མིག་སྔར་དམ་འཛིན་དང་མ་འོངས་པ་འཆར་འགོད་བྱས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འཕེལ་རིམ་ཁྲོད་ནུས་ཤུགས་སྔར་ལས་ཆེན་པོ་འདོན་དགོས།
2024.04.26 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 12

—སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁྲུང་ཆིན་དུ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱིས་མི་སེམས་ལ་སྐུལ་མ་ཐེབས་པ་དང་མདུན་སྐྱོད་ཀྱི་ནུས་ཤུགས་གཅིག་ཏུ་སྒྲིལ།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཉེ་ལམ་ཁྲུང་ཆིན་དུ་གཟིགས་ཞིབ་མཛད་པ་དང་གསུང་བཤད་གལ་ཆེན་གནང་ནས་བཅོས་སྒྱུར་སྒོ་འབྱེད་ཁྱོན་ཡོངས་ནས་སྔར་ལས་གཏིང་ཟབ་ཏུ་བཏང་སྟེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཁྲུང་ཆིན་གྱི་ལེའུ་རྒྱུན་ཆད་མེད་པར་འབྲི་དགོས་ཞེས་ནན་བཤད་གནང་།     རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་གོ་བ་ནན་ཏན་ལེན་པ་དང་།    ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་མཛུབ་ཁྲིད་འོག རང་འགན་གྱི་ལས་གནས་ལ་གཞི་ཚུགས་ནས་དངོས་སྒྲུབ་དངོས་གཉེར་དང་།    ཡར་རྒྱས་བརྩོན་ལེན།    འགན་འཁྲི་འཁུར་བ་བཅས་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་ཆེན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་སྔར་ལས་ཆེ་བ་དང་གསར་པ་འབུལ་དགོས།

སྔོན་ཐོན་གྱི་བློ་སྟོབས་ལ་བརྟེན་ནས་བཅོས་སྒྱུར་སྒོ་འབྱེད་སྔར་ལས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་སྤེལ་དགོས།

ཁྲུང་ཆིན་གྲོང་ཁྱེར་ཧྲ་ཕིན་པའི་ཆུས་སུ་གནས་པའི་ཁྲུང་ཆིན་རྒྱལ་སྤྱིའི་ཟོག་འགྲེམས་ལྟེ་བའི་གླིང་ཁུལ་དུ་བསྐྱོད་སྐབས། དོས་སྒམ་སྣ་ཚོགས་གྲལ་འགྲིག་པོར་བཞག་ནས་ལྗིད་འདེགས་འཁོར་ལོ་སེར་པོས་བྲེལ་ཟིང་གི་རྣམ་པ་མཐོང་ཐུབ།

“སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཟོག་འགྲེམས་ནི་དངོས་ཕུང་དཔལ་འབྱོར་གྱི་རྩ་བ་ཡིན། ཁྲུང་ཆིན་གྱིས་ནུབ་རྒྱུད་སྐམ་མཚོའི་བགྲོད་ལམ་གསར་པ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་ཐེག་ས་གལ་ཆེན་ལ་ཤུགས་རྒྱག་པའི་ངོས་ནས། ཟོག་འགྲེམས་གླིང་གིས་ངེས་པར་དུ་ནུས་པ་སྔར་ལས་ཆེ་བ་འདོན་སྤེལ་དང་བྱས་རྗེས་སྔར་ལས་ཆེ་བ་འབུལ་དགོས”ཞེས་གསུངས། ཁྲུང་ཆིན་གྲོང་ཁྱེར་སྲིད་གཞུང་འགག་སྒོའི་ཟོག་འགྲེམས་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་ཡཱང་ལིན་གྱིས་བཤད་རྒྱུར། གོ་རིམ་རྗེས་མར་སྐྱེལ་འདྲེན་བྱེད་ཚད་དང་དངོས་ཟོག་གི་རིན་ཐང་མཐོ་རུ་གཏོང་བ།    མ་རྩ་དམའ་རུ་གཏོང་བའི་དམིགས་འབེན་ལ་དམིགས་ནས། ཁྲུང་ཆིན་ལྟེ་བའི་གྲུ་ཁའི་ཐོན་ལས་གླིང་མགྱོགས་མྱུར་སྒོས་བསྐྲུན་ཏེ། བགྲོད་ལམ་གྱི་ཟོག་འགྲེམས་ལེགས་ཆ་དེ་ནུབ་རྒྱུད་ས་ཁུལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དཔལ་འབྱོར་ལེགས་ཆ་དང་སྒོ་འབྱེད་ལེགས་ཆར་བསྒྱུར་གང་ཐུབ་བྱ་རྒྱུ་ཡིན་ཟེར།

