ཁྱད་ལྡན་ཐོན་ལས་ཀྱི་ཚོང་ལམ་ཡངས།
2024.04.22 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 4

 དཔྱིད་ཀར་ཁ་བ་བབས་པས། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཡུས་ཧྲུའུ་གྲོང་ཁྱེར་གྱི་ཁོ་ར་ཁོར་ཡུག་ཀུན་ཏུ་དངུལ་གྱིས་བརྒྱན་པ་དང་མཚུངས། ཕྱི་རོལ་གྱི་དྲོད་ཚད་སྔར་བཞིན་གོར་ཐིག་མན་ཡིན་རུང་། ཡུས་ཧྲུའུ་ཁུལ་ཀྲུང་ཁང་དབྱར་རྩྭ་བཏུང་བ་ཚད་ཡོད་ཀུང་སིའི་ལས་ཡུལ་དུ་བྲེལ་འཚུབ་ཀྱིས་ཁེངས་འདུག

ཉེ་ལམ།  གསར་འགོད་པས་བྱ་ཆུ་ཁོག་ལམ་དུ་གནས་པའི་ཀྲུང་ཁང་ཀུང་སིའི་འཁོར་ཁང་གི་སྒེའུ་ཁུང་བརྒྱུད་ནས་ནང་དུ་བལྟས་པ་ན། ཤེལ་དམ་ལས་པ་དང་དེའི་ནང་དུ་བཏུང་བ་ལྡུག་པ། ཚོང་རྟགས་སྦྱོར་བ། ཕྱི་ཐུམ་རྒྱག་པ་སོགས་ལས་ཡུལ་དུ་རང་འགུལ་ཅན་གྱི་ཐོན་སྐྱེད་བཟོ་རིམ་གཅིག་གི་སྣེ་མོར་གཅིག་མཐུད་ནས་འཁོར་སྐྱོད་བྱེད་པ་དང་། ལས་རྐང་སོ་སོའི་ལས་བཟོ་པ་རྣམས་ཀྱིས་སྒྲིག་ཆས་བཀོལ་སྤྱོད་དང་ཐོན་རྫས་ཡར་སྣུར་མར་སྣུར་བྱེད་པ་སོགས་ཀྱི་ཐད་ནས་ཕན་ཚུན་ལ་གཞོགས་འདེགས་བྱས་པ་ཤིན་ཏུ་བཟང་ཞིང་། ཁྱད་ལྡན་བཏུང་བའི་སྒམ་རེ་རེ་བཞིན་མཛོད་ཁང་དུ་བསྐྱལ་ཏེ་ཞིང་ཆེན་ཕྱི་ནང་དུ་འདྲུད་པར་གྲ་སྒྲིག་བྱེད་བཞིན་ཡོད།

“རི་འགྲམ་དུ་རི་ལ་བརྟེན་པ་དང་ཆུ་འགྲམ་དུ་ཆུ་ལ་བརྟེན་དགོས”ཟེར་བའི་དཔེ་བཞིན།  ཡུས་ཧྲུའུ་ཡི་ལྷད་མེད་དང་བདེ་ཐང་གི་ཐུན་མོང་མ་ཡིན་པའི་ཐོན་ཁུངས་བེད་སྤྱད་ནས། 2021ལོའི་ཟླ6པར། ཡུས་ཧྲུའུ་ཁུལ་ཀྲུང་ཁང་དབྱར་རྩྭ་བཏུང་བ་ཚད་ཡོད་ཀུང་སི་བཙུགས་པར་མ་ཟད་བཟོ་གྲྭའང་ལས། དང་ཐོག་ཀུང་སིས་དབྱར་རྩྭ་རྒྱུ་ཆ་ཡིན་པའི་དབྱར་རྩྭའི་བཏུང་བ་བཙོང་རྩིས་བྱས་མོད། འོན་ཀྱང་ལོ་གཅིག་གི་རིང་ལ་འཚོལ་སྙེག་དང་ལག་ལེན་དུ་བསྟར་བ་བརྒྱུད་ནས་དབྱར་རྩྭའི་ངོ་བོ་ནི་ཤ་མོའི་རིགས་ཡིན་པས། བཏུང་བ་རུ་བཟོས་ན་ཡུན་རིང་དུ་འཇོག་ཐབས་བྲལ་བས་ཐོན་རྫས་ཀྱི་རྒྱུ་སྤུས་ཇེ་ཞན་དུ་འགྱུར་བ་དང་ཕྱིར་འཚོང་ཐད་ཤུགས་རྐྱེན་ཐེབས་སྲིད་པ་རེད། 2023ལོར། ཀུང་སི་ཡིས་རིག་ལམ་བསྒྱུར་ནས། ཡུལ་དེའི་མི་ཚང་མ་ཟ་རྒྱུར་དགའ་བའི་གདོད་མའི་སྐྱེ་ཁམས་ཀྱི་རྩི་ཤིང་གྲོ་མ་དེ་བཏུང་བ་ཐོན་སྐྱེད་ཀྱི་རྒྱུ་ཆ་བྱེད་རྒྱུ་བྱས། འགྱུར་ལྡོག་དེས་ཁེ་ལས་ཐོན་སྐྱེད་ཀྱི་ཚོང་གཉེར་ཐབས་ལམ་ཇེ་མགྱོགས་སུ་བཏང་།

