི་འགུལ་སྐྱོད། གཅིག་གྱུར་གྱི་གོམ་སྟབས་བཅས་ཀྱི་སྒོ་ནས་མདུན་དུ་བསྐྱོད་པར་འགན་ལེན་བྱས་ཏེ། རང་ཉིད་ལེགས་པོར་བཅོས་ནས་ཚད་མཐའ་བརྟན་པོར་གཏོང་བ་དང་། རང་གཅུན་ནན་མོ་བྱས་ནས་མིག་དཔེ་སྟོན་པ་མངོན་འགྱུར་བྱེད་དགོས།
རྩོམ་སྒྲིག་པ། ཚེ་རིང་སྒྲོལ་མ།