“ལས་བྱེད་པས་ལས་ལ་འབད་དགོས། རིག་ལམ་གསལ་དགོས། རང་གཅུན་དམ་དགོས”ཞེས་པ་དེ་ད་ལྟ་མཚོ་སྔོན་གྱི་ས་གཞི་ཆེན་མོའི་སྟེང་ལས་སྒྲུབ་གསར་གཏོད་ཀྱི་དབྱངས་རྟ་སྙན་མོ་ཞིག་ཏུ་གྱུར་ཡོད། “མཚོ་སྔོན་ཤེས་པ་དང་། མཚོ་སྔོན་ལ་དགའ་བ། མཚོ་སྔོན་དར་སྤེལ་བྱེད་པའི”རླབས་ཆེན་གྱི་སྐྱོད་ལམ་སྟེང་། ང་ཚོ་ཚང་མས་བྱ་བ་དངོས་སྒྲུབ་དང་བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་བྱེད་པའི་སྙིང་སྟོབས་ལ་བརྟེན་ནས་བློ་རྩེ་གཅིག་སྒྲིམ་གྱིས་བྱ་བར་ཇུས་འགོད་དང་ཅི་ནུས་ཀྱིས་བྱ་བ་སྒྲུབ་པ། འགན་འཁྲི་སྒྲུབ་པ་བཅས་བྱས་ཚེ། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་ནང་སྐྱེས་སྒུལ་ཤུགས་དང་བསམ་པའི་སྟོབས་ཤུགས་གཞི་ནས་རྒྱུན་ཆད་མེད་པར་འབྱུང་ཐུབ།
གོ་རྟོགས་གསལ་བོ་དང་འགན་འཁྲི་འཁུར་བ། ལེགས་སྐྱེས་འབུལ་བ་བཅས་མངོན་པར་བྱེད་པའི་ཁྲོད་དུ“སྒྲུབ”ཀྱི་ནུས་པ་ངོ་མ་སྦྱོང་བརྡར་བྱེད་དགོས། “དངོས་སྒྲུབ”ནི་ཏང་ཡོན་ལས་བྱེད་པའི་གཤིས་རྒྱུད་རྩ་ཆེན་ཞིག་ཡིན་པས། དུས་རབས་ལ་འགྱུར་ལྡོག་ཇི་ལྟར་བྱུང་ཡང་དངོས་སྒྲུབ་ཀྱི་དུས་ཡུན་ནམ་ཡང་ཡོལ་མི་སྲིད། ལས་སྒྲུབ་ལས་གཏོད་ཀྱི་འཐབ་རྩོད་སྙིང་སྟོབས་ཀྱི་ནང་སྐྱེས་སྒུལ་ཤུགས་ཆེན་པོ་སྐུལ་སྤེལ་བྱས་ཏེ། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློའི་ཁྲོད་འབད་བརྩོན་ཡར་རྒྱས་ཀྱི་བློ་གྲོས་དང་རང་སྣང་གི་འཇིག་རྟེན་བསྒྱུར་བཀོད་བྱེད་པའི་སྟོབས་ཤུགས་བསྡུ་ལེན་བྱས་ཏེ། བསམ་བློའི་གོ་རྟོགས་དེ“སྒྲུབ་འདོད་སྒྲུབ་ཕོད་སྒྲུབ་ཤེས”བཅས་ཀྱི་བྱ་སྤྱོད་ཀྱི་རང་རྟོགས་སུ་བསྒྱུར་དགོས། རང་ཉིད་ཀྱི་ལས་འགན་དང་འགན་འཁྲི་གསལ་བོར་བྱེད་པ་དང་འགན་འཁུར་ཕོད་པའི་བློ་སྟོབས་དང་སྤོབས་པ་ལྡན་པར་བྱས་ནས། ལས་གནས་གང་ཞིག་ཏུ་ཡོད་ཀྱང་དཀའ་ངལ་ལ་གདོང་གཏད་ནས་རང་ཉིད་ཀྱི་འགན་འཁྲི་ཡག་པོ་སྒྲུབ་དགོས། བྱ་སྤྱོད་ཀྱི་སྟེང་ནས་འདོད་སེམས་དང་སྒེར་སེམས་མེད་པར་ལེགས་སྐྱེས་འབུལ་བའི་བླ་ན་མེད་པའི་སྙིང་སྟོབས་གསལ་འགྲེལ་བྱས་ཏེ། དད་སེམས་དང་བརྩེ་སེམས། འགན་འཁྲི་བཅས་སེམས་ལ་བཅངས་ནས། ཆེས་མཐོའི་ཚད་གཞིའི་སྟེང་ནས་བྱ་བ་རེ་རེ་ལེགས་པོར་སྒྲུབ་སྟེ་རང་འགུལ་ངང་འབད་བརྩོན་བྱེད་པའི་ཁྲོད་སྤྲོ་སྣང་མྱོང་ཐུབ་པ་བྱེད་དགོས།
ལངས་ཕྱོགས་དང་ལྟ་བ། བྱེད་ཐབས་བཅས་གསལ་བོར་བྱེད་པའི་ཁྲོད། “ཇུས་འགོད”ཀྱི་འཇོན་ཐང་བརྟན་པོ་སྦྱོང་དགོས། བསམ་ཕྱོགས་ཀྱིས་བགྲོད་ལམ་དང་རྒྱལ་ཕམ་ཐག་གཅོད་བྱེད་པ་ཡིན། དམིགས་ཡུལ་དང་དད་སེམས“ཅུང་ཆེ་རུ”བཏང་ནས་སྤྱི་དང་སྒེར་གྱི་གནད་དོན་ལ་བསམ་བློ་གསལ་པོ་བཏང་སྟེ་བཀག་རྒྱ་མེད་པར་བཟོ་བ་དང་། རང་ཉིད་ཀྱི་བྱ་བའི་ངོ་བོ་ཅི་ཞིག་ཡིན་པར་དྲི་བ་མང་ཙམ་འདོན་དགོས། “སུའི་ཆེད་དུ་དང་། སུ་ལ་བརྟེན་པ། ང་སུ་ཡིན་པ”བཅས་དངོས་གནས་གསལ་པོར་ཤེས་ན། གཞི་ནས་ང་ཚོ་“གང་དུ་འགྲོ་དགོས”པ་སྔར་ལས་ལྷག་པའི་སྒོ་ནས་གསལ་བོར་ཤེས་ཐུབ། མང་ཚོགས་དང་འབྲེལ་བ་བྱེད་པའི་དགོས་གཏུག་གི་འདུ་ཤེས་རྒྱུན་འཁྱོངས་བྱས་ནས། མི་དམངས་མང་ཚོགས་ཀྱི་དགོས་མཁོ་དང་རེ་བ། འདོད་པ་ལྟར་བྱ་བ་སྒྲུབ་དགོས། བྱ་བའི་བྱེད་ཐབས་“ནུས་ལྡན”བྱས་ཏེ་རིགས་པའི་གཞུང་ལུགས་ཀྱི་ཤེས་བྱའི་ཁྲོད་དུ་སློབ་སྦྱོང་བྱས་པའི་འཇིག་རྟེན་ལྟ་བ་དང་བརྟག་ཐབས་སྨྲ་བ་དེ་རང་ཉིད་ཀྱི་བྱ་བའི་བསམ་བློ་དང་བྱེད་ཐབས་སུ་བསྒྱུར་ནས། བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱས་ཏེ་བསམ་བློའི་རིན་ཐང་གི་འབྱུང་ཁུངས་གསལ་པོར་བྱེད་པ་དང་། ཚན་རིག་དང་མཐུན་པའི་སྒོ་ནས་ཞིབ་འཇུག་དང་བརྡར་ཤ་གཅོད་པ། གནད་ལ་འཁེལ་བའི་ཐབས་ཇུས་དང་ཇུས་འགོད་ཞིབ་ཚགས་བྱས་ནས། བྱ་བ་སོ་སོར་འཕེལ་རྒྱས་གསར་པ་དང་གྲུབ་འབྲས་གསར་པ་ཐོབ་པར་སྐུལ་འདེད་གཏོང་དགོས།