“སྤྱི་ཁྱབ་ཧྲུའུ་ཅི་ཡིས་ང་ཚོའི་བྱ་བར་དོན་སྙིང་ཆེན་པོ་ཡོད་ཅེས་གསུང་པ་དེ་ནི་ང་ཚོ་ལས་ཡུལ་དང་པོའི་ལས་བཟོ་པའི་ངོས་ནས་བརྗོད་ན་སྐུལ་ལྕག་ཅིག་རེད།”སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལ་ཡུལ་དངོས་སུ་ཉན་རྗེས། ཀྲུང་གོ་ལྕགས་ལམ་ཁྲིན་ཏུའུ་ཅུའུ་སྡེ་ཚོགས་ཚད་ཡོད་ཀུང་སིའི་ཁྲུང་ཆིན་འཕྲུལ་འཁོར་ལས་དོན་དུམ་བུའི་གློག་ཤུགས་མེ་འཁོར་གྱི་ཁ་ལོ་བ་ཅང་ཐུང་ལ་སེམས་འགུལ་ཆེན་པོ་ཐེབས།    “ཀྲུང་གོ་དང་ཡོ་རོབ་བར་གྱི་མེ་འཁོར་གྱི་ཁ་ལོ་བ་ཞིག་ཡིན་པའི་ངོས་ནས། ངས་མ་འོངས་པའི་བྱ་བའི་ཁྲོད་རང་གི་ལས་གནས་ལ་གཞི་ཚུགས་ནས་ལས་སྒོ་ཏན་ཏིག་སྤེལ་བ་དང་། ཕུ་ཐུང་ཡར་ལ་བརྫེས་ནས་འབད་བརྩོན་བྱེད་ཀྱི་ཡིན”ཟེར།

ཁྲིང་ཏུའུ་དང་ཁྲུང་ཆིན་ས་ཁུལ་གྱི་གྲོང་ཁྱེར་གཉིས་ཀྱི་དཔལ་འབྱོར་མུ་ཁྱུད་འཛུགས་སྐྲུན་བྱས་པ་དེས་ས་ཁོངས་མཐུན་སྦྱོར་ངང་འཕེལ་རྒྱས་འགྲོ་རྒྱུར་སྒུལ་ཤུགས་དང་རྒྱུན་སྲིང་གི་གསོན་ཤུགས་འདོན་སྤྲོད་བྱེད་བཞིན་ཡོད།

“སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁྲིན་ཏུའུ་དང་ཁྲུང་ཆིན་ས་ཁུལ་གྱི་གྲོང་ཁྱེར་གཉིས་ཀྱི་དཔལ་འབྱོར་མུ་ཁྱུད་འཛུགས་སྐྲུན་བྱ་རྒྱུའི་ཐད་བླང་བྱ་གསལ་བོ་བཏོན་པས། ས་ཁུལ་གཉིས་ཀྱིས་མུ་མཐུད་དུ་མཉམ་ལས་དམ་ཟབ་དང་མཐུན་སྦྱོར་འཕེལ་རྒྱས་གཏོང་རྒྱུར་ཁ་ཕྱོགས་གསལ་སྟོན་བྱས་ཡོད།” སི་ཁྲོན་ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ལིག་ཀྲའོ་ཁོས་ཀྱིས་བཤད་རྒྱུར། སི་ཁྲོན་དང་ཁྲུང་ཆིན་ཞིང་ཆེན་དང་གྲོང་ཁྱེར་གཉིས་ཀྱིས་ལས་གཞི་གལ་ཆེན་མུ་མཐུད་དུ་དམ་འཛིན་བྱས་ཏེ། ནོར་སྲིད་དང་དངུལ་རྩ།    ས་ཆ།    ཐོན་ལས།    ཤེས་ལྡན་མི་སྣ། མ་དངུལ་འཇོག་པ་སོགས་ཁྱབ་ཁོངས་ཀྱི་ཆ་ཚང་སྒྲིག་ཆས་སྲིད་ཇུས་མཐུན་སྦྱོར་ལ་ཁྱོན་ཡོངས་ནས་ཤུགས་སྣོན་བརྒྱབ་སྟེ། ས་ཁོངས་ཐོན་ཁུངས་ནུས་ལྡན་སྦྲེལ་མཐུད་དང་ཐོན་ལས་མཉམ་འགུལ་དམ་ཟབ་བྱ་རྒྱུར་སྐུལ་འདེད་བཏང་ནས། དུས་རབས་གསར་པའི་ནུབ་རྒྱུད་ཀྱི“གྲོང་ཁྱེར་གཉིས་ཀྱི་ཟིན་ཐོ”ཐུན་མོང་གིས་ཡག་པོ་བསྐྲུན་རྒྱུ་ཡིན་ཟེར།

