སྤུས་ཚད་མཐོན་པོས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་སྤེལ་དགོས།
2024.04.15 ཁུངས། མི་དམངས་ཉིན་རེའི་ཚགས་པར། ཀློག་གྲངས། 101

  ཞིན་ཧྭ་གསར་འགྱུར་ཁང་གི་དཔྱད་གཏམ་པ།

ཏང་ཀྲུང་དབྱང་གི་མོས་མཐུན་ཐོབ་པ་བརྒྱུད། 2024ལོའི་ཟླ4པ་ནས་ཟླ7པའི་བར་ཏང་ཡོངས་སུ་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་སྤེལ་རྒྱུ་རེད། ཉེ་ལམ་ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཐིན་གྱིས<<ཏང་ཡོངས་སུ་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་སྤེལ་རྒྱུའི་སྐོར་གྱི་བརྡ་ཐོ>>པར་འགྲེམས་བྱས། ཐེངས་འདིའི་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་ནི་ཏང་གི་སྒྲིག་ཁྲིམས་འཛུགས་སྐྲུན་ལ་ཤུགས་སྣོན་བྱེད་པ་དང་ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པ་གཏིང་ཟབ་ཀྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་སྤེལ་བའི་ཐད་གསུང་བཤད་གལ་ཆེན་ཐེངས་མང་གནང་བ་དང་མཛུབ་སྟོན་གལ་ཆེན་གནང་ནས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་སྤེལ་བར་གཞི་འཛིན་ས་གལ་ཆེན་མཁོ་འདོན་གནང་ཡོད། ང་ཚོས་བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་སྟེང་གཅིག་གྱུར་ཏན་ཏིག་ཡོང་བ་བྱས་ཏེ། སྤུས་ཚད་མཐོན་པོས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་སྤེལ་ནས། ཕན་འབྲས་དངོས་ཐོབ་པར་འགན་ལེན་བྱེད་དགོས།

སྒྲིག་ཁྲིམས་ཀྱི་རང་བཞིན་ལ་ཤུགས་སྣོན་བྱས་ན། གསར་བརྗེར་ནམ་ཡང་རྒྱལ་ཁ་ཐོབ་སྲིད། སྒྲིག་ཁྲིམས་ནན་མོ་ནི་ཏང་གི་གཟི་བརྗིད་སྲོལ་རྒྱུན་དང་ཐུན་མོང་མ་ཡིན་པའི་དགེ་མཚན་ཡིན་པ་དང་། སྒྲིག་ཁྲིམས་དང་སྒྲིག་ལམ་ནན་མོར་བརྟེན་ཚེ། ཀྲུང་གོ་གུང་ཁྲན་ཏང་གིས་གཞི་ནས་གསར་བརྗེ་དང་། འཛུགས་སྐྲུན། བཅོས་སྒྱུར་བཅས་ཀྱི་ལས་དོན་ལ་རྒྱུན་ཆད་མེད་པར་རླབས་ཆེན་གྱི་རྒྱལ་ཁ་ལེན་ཐུབ།  ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་སྒྲིག་ཁྲིམས་སྔོན་དུ་འཇོག་པ་རྒྱུན་འཁྱོངས་བྱས་པ་དང་། སྒྲིག་ཁྲིམས་འཛུགས་སྐྲུན་བྱེད་པ་དེ་དུས་རབས་གསར་པའི་ཏང་འཛུགས་སྐྲུན་གྱི་སྤྱིའི་བཀོད་སྒྲིག་ཁྲོད་བཅུག་ནས།  སྒྲིག་ཁྲིམས་ནན་མོར་བརྟེན་ནས་ཏང་ཡོངས་ལ་དོ་དམ་དང་ཏང་ཡོངས་བཅོས་སྐྱོང་བྱེད་པ་རྒྱུན་འཁྱོངས་ལྷོད་མེད་བྱས་ཏེ།  ཏང་དོ་དམ་དང་ཏང་བཅོས་སྐྱོང་བྱེད་པའི་རྩིང་ལྷོད་མཉེན་གསུམ་གྱི་གནས་ཚུལ་རྩ་བའི་ཆ་ནས་བསྒྱུར་བཅོས་བྱས་ཏེ།  ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ལ་སྲ་ཞིང་བརྟན་པའི་སྒྲིག་ཁྲིམས་ཀྱི་འགན་ལེན་འདོན་སྤྲོད་བྱས།  དུས་མཚུངས་སུ་ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པ་ནམ་ཡང་ལམ་དུ་ཡོད་པ་དང་། ཏང་དོ་དམ་དང་ཏང་བཅོས་སྐྱོང་བྱེད་པ་སྐད་ཅིག་ཙམ་ཡང་ལྷོད་གཡེང་དུ་གཏོང་མི་རུང་བ་ངེས་པར་དུ་རིག་པ་དྭངས་གསལ་གྱིས་མཐོང་ཐུབ་དགོས། རིམ་པ་སོ་སོའི་ཏང་རྩ་འཛུགས་དང་། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པ་རྣམས་ཀྱིས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་སྤེལ་བའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་བྱས་ཏེ། ཏང་གི་སྒྲིག་ཁྲིམས་འཛུགས་སྐྲུན་ལ་ཤུགས་སྣོན་བྱེད་པའི་གལ་ཆེན་རང་བཞིན་དང་། ཏང་གི་སྒྲིག་ཁྲིམས་སྣང་མེད་དུ་འཇོག་པ་དང་ཏང་གི་སྒྲིག་ཁྲིམས་དང་འགལ་བའི་གནད་དོན་གྱི་གནོད་འཚེའི་རང་བཞིན་ལ་ངོས་འཛིན་བྱེད་ཚད་སྔར་ལས་གཏིང་ཟབ་ཏུ་གཏོང་བ་དང་། རིམ་པ་སོ་སོའི་ཏང་རྩ་འཛུགས་དང་འགོ་ཁྲིད་ཚན་ཁག་གིས་ཏང་གི་སྒྲིག་ཁྲིམས་འཛུགས་སྐྲུན་དམ་འཛིན་ནན་མོ་བྱེད་པར་སྐུལ་འདེད་གཏོང་བ། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་སྒྲིག་ཁྲིམས་བརྩི་སྲུང་བྱེད་པའི་རང་རྟོགས་ཇེ་དྲག་ཏུ་གཏོང་བར་སྐུལ་འདེད་གཏོང་བ།  སྒྲིག་ཁྲིམས་ནན་མོར་བརྟེན་ནས་ཏང་ཡོངས་ཀྱིས"གཏན་འཁེལ་གཉིས"ལ་བློ་བརྟན་འགྱུར་མེད་ངང་གོང་བཀུར་བྱེད་པ་དང"སྲུང་སྐྱོང་གཉིས"མཐའ་གཅིག་ཏུ་བྱེད་ཐུབ་པར་འགན་ལེན་བྱས་ཏེ། རང་རྟོགས་སྒོས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་བྱས་ནས།  བསམ་བློ་གཅིག་གྱུར་དང་བྱ་སྤྱོད་གཅིག་གྱུར། ལག་ལེན་དང་མཚམས་འཇོག་ཤེས་པ།   གང་གསུང་དེ་སྒྲུབ་བཅས་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་ཆེན་པོ་དང་མཉམ་ཤུགས་ཆེན་པོ་ཞིག་ཆགས་པར་བྱེད་དགོས།