སྒྲིག་ཁྲིམས་བརྩི་སྲུང་དང་གུས་བརྩི། བློ་སྦྱོང་བཅས་བྱེད་ཤུགས་ཆེ་རུ་གཏོང་བའི་ཁྲོད་དུ“གཟབ་ནན”གྱི་རྣམ་པ་གསར་པ་མངོན་དགོས། ཆབ་སྲིད་ཀྱི་བརྡར་གཅོད་ནུས་པ་ཆེ་རུ་གཏོང་བ་དང་། ཆབ་སྲིད་ཀྱི་གོ་རྟོགས་དང་ཆབ་སྲིད་ལག་བསྟར་བྱེད་ཤུགས་ཆེ་རུ་གཏོང་བ། དུས་དང་རྣམ་པ་ཀུན་ཏུ་ཏང་གི་སྒྲིག་ཁྲིམས་དང་ཁྲིམས་སྲོལ་གྱི་རྩ་བ་དམ་པོར་བཟུང་ནས། དོན་དག་ཆུང་ཡང་སྐྱོན་མེད་རྒྱ་ཡན་དུ་མི་གཏོང་བ་དང་། ཏང་གཤིས་རྩ་དོན་ལ་བརྟེན་ནས་རང་སྲུང་གོ་ཁྲབ་བྱེད་དགོས་པ་དང་། སེམས་ལ་སྒྲིག་ཁྲིམས་དམ་པོར་པོར་བཅངས་ནས་ཏང་ལ་བློ་དཀར་སེམས་དཀར་བྱེད་པ་དང་། དུས་དང་རྣམ་པ་ཀུན་ཏུ་རིག་པ་དྭངས་གསལ་གྱིས་བྱ་བ་དྲང་པོར་སྒྲུབ་དགོས། སྤྱོད་གཙང་གཞུང་དྲང་དང་། རང་སེམས་དྲང་མོ་བྱེད་པ། མི་དམངས་ཀྱི་ཁེ་ཕན་དེ་ཀུན་ལས་ལྷག་པར་ཡིད་ལ་བརྟན་པོར་བཅངས་པ། སྤྱོད་གཙང་ནི་བདེ་སྐྱིད་དང་འདོད་རྔམ་ནི་གོད་ཆགས་ཡིན་པ་ཡིད་ལ་བརྟན་པོར་བཅངས་ཏེ། དུས་ནམ་ཡང་བསམ་བློ་དང་བྱ་སྤྱོད་ཡག་པོ་བརྟན་སྲུང་བྱས་ཏེ། དྭངས་གཙང་དྲི་མེད་ཀྱི་མི་ཞིག་བྱེད་དགོས།
ཕུགས་འདུན་དང་གཟི་བརྗིད་ཀྱིས་ཁེངས་པའི་རྒྱང་སྐྱོད་ཀྱི་ལམ་དུ། ང་ཚོས“ལས་བྱེད་པས་ལས་ལ་འབད་དགོས། རིག་ལམ་གསལ་དགོས། རང་གཅུན་དམ་དགོས”པའི་ཕྱོགས་སྟོན་གསལ་བོ་བྱས་ནས། བྱ་བ་ཏན་ཏིག་གིས་སྒྲུབ་པ་དང་བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་བྱེད་པའི་སྙིང་སྟོབས་དེ་རྒྱུན་ལྡན་འཚོ་བའི་ཁྲོད་འདྲེས་པར་བྱས་ནས། བྱ་བ་རེ་རེ་ཏན་ཏན་ཏིག་ཏིག་ངང་སྒྲུབ་པ་དང་ལས་འགན་རེ་རེ་ནུས་ཤུགས་ཡོད་རྒུས་ལེགས་འགྲུབ་ཡག་པོ་བྱས་ཏེ། ཡར་ཐོན་བརྩོན་ལེན་བྱེད་པའི་རྣམ་པ་དང་བྱས་རྗེས་འཇོག་པའི་ཕུགས་འདུན། ལྷག་བསམ་ཟོལ་མེད་ཀྱི་ཁྱིམ་གཞིའི་བརྩེ་སེམས་བཅས་ལ་བརྟེན་ནས་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པར་མུ་མཐུད་དུ་འབད་བརྩོན་བྱེད་དགོས།
ཡིག་སྒྱུར་བ། གཡང་འབུམ་རྒྱལ།