“སྤུས་ཚད་མཐོ་བའི་འཕེལ་རྒྱས་ནི་དུས་རབས་གསར་པར་ནུབ་རྒྱུད་གསར་སྤེལ་ཆེན་མོས་གནས་སྟངས་གསར་པ་ཆགས་པར་སྐུལ་འདེད་གཏོང་བའི་ལས་འགན་ཨང་དང་པོ་དང་གནས་ལུགས་གལ་ཆེན་ཡིན།”    ཁྲུང་ཆིན་གྲོང་ཁྱེར་ཕྱོགས་བསྡུས་དཔལ་འབྱོར་ཞིབ་འཇུག་ཁང་གླིང་གི་གླིང་གཙོ་ཏིན་ཡའོ་ཡིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དོན་འཁྱོལ་ཡག་པོ་བྱེད་པར་ངེས་པར་དུ་ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ཀྱི“མིག་མངས་འགྲིག་སྐོར་གཅིག”རྒྱུན་འཁྱོངས་བྱས་ཏེ། སྔོན་ཐོན་གྱི་བློ་སྟོབས་ལ་བརྟེན་ནས་བཅོས་སྒྱུར་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བ་དང་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་རྒྱ་ཆེར་གཏོང་བ།    རྒྱལ་ཁབ་ཀྱི་འཐབ་ཇུས་གལ་ཆེན་དོན་འཁྱོལ་ཐུབ་པའི་དཔེ་སྟོན་ལས་གཞི་ཧུར་ཐག་གིས་གཏོད་པ།    སྣེ་མང་འདེགས་སྐྱོར་དང་རིམ་པ་མང་བའི་མཉམ་སྤྱོད།    དྲ་རྒྱ་ཅན་འཕེལ་རྒྱས་བཅས་ཀྱི་ས་ཁོངས་དཔལ་འབྱོར་གྱི་རྣམ་པ་གསར་པ་ཆགས་རྒྱུར་རོགས་རམ་བཅས་བྱེད་དགོས།

ཡིད་ཆེས་བརྟན་པོས་ཚན་རྩལ་གསར་གཏོད་ལ་བརྟེན་ནས་ཐོན་སྐྱེད་ནུས་ཤུགས་གསར་པ་འཕེལ་རྒྱས་གཏོང་བར་སྐུལ་འདེད་གཏང་དགོས།

ཚན་རྩལ་གསར་གཏོད་ནི་ཐོན་སྐྱེད་ནུས་ཤུགས་ཀྱི་སྤུས་ཚད་གསར་པ་གོང་དུ་སྤེལ་བའི་རྒྱུ་རྐྱེན་གཙོ་བོ་ཡིན།     ངེས་པར་དུ་ཚན་རྩལ་གསར་སྐྲུན་བྱེད་ཐབས་སུ་བྱས་ནས། ཁྱབ་ཁོངས་གསར་པ་དང་འགྲན་ལམ་གསར་པ་རྒྱུན་ཆད་མེད་པར་གསར་གཏོད་དང་འཕེལ་རྒྱས་སུ་བཏང་ནས་སྒུལ་ཤུགས་གསར་པ་དང་ལེགས་ཆ་གསར་པ་བསྐྲུན་དགོས།

“སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁྲུང་ཆིན་གྱིས་ཚན་རྩལ་གསར་སྐྲུན་གྱི་བྱ་བར་དམ་འཛིན་ནན་མོ་བྱ་རྒྱུའི་རེ་བ་བྱེད་ཀྱིན་ཡོད།    བཟོ་སྐྲུན་ལས་རིགས་ཀྱི་ལས་གཉེར་པ་ཞིག་ཡིན་པའི་ངོས་ནས་ངས་རང་འཁྲིའི་ལས་འགན་ལྕི་མོ་ཡིན་པ་ཤེས།”ཁྲང་ཨན་རླངས་འཁོར་གྱི་སྤྱིའི་འགན་འཛིན་པ་ཀྲུའུ་ཧྭ་རུང་གིས་བཤད་རྒྱུར། མ་འོངས་པར་ཁེ་ལས་ཀྱིས་མུ་མཐུད་དུ་ཚན་རྩལ་གསར་སྐྲུན་སྣེ་ཁྲིད་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ཏེ། རིག་ནུས་ཁ་ལོ་བ་དང་།    གློག་སྣོད།    མཉེན་ཆས།    རིག་ནུས་བཟོ་སྐྲུན་སོགས་ལྟེ་བའི་ཁྱབ་ཁོངས་ལ་བློ་རྩེ་གཅིག་ཏུ་གཞོལ་ནས། རླངས་འཁོར་ཐོན་རྫས་གསར་བཅོས་ལ་སྐུལ་འདེད་བཏང་སྟེ་ཁེ་ལས་ཀྱི་སྤུས་ཚད་མཐོ་བའི་རྒྱུན་མཐུད་འཕེལ་རྒྱས་མངོན་འགྱུར་བྱེད་པ་དང་ཆབས་ཅིག་སྤྱི་ཚོགས་ལ་རིན་ཐང་སྔར་ལས་ཆེ་བ་གཏོད་རྒྱུ་ཡིན་ཟེར།

ལེ་དབར་སྟོང་གི་ཕྱི་རོལ་དུ་ཀོང་ཞིས་མེ་སི་ཏཱ་སྡེ་ཚོགས་ཚད་ཡོད་ཀུང་སིའི་ཐོན་སྐྱེད་འཁོར་ཁང་དུ་འཛུལ་ཁུང་གསོར་འབིགས་འཕྲུལ་འཁོར་གསར་པ་རེ་རེ་བཞིན་གྲལ་སྒྲིག་ནས་ཕྱི་རྒྱལ་དུ་འཚོང་རྩིས་ཡོད།

“སྤྱི་ཁྱབ་ཧྲུའུ་ཅི་ཡིས་སྔོན་ཐོན་བཟོ་སྐྲུན་ལས་རིགས་རྐང་འཛིན་དུ་བྱེད་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་རྒྱུར་ཤུགས་སྣོན་བྱས་ནས། ང་ཚོའི་གོ་རིམ་རྗེས་མའི་འཕེལ་རྒྱས་ཀྱི་བསམ་ཕྱོགས་སྔར་ལས་གསལ་པོ་ཡོང་བ་བྱེད་དགོས་ཞེས་ནན་བཤད་གནང་།”ཀོང་ཞིས་མེ་སི་ཏ་སྡེ་ཚོགས་ཚད་ཡོད་ཀུང་སིའི་སྤྱིའི་འགན་འཛིན་པ་ཧོང་ཁང་ཧྭ་ཡིས་བཤད་རྒྱུར། མ་འོངས་པར་ཁེ་ལས་ཀྱིས་གོ་ལ་ཧྲིལ་པོའི་འཕེལ་རྒྱས་བཀོད་སྒྲིག་ལ་མུ་མཐུད་དུ་སྐུལ་འདེད་བཏང་ནས། ལྟེ་བའི་ལྷུ་ལག་གི་འགག་རྩའི་གནད་དོན་ལས་རྒྱུན་ཆད་མེད་པར་བརྒལ་ཏེ། ཚན་རྩལ་གསར་སྐྲུན་དང་ཐོན་ལས་གསར་སྐྲུན་མཉམ་འདྲེས་ཟབ་མོ་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་དང་། རྒྱལ་སྤྱིའི་ཁྲོམ་རའི་སྟེང་གི་ཁེ་ལས་ཀྱི་འགྲན་རྩོད་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་རྒྱུ་ཡིན་ཟེར།