སྤུས་ཚད་མཐོན་པོས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་སྤེལ་བར་ངེས་པར་དུ་དམིགས་འབེན་དང་བླང་བྱ་ཁོང་དུ་ཆུད་པར་བྱེད་དགོས། སྒྲིག་ཁྲིམས་ནི་ཏང་དོ་དམ་དང་ཏང་བཅོས་སྐྱོང་བྱེད་པའི"ཚད་གཞི"ཡིན་ལ་།  ཏང་ཡོན་དང་ལས་བྱེད་པས་རང་ཉིད་ཀྱི་བྱ་སྤྱོད་གཅུན་སྡོམ་བྱེད་པའི་ཚད་གཞི་དང་བསྲུང་བྱ་ཡང་ཡིན།  ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་པ་རྒྱུན་འཁྱོངས་བྱས་ཏེ།  ཏང་ཡོན་དང་ལས་བྱེད་པ་ཁ་ཤས་ཀྱིས་ཏང་སྲོལ་དང་ཏང་གི་སྒྲིག་ཁྲིམས་ལ་སེམས་ཁུར་མི་བྱེད་པ་དང་། རྒྱུས་མངའ་མེད་པ།  ཁོང་དུ་ཆུད་མེད་པ་སོགས་ཀྱི་གནད་དོན་ཐག་གཅོད་བྱེད་པར་དམིགས་ནས། ཏང་ཡོན་ལས་བྱེད་པར་སྒྲིག་ཁྲིམས་སློབ་སྦྱོང་དང་། སྒྲིག་ཁྲིམས་ཤེས་པ།  སྒྲིག་ཁྲིམས་སྲུང་བ་བཅས་ཀྱི་སློབ་གསོ་དང་ཁྲིད་སྟོན་བྱས་ཏེ། ཏང་གི་སྒྲིག་ཁྲིམས་དང་སྒྲིག་ལམ་ནི་ཅི་ཞིག་ཡིན་པ་གསལ་བོར་ཤེས་པ་དང་། ཅི་ཞིག་བྱེད་ཐུབ་པ་དང་ཅི་ཞིག་བྱེད་མི་རུང་བ་གསལ་པོ་ཤེས་པར་བྱེད་པ།   སྒྲིག་སྲོལ་དང་སྒྲིག་ཁྲིམས་བརྩི་སྲུང་བྱེད་རྒྱུ་དེ་སེམས་སུ་འཛིན་པ་དང་གཏམ་སྤྱོད་ཀྱི་ཚད་གཞིར་འགྱུར་བར་བྱས་ཏེ།  སྒྲིག་ཁྲིམས་ཀྱི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་། རང་ཉིད་གཅུན་སྡོམ་ལ་ཤུགས་སྣོན་པ། ནད་འགོག་ནུས་པ་ཇེ་མཐོར་གཏོང་བ།  ཆབ་སྲིད་ཀྱི་ངེས་ཤུགས་དང་། སྒྲིག་ཁྲིམས་ཀྱི་ངེས་ཤུགས། ཀུན་སྤྱོད་ཀྱི་ངེས་ཤུགས།  རུལ་སུངས་འགོག་ཤུགས་བཅས་ཆེ་རུ་བཏང་ནས།  ཐོག་མཐའ་བར་གསུམ་དུ་ལྷག་བསམ་རྣམ་དག་དང་།་སྤྱོད་གཙང་། འགན་འཁུར་ཕོད་པ་བཅས་བྱེད་དགོས།