“གཟའ་སྔོན་མར་ང་ཚོ་ཚང་མ་ལས་རྐང་དུ་ཐོན་པ་ཡིན།  ཀུང་སིའི‘མཚོ་སྔོན་གཅེས་ནོར’གྱི་ཟོང་རྟགས་གྲོ་མའི་སིལ་ཁུ་དང་གྲོ་མའི་ཐུག་པ། གྲོ་མའི་ཁུ་བ་སོགས་ཀྱི་བཏུང་བ་དང་གཙང་ཆུའི་ཐོན་སྐྱེད་ལས་ཡུལ3འཁོར་སྐྱོད་བྱས་པ་ཅུང་བཟང་། ཚང་མས་རྣམ་རིག་བསྒྲིམས་ནས་ལས་ཀར་ཞུགས་ཏེ་མངག་ཉོ་བྱས་ཡོད་པའི་ཐོན་རྫས་གྲ་སྒྲིག་བྱེད་བཞིན་ཡོད། མིག་སྔར། ང་ཚོས་ཡུས་ཧྲུའུ་ནང་ཁུལ་གྱི་རྫོང་འགའ་ནས་ཐོན་པའི་མངག་ཉོ་ཐོན་རྫས་གྲ་སྒྲིག་བྱེད་བཞིན་ཡོད་ལ།  དེ་དག་གི་ཕྱིར་འཚོང་མ་དངུལ་སྒོར་འབུམ་དྲུག་ལྷག་ལས་བརྒལ་ཡོད་པས་མགོ་བརྩམས་མ་ཐག་ཏུ་ཚོང་བྲིན”ཞེས་ཀུང་སིའི་སྤྱི་གཉེར་པ་ཕུན་ཚོགས་རབ་རྒྱས་ཀྱིས་དེ་ལྟར་བཤད་ཞོར་དུ་གསར་འགོད་པ་ཐོན་སྐྱེད་ལས་ཡུལ་དུ་ཁྲིད།

ལས་ཡུལ་དུ་མ་ཐོན་གོང་ནས་འཕྲུལ་འཁོར་གྱི་འཁོར་སྒྲ་ཐོས་བྱུང་། “གྲོ་མ་ནི་ང་ཚོ་ཧ་ཅང་དགའ་བའི་ཟས་རིགས་ཤིག་ཡིན། ན་ནིང་གི་ཕྱིར་འཚོང་གནས་ཚུལ་ལ་བལྟས་ན། སི་ཁྲོན་དང་བོད་ལྗོངས་སོགས་ཀྱི་ཁྲོམ་རར་ཚོང་ཧ་ཅང་བཟང་། ལོ་རེར། ང་ཚོས་མཐའ་འཁོར་གྱི་འབྲོག་པ་རྣམས་ཀྱི་ལག་ནས་རང་བྱུང་གྲོ་མ་ཏུན10ཙམ་ཉོས་ཏེ་རྒྱུ་ཆ་མཁོ་འདོན་ལ་འགན་སྲུང་བྱས་པ་དང་མཉམ་དུ། མང་ཚོགས་ཀྱི་ཡོང་སྒོའང་ཇེ་མང་དུ་བཏང་བ་ཡིན”ཞེས་ཕུན་ཚོགས་རབ་རྒྱས་ཀྱིས་དེ་ལྟར་མཚམས་སྦྱོར་བྱས།