ཅི་ལིན་ཁྲང་ཁྲུན་དུ་ཅི་ལིན་སློབ་ཆེན་རླངས་འཁོར་བཟོ་སྐྲུན་སློབ་གླིང་གི་དགེ་རྒན་ཆེན་མོ་ཅིན་ལིས་ཆང་གིས་ཞིབ་འཇུག་གསར་སྤེལ་ཚོགས་པའི་སྣེ་ཁྲིད་དེ་ཡུས་ཆུས་སྡེ་ཚོགས་སོགས་རླངས་འཁོར་ཁེ་ལས་ཆེ་གྲས་ཀྱི་ལག་རྩལ་དགོས་མཁོ་དང་ཟུང་འབྲེལ་བྱས་ནས། རང་འགུལ་འཁོར་ལོ་རིག་ནུས་འཁོར་སྐྱོད་ཀྱི་སྒྲོམ་གཞི་ལག་རྩལ་ཞིབ་འཇུག་གསར་སྤེལ་བྱེད་བཞིན་ཡོད།     “སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སླར་ཡང་ཡུལ་བབ་དང་བསྟུན་ནས་སྤུས་ཚད་གསར་པའི་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་རྒྱུའི་ཐད་བླང་བྱ་གལ་ཆེན་བཏོན་པ་དང་། འདེགས་སྐྱོར་ཐོན་ལས་ནི་སྤུས་ཚད་གསར་པའི་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་བའི་གཡུལ་ས་གཙོ་བོ་ཡིན་ཞེས་བསྟན་ཡོད།    ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཡི་མཛུབ་སྟོན་ལྟར་ས་གནས་ཐོན་ལས་ཀྱི་ཁྱད་ཆོས་དང་ཟུང་འབྲེལ་བྱས་ཏེ། ཐོན་ལས་ཀྱི་ལེགས་ཆ་འདོན་སྤེལ་བྱས་ཏེ་ས་བབ་དང་བསྟུན་ནས་ཚན་རིག་ཞིབ་འཇུག་གྲུབ་འབྲས་གཞན་སྒྱུར་ལ་སྐུལ་འདེད་བཏང་ནས། ཐོན་སློབ་ཞིབ་གསུམ་གྱི་འཁོར་རྒྱུག་བཟང་པོ་ཆགས་ཏེ་ཕུལ་བྱུང་གི་ས་བོན་སྔར་ལས་མང་བ་གཏོར་ནས་གནམ་ལ་འཕགས་པའི་སྡོང་བོ་ཆེན་པོ་ཞིག་ཏུ་འགྱུར་བ་བྱ་རྒྱུ་ཡིན”ཟེར།

“འགག་རྩའི་ལྟེ་བའི་ལག་རྩལ་གྱི་མཁྲེགས་གཏོར་དམག་འཐབ་ཡག་པོ་བརྒྱབ་ཚེ་གཞི་ནས་སྤུས་ཚད་གསར་པའི་ཐོན་སྐྱེད་ནུས་ཤུགས་གསོ་སྐྱོང་དང་འཕེལ་རྒྱས་གཏོང་བར་སྒུལ་ཤུགས་གསར་པ་འདོན་སྤྲོད་བྱེད་ཐུབ།”ཡུན་ནན་ལྕགས་རིགས་རྩ་ཆེན་སྡེ་ཚོགས་ཀྱི་སྤྱིའི་ལས་འཛིན་པ་ཀྲིག་ལིས་མིན་གྱིས་བཤད་རྒྱུར། “སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་རབ་དང་རིམ་པ་སློབ་སྦྱོང་གཏིང་ཟབ་བྱས་ཏེ། ཚན་རྩལ་གསར་སྐྲུན་གྱི་སྣེ་ཁྲིད་ནུས་པ་རྒྱུན་མཐུད་ངང་འདོན་སྤེལ་བྱས་ཏེ་ཐོན་ལས་ཅན་དང་།    གཞི་གྲངས་ཅན།    ལྗང་མདོག་ཅན།    རྒྱལ་སྤྱི་ཅན་བཅས་འཛུགས་སྐྲུན་ལ་སྐུལ་འདེད་ཇེ་མགྱོགས་སུ་བཏང་སྟེ། ཐོན་སྐྱེད་ལས་ཕྱོད་དང་སྤུས་ཚད་ཆུ་ཚད་མཐོ་རུ་གཏོང་བ་དང་འགྲན་རྩོད་ནུས་པ་སྔར་ལས་ཆེ་བའི་ཐོན་ལས་སྦྲེལ་ཐག་ཧྲིལ་པོའི་འཕེལ་རྒྱས་གཏོང་སྟངས་ལ་ཤུགས་སྣོན་རྒྱག་རྒྱུ་ཡིན་ཟེར།

དམངས་ཚིས་ནི་མི་དམངས་ལ་བདེ་སྐྱིད་ཆེན་པོ་བསྐྲུན་རྒྱུ་དེ་དེང་རབས་ཅན་དུ་འགྱུར་བའི་འཕེལ་རྒྱས་ཀྱི་ཁ་ཕྱོགས་སུ་བརྩི་དགོས།