སྤུས་ཚད་མཐོན་པོས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་སྤེལ་བར་ངེས་པར་དུ་སློབ་སྦྱོང་གི་གཙོ་གནད་དམ་འཛིན་བྱས་ཏེ། <<ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག་>>ལ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཐད་འབད་བརྩོན་བྱས་ནས་ཕན་འབྲས་ཐོབ་པར་བྱེད་དགོས།  སྒྲིག་སྲོལ་དང་དོན་ཚན་རེ་རེ་བཞིན་སློབ་སྦྱོང་བྱེད་པ་དང་། དོན་དངོས་དང་ཟུང་འབྲེལ་གྱིས་སློབ་སྦྱོང་བྱེད་པ་རྒྱུན་འཁྱོངས་བྱས་ཏེ།  གྱོད་གཞིར་བརྟེན་ནས་སློབ་སྦྱོང་ལ་སྐུལ་འདེད་གཏོང་བ་དང་སྦྱོང་བརྡར་ལ་བརྟེན་ནས་སློབ་སྦྱོང་ལ་རོགས་རམ་བྱེད་པ་དམ་འཛིན་ཡག་པོ་བྱས་ནས།  <<སྲོལ་ཡིག་>>སེམས་སུ་ཟུག་པར་སྐུལ་འདེད་གཏོང་བ་དང་། <<སྲོལ་ཡིག>>ཤེས་རྟོགས་དང་བེད་སྤྱོད་གཏིང་ཟབ་ཏུ་བཏང་ནས། ཏང་ཡོན་ལས་བྱེད་པར<<སྲོལ་ཡིག>>གི་དོན་སྙིང་གཙོ་བོ་དང་གཏན་འབེབས་ཀྱི་བླང་བྱ་ཡང་དག་པས་ཁོང་དུ་ཆུད་པར་སློབ་གསོ་ཁྲིད་སྟོན་བྱེད་པ་དང་། རྒྱུན་ལྡན་གྱི་གཏམ་སྤྱོད་ཀྱི་ཚད་འཇལ་ཚད་གཞི་གསལ་བོ་བྱེད་པ། ཏང་སྲོལ་དང་ཏང་གི་སྒྲིག་ཁྲིམས་ལ་བརྟེན་ནས་བསམ་བློ་དང་བྱ་སྤྱོད་ལེགས་སྒྱུར་བྱས་ནས།  ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་བྱེད་པའི་བརྒྱུད་རིམ་དེ་སྒྲིག་ཁྲིམས་ཀྱི་འདུ་ཤེས་འཛིན་ཤུགས་ཆེ་རུ་གཏོང་བ་དང་ཏང་གཤིས་བློ་སྦྱོང་བྱེད་ཤུགས་ཆེ་རུ་གཏོང་བའི་བརྒྱུད་རིམ་ངོ་མར་འགྱུར་བར་བྱེད་དགོས།