“ཐོན་རྫས་ཀྱི་སྤུས་ཀ་དང་འཚོང་ཚད་མཐོར་འདེགས་བྱེད་ཆེད། ང་ཚོས་ཆེད་དུ་པེ་ཅིན་དང་ཀྲིན་ཀྲིག་སོགས་ནས་ཆེད་ལས་སྡེབ་སྦྱོར་པ་གདན་དྲངས་ཏེ་ཀུང་སིའི་རྐང་འཛིན་པ་ཁྲིད་དེ་སྡེབ་སྦྱོར་དང་ཞིབ་འཇུག་གསར་གཏོད་བྱེད་དུ་བཅུག་པ་ཡིན། སྲིད་གཞུང་གིས་ཁེ་ལས་ལ་རོགས་སྐྱོར་བྱེད་པའི་སྲིད་ཇུས་བཟང་པོ་རབ་དང་རིམ་པ་བཏོན་པ་བརྒྱུད་ནས། ཀུང་སིར་ད་དུང་ས་གནས་ཀྱི་ཁྱད་ལྡན་ཐོན་ལས་ཁེ་ལས་ཆུང་འབྲིང་འཕེལ་རྒྱས་གཏོང་བའི་ཆེད་དམིགས་མ་དངུལ་གྱི་རྒྱབ་སྐྱོར་ཆེན་པོ་ཐོབ་པས། ང་ཚོས་རང་ཡུལ་གྱི་གྲོ་མའི་བཏུང་བ་ཁྱད་ཆོས་ལྡན་པ་ཞིག་དང་ཟོང་རྟགས་སུ་བསྐྲུན་པའི་ཡིད་ཆེས་ཡོད་ལ་རྨང་གཞིའང་བརྟན་པོ་བཏིངས་ཡོད། ད་ལྟ། ཁེ་ལས་ཀྱིས་ཉིན་རེར་ཆ་སྙོམས་ཀྱིས་ཏུན35ཐོན་སྐྱེད་བྱེད་བཞིན་ཡོད།  རྗེས་མར་མངག་ཉོའི་གྲངས་ཀ་རྒྱུན་ཆད་མེད་པར་ཇེ་མང་དུ་སོང་བ་དང་བསྟུན་ནས།  ང་ཚོས་ཕུ་རུང་བརྫེས་ནས་ཧུར་བརྩོན་གྱིས་ལས་རྒྱུ་ཡིན”ཞེས་ཕུན་ཚོགས་རབ་རྒྱས་མ་འོངས་པའི་འཕེལ་རྒྱས་ཐད་ཡིད་ཆེས་ཀྱིས་ཁེངས་འདུག

ཤེལ་དམ་ལས་པའི་སྒྲིག་ཆས་ཀྱི་འགྲམ་དུ། ལས་གཉེར་མི་སྣས་ནན་ཏན་གྱིས་གློག་ཀླད་ཚོད་འཛིན་ཡོ་ཆས་བཀོལ་བཞིན་འདུག ཤེལ་དམ་ལས་པའི་འཕྲུལ་ཆས་ནང་དུ་ཤེལ་དམ་ཤར་མ་གཉིས་རེ་རྒྱུན་མཐུད་ནས་ལས་པ་དང་། ཅང་མ་འགོར་བར་ཤེལ་དམ་དག་ཐོན་སྐྱེད་ལྷུ་མཚམས་རྗེས་མར་བསྐྱེལ་སོང་། “ཐོན་སྐྱེད་ལས་ཡུལ་སྟེང་གི་སྤྱིར་བཏང་གི་ལས་རིམ་ཡིན་པའི་ཤེལ་དམ་ལས་པའི་འཕྲུལ་ཆས་ཀྱི་འཁོར་སྐྱོད་གནས་ཚུལ་དེ་ཁེ་ལས་ཀྱི་ཐོན་སྐྱེད་ནུས་ཤུགས་ཧྲིལ་པོར་འབྲེལ་བ་ཡོད། དེའི་རྐྱེན་གྱིས་ཀུང་སིས་ང་ཚོ་སྔ་མོ་ནས་ལས་རྐང་དུ་མངགས་པ་རེད།  ཐོན་སྐྱེད་སྒྲིག་ཆས་དང་བཟོ་གྲྭའི་ཁོར་ཡུག་སོགས་ཀྱི་ཐོན་སྐྱེད་རྒྱུ་རྐྱེན་ལ་སྲུང་སྐྱོང་དང་ཚོད་སྒྲིག་སོགས་བྱེད་དགོས”ཞེས་ཀུང་སིའི་ཁྱད་འཕགས་སྒྲིག་ཆས་བཀོལ་སྤྱོད་པ་ཚེ་རིང་དཔལ་མཆོག་གིས་དེ་ལྟར་བཤད།