ཁྲུང་ཆིན་ཅིག་ལུང་ཕོ་ཆུས་ཞེ་ཅ་ཝན་སྲང་ལམ་མིན་ཀྲུའུ་སྡེ་བའི་སྡོད་ཁུལ་དུ་བསྐྱོད་པ་ན། བགྲོད་ལམ་འགྲམ་གཉིས་སུ་གྲལ་ལྟར་འགྲིག་པའི་གློག་སྒྲོན་གསལ་ལེར་ཡོད་པ་དང་། ཏང་དང་མང་ཚོགས་ཞབས་ཞུའི་ལྟེ་གནས་དང་སྡེ་ཁུལ་གྱི་ཚོམས་ཆེན་སོགས་ཆ་ཚང་སྒྲིག་ཆས་ཏེ་སྡོད་དམངས་ཀྱི་འཚོ་བའི་སྤྲོ་གསེང་བྱེད་ས་ཡག་པོ་ཞིག་ཏུ་གྱུར་ཡོད།

“སྤྱི་ཁྱབ་ཧྲུའུ་ཅི་ཡིས་ཐུགས་ཁུར་གནང་བས་ང་ཚོའི་སེམས་སུ་དྲོད་འཁོལ་བསྩལ། མིན་ཀྲུའུ་སྡེ་བའི་སྡོད་ཁུལ་དུ་ལོ་ངོ་སུམ་ཅུའི་རིང་བསྡད་པ་དང་། གནས་འདིར་འགྱུར་ལྡོག་ཕྲན་བུ་རེ་བྱུང་བ་ཚང་མ་ངའི་སེམས་སུ་བཟུང་།” ལོ75ལ་སླེབས་ཤིང་ལས་འཁྱུར་ངལ་གསོ་བྱས་ཟིན་པའི་སྡོད་དམངས་ཁྲིན་ཏའེ་རུང་གིས་བཤད་རྒྱུར། “དེ་སྔོན་གནས་འདིའི་ཁོར་ཡུག་བཙོག་པ་དང་གྲོང་ཁྱེར་གསར་བརྗེས་བྱ་སྤྱོད་སྤེལ་རྗེས། བགྲོད་ལམ་ཁོད་སྙོམས་དང་ཁོར་ཡུག་གཙང་ཞིང་གྲལ་འགྲིག་པ་དང་། ང་ཚོའི་བདེ་སྐྱིད་ཀྱི་ཚོར་སྣང་ཡང་སྔར་ལས་ཆེ་རུ་ཕྱིན་ཡོད།    མ་འོངས་པ་ང་ཚོའི་འཚོ་བ་སྔར་ལས་ཡར་རྒྱས་དང་ངོ་མཚར་ཆེ་བའི་ཡིད་ཆེས་ཡོད”ཟེར།

“ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་དམངས་ཚིས་གལ་ཆེན་ཡིན།”གཞི་རིམ་གྱི་བྱ་བ་སྒྲུབ་མཁན་ཞིག་ཡིན་པའི་ངོས་ནས་ང་ཚོའི་བྱ་བའི་གྲུབ་འབྲས་ནི་མི་དམངས་མང་ཚོགས་ཀྱི་ཐོབ་ཚོར་དང་།    བདེ་སྐྱིད་ཚོར་བ།    བདེ་འཇགས་ཚོར་བ་བཅས་དང་ཐད་ཀར་འབྲེལ་བ་ཡོད།”ཧི་པེ་ཞིང་ཆེན་ཧྲི་ཅཱ་ཀྲོང་གྲོང་ཁྱེར་ཀྲུང་ཧྭ་སྲང་ལམ་ལྷོ་མའི་སྡེ་ཁུལ་གྱི་འགན་འཁུར་བ་ཧྥན་རོན་ཧྥིན་གྱིས་བཤད་རྒྱུར། “ང་ཚོས་སྡེ་ཁུལ་གྱི་རྒན་གསོའི་ཞབས་ཞུའི་དྲ་རྒྱ་འཛུགས་སྐྲུན་ལ་སྔར་ལས་ཤུགས་སྣོན་བརྒྱབ་སྟེ། རྒན་གསོའི་ཞབས་ཞུའི་ཤོང་ཚད་ཆེ་རུ་གཏོང་རྒྱུར་སྐུལ་འདེད་བཏང་ནས། སྡེ་ཁུལ་གྱི་སྐར་མ་15ཡི་རྒན་གསོའི་ཞབས་ཞུའི་ཚོགས་པ་ཧུར་ཐག་གིས་བསྐྲུན་ནས་རྒན་རྒོན་སྔར་ལས་མང་བ‘རང་ཁྱིམ་དུ་སྡོད་ཅིང་སྡེ་ཁུལ་དུ་སྤྲོ་སྣང་སྐྱེ་བའི’བདེ་སྐྱིད་ཀྱི་ཚེ་མཇུག་ལོངས་སུ་སྤྱོད་ཐུབ་པ་བྱ་རྒྱུ་ཡིན”ཟེར།

