སྒྲིག་ཁྲིམས་ནན་མོ་བཟོས་ནས་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པར་འགན་སྲུང་བརྟན་པོ་འདོན་སྤྲོད་བྱས།
2024.04.15 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 0

མཚོ་སྔོན་ཉིན་རེའི་ཚགས་པར་ཁང་གི་དཔྱད་གཏམ་པས།

ཏང་ཡོངས་སུ་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་དང་སློབ་གསོ་སྤེལ་བ་ནི་ཏང་ཀྲུང་དབྱང་གིས་བཀོད་སྒྲིག་བྱས་པའི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཡིན།     ཉིན་འགའི་སྔོན་ལ་ཞིང་ཆེན་ཏང་ཨུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚོགས་ཆུང་གིས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་དང་སློབ་གསོའི་དཔེ་ཀློག་འཛིན་གྲྭའི་མགོ་བརྩམས་པ་དང་།ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་དང་སློབ་གསོའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཏང་ཀྲུང་དབྱང་གི་འབྲེལ་ཡོད་བཀོད་སྒྲིག་བླང་བྱ་དོན་འཁྱོལ་གཏིང་ཟབ་བྱས་པ་དང་།    ཞིང་ཆེན་ཏང་ཨུའི་གོང་གི་འོག་ལ་སྣེ་ཁྲིད་ནས་སློབ་སྦྱོང་བྱས་པ་བརྒྱུད་ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་སྒྲིག་ཁྲིམས་སློབ་སྦྱོང་དང་།    སྒྲིག་ཁྲིམས་ཤེས་པ།    སྒྲིག་ཁྲིམས་གསལ་བོ་ཡིན་པ།    སྒྲིག་ཁྲིམས་སྲུང་བ་བཅས་ལ་སྐུལ་ཁྲིད་བྱས་ནས། སྒྲིག་ཁྲིམས་ནན་མོར་བརྟེན་ནས་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པར་འགན་སྲུང་བརྟན་པོ་འདོན་སྤྲོད་བྱས།

སྒྲིག་ཁྲིམས་ནི་ཏང་དོ་དམ་དང་ཏང་བཅོས་སྐྱོང་གི་ཚད་གཞི་ཡིན་ཞིང་།    སྒྲིག་ཁྲིམས་ནན་མོ་དང་འགན་འཁྲི་འཁུར་རྒྱུ་གཉིས་དམ་པོར་འབྲེལ་ཡོད།     གསར་བརྗེའི་ཕུགས་འདུན་དང་སྒྲིག་ཁྲིམས་ནན་མོའི་ཐོག་ནས་རྩ་འཛུགས་བྱས་པའི་མར་ཁེ་སིའི་རིང་ལུགས་ཀྱི་སྲིད་ཏང་ཞིག་ཡིན་པའི་ངོས་ནས། སྒྲིག་ཁྲིམས་ནན་མོ་ནི་ཀྲུང་གོ་གུང་ཁྲན་ཏང་གི་སྲོལ་རྒྱུན་བཟང་པོ་དང་ཆབ་སྲིད་ཀྱི་དགེ་མཚན་བཟང་པོ་ཡིན་ལ།    ཏང་གི་ལས་དོན་འཚར་ལོངས་དང་འཕེལ་རྒྱས་འགྲོ་བ་དང་ཆབས་ཅིག ང་ཚོའི་ཏང་ཐོག་མཐའ་བར་གསུམ་དུ་དཀའ་ངལ་ཉེན་ཁ་ཡོད་ཚད་ལས་རྣམ་པར་རྒྱལ་ནས་རྒྱལ་ཁ་ནས་རྒྱལ་ཁའི་ཕྱོགས་སུ་བསྐྱོད་པའི་འགན་ལེན་བརྟན་པོ་ཞིག་ཀྱང་ཡིན།     མིག་སྔར། མཚོ་སྔོན་ནི་ཧ་ཅང་གལ་ཆེན་ཡིན་ལ་གནད་འགག་གི་འཕེལ་རྒྱས་དུས་སྐབས་ཤིག་ཏུ་གནས་ཡོད།    དཀའ་ཚེགས་ཆེ་ལ་རྙོག་འཛིང་ཆེ་བའི་ལས་འགན་ཇི་ཙམ་འཕྲད་ན། སྒྲིག་ཁྲིམས་འཛུགས་སྐྲུན་ལ་དེ་ཙམ་གྱིས་ཤུགས་སྣོན་བརྒྱབ་སྟེ། ཞིང་ཆེན་ཡོངས་ཀྱི་ཏང་ཡོན་ལས་བྱེད་པས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བ་དང་།    བསམ་བློ་གཅིག་གྱུར་དང་བྱ་སྤྱོད་གཅིག་གྱུར། ཤེས་སྤྱོད་དང་ཤེས་མཚམས་འཇོག་པ། བཀའ་ཡོད་ན་ལག་བསྟར་དང་བཀག་སྡོམ་དགོས་པར་མཚམས་འཇོག་པ་བཅས་བྱས་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་དང་མཉམ་ཤུགས་ཆེན་པོ་ཆགས་པར་བྱ་དགོས།