ཤེལ་དམ་ལས་པའི་ལས་ཡུལ་དང་ཁ་བྲལ་རྗེས། གསར་འགོད་པ་ཚོང་རྟགས་སྦྱོར་ཁུལ་དུ་སླེབས། ལས་གཉེར་པ་སྐལ་ལྡན་གཅིག་པུས་འཕྲུལ་འཁོར་འཁོར་རྒྱུག་གི་གནས་ཚུལ་ལ་ལྟ་ཞིབ་བྱས་ཏེ། ཤེལ་དམ་རེ་རེའི་ཚོང་རྟགས་ལེགས་པོར་སྦྱར་ཡོད་མེད་ལ་ཁག་ཐེག་བྱེད་བཞིན་ཡོད།   ཁོས་བཤད་རྒྱུར།  “ཐོན་སྐྱེད་མ་བྱས་པའི་སྔོན་དུ།  ངས་ཚོང་རྟགས་ཤོག་རིལ་འཕྲུལ་ཆས་ནང་དུ་འཇོག་དགོས་པར་མ་ཟད་འཕྲུལ་ཆས་ཀྱི་མྱུར་ཚད་དང་ཚོང་རྟགས་ཀྱི་ཆེ་ཆུང་ཚང་མ་ཚོད་སྒྲིག་བྱེད་དགོས། ལོ་གསར་པར་རྣམ་པ་གསར་པ་ཡོད་དགོས་པས་ངས་སྔར་ལས་ལེགས་པོར་བསྒྲུབས་ནས་ཚང་མ་དང་མཉམ་དུ་ཧུར་བརྩོན་བྱེད་རྒྱུ་དང་། མངག་ཉོའི་ཐོན་རྫས་སྐོར་རེ་རེ་དུས་ལྟར་འགྲུབ་ཏུ་འཇུག་རྒྱུ་ཡིན”ཟེར།

ཚེ་རིང་དཔལ་མཆོག་དང་སྐལ་ལྡན་ལྟ་བུའི་ལོ་ཆུང་ལས་བཟོ་པ་ཀུང་སིའི་ནང་དུ་ད་རུང་མང་པོ་ཡོད། ཁོ་ཚོའི་ཁྲོད་ཀྱི་ཁ་ཤས་ནི་དབུལ་ཐར་ཁྱིམ་ཚང་ཡིན་ལ། ཁ་ཤས་ནི་དབང་བོ་སྐྱོན་ཅན་ཡིན། ཆེད་ལས་གསོ་སྦྱོང་དང་བྱ་བར་ལག་ལེན་བྱས་པ་བརྒྱུད་ཁོ་ཚོ་ད་ལྟ་ཀུང་སིའི་ཐོན་སྐྱེད་ལས་ཡུལ་གྱི་རྨང་རྡོ་རུ་གྱུར་ཡོད། “ད་ལྟ། ངས་ཟླ་རེར་ཆ་སྙོམས་ཀྱིས་སྒོར6000ལྷག་བཙལ་ཐུབ། ལོ་སར་རྗེས་ཀུང་སིའི་ལས་ཀ་སླར་གསོ་བྱས་ནས་ཉི་མ་འགའ་མ་གཏོགས་འགོར་མེད་རུང་ཚོང་ཟོང་སྐོར་ཐེངས་འགའ་ལ་བསྐུར་བ་ཡིན། ང་ཚོར་ལས་ཀ་ལས་པའི་བརྩོན་ཤུགས་ཆེ་བས་འཚོ་བ་སྐྱིད་པོ་རོལ་ཐུབ་པའི་རེ་བ་ཡོད”ཅེས་ཚེ་རིང་དཔལ་མཆོག་གིས་དེ་ལྟར་བཤད། །

རྩོམ་སྒྲིག་པ།སྒྲོལ་མ་སྐྱིད།