གྲོང་ཁྱེར་བཅོས་སྐྱོང་དེང་རབས་ཅན་དུ་འགྱུར་བའི་ཆུ་ཚད་མཐོ་རུ་གཏོང་རྒྱུ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐོག་མཐའ་བར་གསུམ་དུ་དོ་སྣང་བྱེད་པའི་དོན་ཆེན་ཞིག་རེད།

“གྲོང་ཁྱེར་བཅོས་སྐྱོང་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་རྒྱུ་དེ་སྡོད་དམངས་ཚང་མའི་རྒྱུན་ལྡན་གྱི་འཚོ་བ་དང་འབྲེལ་བ་ཡོད་ལ། རྒྱལ་སྤྱི་ཅན་གྱི་གྲོང་ཁྱེར་ཆེན་མོ་འཛུགས་སྐྲུན་བྱེད་པའི་ལྡོག་མེད་ཀྱི་ལམ་བུ་ཞིག་ཀྱང་ཡིན།”ཁྲུང་ཆིན་གྲོང་ཁྱེར་གྱི་གཞི་གྲངས་ཆེན་མོའི་ཉེར་སྤྱོད་འཕེལ་རྒྱས་དོ་དམ་ཅུའུ་ཡི་ཅུའུ་ཀྲང་ཏའེ་ཞའོ་ཧུང་གིས་བཤད་རྒྱུར། “ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཡི་བླང་བྱ་སྣ་ཚོགས་དོན་འཁྱོལ་ཡག་པོ་བྱས་ཏེ། ཁྱོན་ཡོངས་ལ‘བརྙན་ཤེལ་གཅིག་གིས་ཚོད་འཛིན་བྱེད་པ’དང་།    སྲིད་བཀའ‘མཐེབ་གཅིག་གིས་ཤེས་པ’ལག་བསྟར་བྱེད་པ་བཅས་གཞི་གྲངས་ཅན་གྱི་མཐུན་སྦྱོར་བྱ་བའི་རྣམ་པ་ཧུར་ཐག་གིས་བསྐྲུན་ནས། གྲོང་ཁྱེར་འཁོར་སྐྱོད་དང་བཅོས་སྐྱོང་གི་ཁྱབ་ཁོངས་ཡོངས་ལ་ཁྱབ་པ་དང་།    བརྒྱུད་རིམ་ཧྲིལ་པོར་ཤེས་ཚོར་བྱེད་པ།    དུས་དང་རྣམ་པ་ཀུན་ཏུ་དང་ལེན་བྱེད་པ་བཅས་ལ་སྐུལ་འདེད་བཏང་ནས་གྲོང་ཁྱེར་སྔར་ལས་བློ་གྲོས་ལྡན་པར་བྱེད་དགོས”ཟེར།

ཧྲང་ཧའེ་རུ་གྲོང་ཁྱེར་གཞི་གྲངས་ཅན་གྱི་རིགས་སྒྱུར་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བཞིན་ཡོད།     ཧྲང་ཧའེ་གྲོང་ཁྱེར་གྲོང་ཁྱེར་དོ་དམ་སྲིད་འཛིན་ཁྲིམས་འཛིན་ཅུའུ་ཡི་ཅུའུ་ཀྲང་ཞུས་ཀྲི་ཧུའུ་ཡིས་བཤད་རྒྱུར། གཞི་གྲངས་དབྱེ་ཞིབ་མ་ལག་རིམ་འཕར་རབས་བརྗེ་ལ་སྔར་ལས་སྐུལ་འདེད་གཏོང་བ་དང་། བརྙན་ལམ་ལྟ་སྐུལ་ཚོད་འཛིན་དང་གཞི་གྲངས་ཆེན་མོའི་རྩི་ཐབས་སོགས་ལག་རྩལ་བྱ་ཐབས་དང་ཟུང་འབྲེལ་བྱས་ཏེ་ལམ་བཟུང་ནས་ལམ་འགྲམ་དུ་དངོས་པོ་སྤུང་བ་དང་།    སྒོ་བརྒལ་ནས་ལས་གཉེར་བྱེད་པ།    མཉམ་སྤྱོད་རྐང་འཁོར་གང་སར་འཇོག་པ་སོགས་ཀྱི་གནད་དོན་སྔོན་ལ་ཤེས་རྟོགས་བྱེད་ཚད་མཐོ་རུ་བཏང་ནས། ཧྲང་ཧའེ་གྲོང་ཁྱེར་དོ་དམ་ཁྲིམས་འཛིན་ཚན་རིག་ཅན་དང་ཞིབ་ཚགས་ཅན། རིག་ནུས་ཅན་གྱི་ཆུ་ཚད་སྔར་ལས་མཐོ་རུ་བཏང་ནས། གྲོང་ཁྱེར་བཅོས་སྐྱོང་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་རྒྱུ་ཡིན་ཟེར།