རྒྱུན་ལྡན་གྱི་ལྟ་སྐུལ་དང་གྱོད་གཞི་ཞིབ་བཤེར་ཐག་གཅོད་བྱེད་སྐབས་ཏང་ཡོན་གྱིས་ཁྲིམས་འགལ་བྱས་པ་ཚང་མ་སྒྲིག་ཁྲིམས་ལ་གཏོར་བརླག་བཏང་བ་ལས་བྱུང་བ་ཡིན་ལ།    ཏང་ཡོན་ལས་བྱེད་པས་ནོར་འཁྲུལ་བཟོས་པའི་རྒྱབ་ཏུ་ཏང་གི་སྒྲིག་ཁྲིམས་ལ་སྣང་ཆུང་དང་སྣང་མེད་དུ་འཇོག་པ།    ཏང་གི་སྒྲིག་ཁྲིམས་ལ་གུས་ཤིང་སྐྲག་པའི་བསམ་པ་མེད་པ་བཅས་རྟག་ཏུ་གནས་པས། ཏང་གི་སྒྲིག་ཁྲིམས་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་རྒྱུ་ནི་ཁ་ཚ་དགོས་གཏུག་གི་བྱ་བ་ཞིག་རེད།     ཐེངས་འདིའི་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་དང་སློབ་གསོ་བརྒྱུད་ནས།    རང་ཞིང་གི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ཏང་གི་སྒྲིག་ཁྲིམས་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པའི་གལ་ཆེན་རང་བཞིན་དང་།    ཏང་གི་སྒྲིག་ཁྲིམས་སྣང་མེད་དུ་བཞག་པ།   ཏང་གི་སྒྲིག་ཁྲིམས་དང་འགལ་བའི་གནད་དོན་སེམས་ལ་མི་འཛིན་པ་དང་། ཏང་གི་སྒྲིག་ཁྲིམས་ལ་རྒྱུས་ལོན་མི་བྱེད་པ་སོགས་ཀྱི་གནད་དོན་ཐག་གཅོད་བྱ་རྒྱུར་དམིགས་ཏེ། ཏང་གི་སྒྲིག་ཁྲིམས་དང་སྒྲིག་ལམ་གང་འདྲ་ཡིན་པ་གསལ་པོར་ཤེས་དགོས་པ་དང་།    ཅི་ཞིག་སྒྲུབ་དགོས་པ་དང་ཅི་ཞིག་སྒྲུབ་མི་འོས་པ།    ཅི་ཞིག་སྒྲུབ་ཐུབ་པ།    ཅི་ཞིག་སྒྲུབ་མི་ཐུབ་པ་བཅས་སྔར་ལས་གསལ་པོ་བྱས་ནས། སྒྲིག་ཁྲིམས་ཀྱི་འདུ་ཤེས་སྔར་ལས་ཆེ་རུ་གཏོང་བ་དང་།    རང་ཉིད་ཚོད་འཛིན་བྱེད་ཤུགས་ཆེ་རུ་གཏོང་བ།    ཆབ་སྲིད་ཀྱི་ངེས་ཤུགས་དང་།    སྒྲིག་ཁྲིམས་ཀྱི་ངེས་ཤུགས།    ཀུན་སྤྱོད་ཀྱི་ངེས་ཤུགས་དང་རུལ་སུངས་འགོག་པའི་ངེས་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ། ཐོག་མཐའ་བར་གསུམ་དུ་བློ་དཀར་སེམས་དཀར་དང་འགན་འཁྲི་འཁུར་དགོས།