སྤུས་ཚད་མཐོན་པོས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་སྤེལ་བར་ངེས་པར་དུ་རྒྱུན་ལྡན་དང་སློབ་སྦྱོང་བཀོལ་སྤྱོད་ཟུང་འབྲེལ་བྱེད་པར་དོ་སྣང་བྱེད་དགོས། སྒྲིག་ཁྲིམས་སློབ་གསོར་ཤུགས་སྣོན་བྱེད་རྒྱུ་ནི་ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་བླང་བྱ་དོན་འཁྱོལ་དང་། ཏང་གི་སྒྲིག་ཁྲིམས་འཛུགས་སྐྲུན་ལ་ཤུགས་སྣོན་བྱེད་པའི་རྨང་གཞིའི་རང་བཞིན་དང་རྒྱུན་ལྡན་རང་བཞིན་གྱི་ལས་དོན་ཞིག་ཡིན་པས། ངེས་པར་དུ་དམ་འཛིན་ལྷོད་མེད་དང་ཡུན་རིང་འབད་བརྩོན་བྱེད་དགོས། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་ཡག་པོ་སྤེལ་བར་ཇི་མ་ཇི་བཞིན་སློབ་སྦྱོང་བྱེད་པ་དང་། མི་སྒེར་གྱི་རང་སྦྱོང་དང་གཅིག་སྡུད་སློབ་སྦྱོང་ཟུང་འབྲེལ་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། ཏང་གི་ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་། རྩ་འཛུགས་ཀྱི་སྒྲིག་ཁྲིམས། སྤྱོད་གཙང་གི་སྒྲིག་ཁྲིམས། མང་ཚོགས་ཀྱི་སྒྲིག་ཁྲིམས།  བྱ་བའི་སྒྲིག་ཁྲིམས། འཚོ་བའི་སྒྲིག་ཁྲིམས་བཅས་ལ་རྩེ་གཅིག་ཏུ་དམིགས་ནས་ཞིབ་བསྡུར་བྱས་ཏེ་སྒྲིག་ཁྲིམས་ཀྱི་འདུ་ཤེས་འཛིན་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། ཉེན་བརྡའི་སློབ་གསོར་ཤུགས་སྣོན་བྱས་ནས་སྒྲིག་འགལ་གྱི་དཔེ་མཚོན་གྱོད་གཞིར་དབྱེ་ཞིབ་གཏིང་ཟབ་བྱེད་པ་དང་། ཉེ་འགྲམ་གྱི་བྱ་བར་བརྟེན་ནས་ཉེ་འགྲམ་གྱི་མིར་སློབ་གསོ་གཏོང་བར་མཐོང་ཆེན་བྱས་ཏེ། ཏང་ཡོན་དང་ལས་བྱེད་པར་རྨོངས་གཉིད་ལས་སད་པ་དང་། ཚད་མཐའི་བསམ་གཞིགས་གལས་བོ་བྱེད་པ། གུས་སྐྲག་རྟོགས་པ་བཅས་བྱེད་དགོས། ཕྱོགས་གཉིས་དམ་འཛིན་དང་ཕྱོགས་གཉིས་ཀར་སྐུལ་འདེད་གཏོང་བར་རྒྱུན་འཁྱོངས་དང་ཕྱི་ཚུལ་རིང་ལུགས་སྤོང་གང་ཐུབ་བྱས་ཏེ། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་སྤེལ་རྒྱུ་དེ་ཏང་ཀྲུང་དབྱང་གི་ཐབས་ཇུས་དང་བཀོད་སྒྲིག་གལ་ཆེན་དོན་འཁྱོལ་དང་།  རང་ས་ཁུལ་དང་སྡེ་ཁག་རང་གི་གཙོ་གནད་ལས་དོན་ལེགས་འགྲུབ་ཡོང་བ་དང་ཟུང་འབྲེལ་དམ་ཟབ་བྱེད་པ།  ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་བྱེད་ཐབས་ཚང་མ་ལྟེ་བའི་ལས་དོན་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་ནུས་ལྡན་དུ་འགྱུར་བར་བྱེད་པ། "མཐའ་གཉིས་སུ་ལྷུང་བར"གཏན་འགོག་བཅས་བྱས་ནས།  ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོར་ཕན་འབྲས་དངོས་ཐོབ་པར་སྐུལ་འདེད་གཏོང་དགོས།

ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་སྤེལ་རྒྱུ་ནི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཡིན་པས།  རིམ་པ་སོ་སོའི་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་ངེས་པར་དུ་ཆབ་སྲིད་ཀྱི་འགན་འཁྲི་འཁུར་བ་དང་། ལག་བསྟར་དོན་འཁྱོལ་དམ་འཛིན་ལེགས་པོ་བྱས་ཏེ། སྤྱོད་ཚུལ་བཟང་པོར་བརྟེན་ནས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་གཏིང་ཟབ་དང་ཏན་ཏིག་ངང་སྤེལ་བར་ཁག་ཐེག་བྱེད་དགོས། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། སྤུས་ཚད་མཐོན་པོས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་ལས་འགན་ལེགས་སྒྲུབ་བྱས་ནས། རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ལ་སྐུལ་འདེད་གཏོང་བར་སྲ་ཞིང་བརྟན་པའི་སྒྲིག་ཁྲིམས་ཀྱི་འགན་ལེན་འདོན་སྤྲོད་བྱེད་དགོས།

ཡིག་སྒྱུར་བ། སྒྲོལ་མ་སྐྱིད།