ཕྱི་ཚུལ་རིང་ལུགས་རྒྱུན་ཆད་མེད་པར་བཅོས་སྒྲིག་བྱས་ནས་གཞི་རིམ་གྱི་ཁུར་པོ་ཆུང་དུ་གཏོང་ཐུབ་ན།    གཞི་ནས་རྒྱ་ཆེའི་ཏང་ཡོན་ལས་བྱེད་པར་འགན་འཁུར་བར་སྐུལ་མ་གཏོང་ཐུབ་ལ།    ཏང་དང་མི་དམངས་མང་ཚོགས་བར་གྱི་ཤ་ཁྲག་གི་འབྲེལ་བ་སྔར་ལས་དམ་ཟབ་ཏུ་གཏོང་ཐུབ།

“སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཕྱི་ཚུལ་རིང་ལུགས་བཅོས་སྒྲིག་བྱས་ནས་གཞི་རིམ་གྱི་ཁུར་པོ་ཇེ་ཡང་དུ་གཏོང་བའི་བྱ་བར་སླར་ཡང་བླང་བྱ་བཏོན་པ་དེའི་ཐོག་ནས་ཏང་ཀྲུང་དབྱང་གིས་སྤྱོད་ཚུལ་དྭངས་གཙང་དང་དྲང་བདེན་གྱི་ཆབ་སྲིད་སྐྱེ་ཁམས་བསྐྲུན་རྒྱུའི་ཆོད་སེམས་བརྟན་པོ་མཚོན་ཡོད།” ཀྲེ་ཅང་ཞིང་ཆེན་ཞན་ཅུའུ་རྫོང་ཞཱ་གུ་གྲོང་རྡལ་ཏང་ཨུའི་ཨུ་ཡོན་ལི་དབྱི་ཡིས་བཤད་རྒྱུར། གོ་རིམ་རྗེས་མར་སྤེལ་བཞིན་པའི་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་དང་ཟུང་འབྲེལ་བྱས་ཏེ། སྒྲིག་ཁྲིམས་ཀྱི་འདུ་ཤེས་ཇེ་ཟབ་ཏུ་གཏོང་བ་དང་སྒྲིག་ཁྲིམས་ཀྱི་རང་རྟོགས་ཆེ་རུ་གཏོང་བ།    མུ་མཐུད་ནས་ལྟ་སྐུལ་ཞིབ་བཤེར་དང་དཔྱད་ཞིབ་མང་དྲགས་པ་སོགས་ཀྱི“གནད་དོན་རྙིང་བ”བཅོས་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་བ་དང་། དུས་མཚུངས་སུ་ཕྱི་ཚུལ་རིང་ལུགས་ཀྱི་འཕེལ་ཕྱོགས་གསར་པ་དང་མཚོན་ཚུལ་གསར་པར་དོ་སྣང་ནན་མོ་བྱས་ཏེ། གཞི་རིམ་གྱི་ཁུར་པོ་ཇེ་ཡང་དུ་གཏོང་བའི་བྱ་བར་ཕན་འབྲས་གསར་པ་ཐོན་པ་རྒྱུན་མི་ཆད་པར་དམ་འཛིན་བྱས་ནས། ཁུར་པོ་ཇེ་ཡང་དུ་གཏོང་བའི་གྲུབ་འབྲས་ཀྱིས་མི་དམངས་མང་ཚོགས་ལ་ཕན་པ་སྔར་ལས་ལེགས་པོ་ཡོང་བ་བྱ་དགོས་ཟེར།

ཡིག་སྒྱུར་བ། ཤ་བོ་རིན་མཚོ།