སློབ་སྦྱོང་གི་གཙོ་གནད་དམ་འཛིན་བྱས་ཏེ། གསར་དུ་བཟོ་བཅོས་བྱས་པའི《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པར་འབད་བརྩོན་བྱས་ནས་གྲུབ་འབྲས་ཐོབ་པ་དང་།    ཏང་གི་ཆབ་སྲིད་སྒྲིག་ཁྲིམས་དང་།    རྩ་འཛུགས་སྒྲིག་ཁྲིམས།    སྤྱོད་གཙང་སྒྲིག་ཁྲིམས།    མང་ཚོགས་ཀྱི་སྒྲིག་ཁྲིམས།    བྱ་བའི་སྒྲིག་ཁྲིམས།    འཚོ་བའི་སྒྲིག་ཁྲིམས་བཅས་ཀྱི་ཚན་རིག་དང་མཐུན་པའི་ནང་དོན་དང་།    སྲོག་ཤིང་གི་ནང་དོན།    ལག་ལེན་གྱི་བླང་བྱ་བཅས་ཁོང་དུ་ཆུད་པ་དང་གོ་བ་ལེན་པ།    རྒྱུན་ལྡན་གྱི་གཏམ་སྤྱོད་ཀྱི་ཚད་འཇལ་ཚད་གཞི་སྔར་ལས་གསལ་བོ་བྱེད་དགོས།     དེའི་ནང་ཆབ་སྲིད་ཀྱི་སྒྲིག་ཁྲིམས་ནི་ཆེས་གལ་ཆེ་བ་དང་ཆེས་གཞི་རྩ་ཡིན་པ། ཆེས་གནད་འགག་གི་སྒྲིག་ཁྲིམས་ཞིག་ཡིན། ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་སྒྲིག་ལམ་ནན་སྲུང་བྱ་རྒྱུ་ཨང་དང་པོར་འཇོག་དགོས་པ་དང་།    ཆབ་སྲིད་འཛུགས་སྐྲུན་བྱ་རྒྱུ་དེ་སྤྱི་འདོམས་དུ་འཛིན་པ་རྒྱུན་འཁྱོངས་བྱས་ཏེ། དུས་དང་རྣམ་པ་ཀུན་ཏུ་དར་ཆ་གསལ་པོ་དང་ཆབ་སྲིད་ལ་མཐོང་ཆེན་བྱ་རྒྱུ་ཨང་དང་པོར་འཇོག་དགོས། ཆབ་སྲིད་ཀྱི་ལངས་ཕྱོགས་དང་།    ཆབ་སྲིད་ཀྱི་ཁ་ཕྱོགས།    ཆབ་སྲིད་ཀྱི་རྩ་དོན།    ཆབ་སྲིད་ཀྱི་བགྲོད་ལམ་བཅས་ནན་སྲུང་བྱས་ནས།    “གཏན་འཁེལ་གཉིས་”ལ་སྙིང་ཐག་པ་ནས་བརྩི་སྲུང་བྱེད་པ་དང་།    “སྲུང་སྐྱོང་གཉིས་”མཐའ་གཅིག་ཏུ་སྒྲུབ་ཐུབ་པ་བྱས་ཏེ།    གཟབ་ནན་གྱི་སྒྲིག་ཁྲིམས་དེ་ཏང་ཡོན་ལས་བྱེད་པའི་རང་རྟོགས་ཀྱི་བརྩི་སྲུང་དང་རྒྱུན་ལྡན་གྱི་གོམས་གཤིས་སུ་བསྒྱུར་ནས། ནང་སེམས་རྒྱུད་ལ་འཇགས་པ་དང་ཕྱི་ལག་ལེན་དུ་འཁྱོལ་བར་བྱ་དགོས།

ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་དང་སློབ་གསོ་གཏིང་ཟབ་དང་དོན་དངོས་སུ་བསྐྱོད་པར་སྐུལ་འདེད་གཏོང་དགོས་ན།    དོན་ཚན་རེ་རེ་བཞིན་སློབ་སྦྱོང་དང་གཏིང་ཟབ་པ།  སེམས་སུ་འཇག་པར་བྱས་ནས་སློབ་སྦྱོང་བྱེད་དགོས།     《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》གི་དོན་ཚན་རེ་རེ་ལ་ཞིབ་འཇུག་གཏིང་ཟབ་བྱས་ཏེ། བསམ་གཞིགས་ཀྱི་ཁྲོད་དུ་སློབ་སྦྱོང་བྱེད་པ་དང་། སློབ་སྦྱོང་བྱེད་པའི་ཁྲོད་དུ་བཀོལ་སྤྱོད་བྱེད་པ། རང་ཉིད་དང་རང་ཉིད་ཀྱི་འགན་འཁྲི། བྱ་བ་བཅས་སློབ་སྦྱོང་གི་ཁྲོད་དུ་འདྲེས་པར་བྱས་ཏེ། ཇི་མ་ཇི་བཞིན་དང་དོན་དངོས། གཏིང་ཟབ་ཡུན་རིང་བཅས་ཟུང་འབྲེལ་གྱིས་སློབ་སྦྱོང་བྱས་ནས། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཀྱི་གནད་དོན་འབྱུང་བར་སྔོན་འགོག་བྱས་ཏེ་སློབ་སྦྱོང་དང་།    གཤིབ་བསྡུར།    ཞིབ་བཤེར་དང་དག་ཐེར་བཅས་བྱས་ནས། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་བྱེད་པའི་བརྒྱུད་རིམ་དེ་སྒྲིག་ཁྲིམས་ཀྱི་འདུ་ཤེས་ཇེ་ཟབ་ཏུ་གཏོང་བ་དང་།    ཏང་གཤིས་བློ་སྦྱོང་མཐོར་འདེགས་གཏོང་བའི་བརྒྱུད་རིམ་དུ་འགྱུར་བ་བྱས་ཏེ།    “ལས་བྱེད་པས་ལས་ལ་འབད་དགོས། རིག་ལམ་གསལ་དགོས། རང་གཅུན་དམ་དགོས་པའི་”ཁོར་ཡུག་བཟང་བོ་ཞིག་མུ་མཐུད་དུ་བསྐྲུན་དགོས།

མི་ལ་སྒྲིག་ལམ་མ་བཟུང་ན་ལད་འགྲོ་ལ།    ཏང་གིས་སྒྲིག་ལམ་མ་བཟུང་ན་ཟང་ཟིང་དུ་འགྱུར་ངེས།     ང་ཚོས་ནམ་ཡང་ལམ་བུའི་སྟེང་དུ་ཡོད་པའི་སྙིང་རུས་ལ་བརྟེན་ནས་བློ་དཀར་དང་གུས་ཤིང་སྐྲག་པ།    འགན་འཁྲི་བཅས་སློབ་སྦྱོང་བྱས་ཏེ། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་དང་སློབ་གསོའི་གྲུབ་འབྲས་དེ་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་ཆེན་པོ་ཞིག་ཏུ་འགྱུར་བར་བྱ་དགོས།

ཡིག་སྒྱུར་བ། ཤ་བོ་རིན་མཚོ།