ཏང་གི་སྒྲིག་ཁྲིམས་འཛུགས་སྐྲུན་ལ་ཤུགས་བསྣན་ཏེ་ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་བྱ་བ་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་གཏོང་དགོས།
2024.04.30 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 20

—ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོ། ལས་ཁུངས་སོ་སོས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་ཁྱོན་ཡོངས་ནས་སྤེལ།

ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་སྤེལ་བ་ནི་ཏང་གི་སྒྲིག་ཁྲིམས་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་།    ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་བྱ་བ་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཡིན།

མིག་སྔར་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་ཏང་ཡོངས་སུ་ཁྱོན་ཡོངས་དང་གོ་རིམ་ལྡན་པའི་སྒོ་ནས་སྤེལ་བཞིན་ཡོད།     རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་སྒྲིག་ཁྲིམས་ཀྱི་འདུ་ཤེས་རྒྱུན་མི་ཆད་པར་ཇེ་ཆེར་གཏོང་བ་དང་ཏང་གཤིས་བློ་སྦྱོང་ཇེ་ཟབ་ཏུ་གཏོང་བ།    ཏང་གི་སྒྲིག་ལམ་དང་ཏང་གི་སྒྲིག་ཁྲིམས་ལ་བརྟེན་ནས་བསམ་བློ་དང་བྱ་སྤྱོད་ལེགས་བཅོས་བྱས་ཏེ།    རང་གཤིས་སྦྱོང་བརྡར་དང་སྤྱོད་ཚུལ་སྲ་བརྟན་དུ་གཏོང་བ།    སྒྲིག་ཁྲིམས་ནན་མོར་བརྟེན་ནས་ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་བྱ་བར་སྐུལ་འདེད་བཏང་བ་དང་།    ཏང་གི་གསར་སྐྲུན་ནུས་པ་དང་གོང་བུར་འགྲིལ་ཤུགས། འཐབ་འཛིང་ནུས་པ་བཅས་རྒྱུན་མི་ཆད་པར་ཇེ་ཆེར་བཏང་།

ཇུས་འགོད་ཞིབ་ཚགས་བྱས་ཏེ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་དགོས།

སྒྲིག་ཁྲིམས་ནི་ཏང་དོ་དམ་དང་ཏང་བཅོས་སྐྱོང་གི“ཚད་ཤིང”ཡིན་ལ།    ཏང་ཡོན་ལས་བྱེད་པས་རང་ཉིད་ཀྱི་བྱ་སྤྱོད་ལ་ཚོད་འཛིན་བྱེད་པའི་ཚད་གཞི་དང་བསྲུང་བྱ་ཡང་ཡིན།

ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་སྒྲིག་ཁྲིམས་འཛུགས་སྐྲུན་བྱ་རྒྱུ་དེ་ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་རྩ་བཅོས་ཐབས་ཇུས་སུ་བརྩིས་ནས། དུས་རབས་གསར་པའི་ཏང་འཛུགས་སྐྲུན་གྱི་སྤྱིའི་བཀོད་སྒྲིག་ནང་བཅུག་སྟེ། ཏང་ཡོན་ལས་བྱེད་པར་ཏང་གི་སྒྲིག་ཡིག་དང་ཏང་གི་སྒྲིག་སྲོལ། ཏང་གི་སྒྲིག་ཁྲིམས་བཅས་ཀྱི་འདུ་ཤེས་འཛུགས་རྒྱུར་སློབ་གསོ་དང་ཁྲིད་སྟོན་བྱས་ཏེ། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་འཕེལ་རྒྱས་འགྲོ་རྒྱུར་སྒྲིག་ཁྲིམས་ཀྱི་འགན་སྲུང་བརྟན་པོ་འདོན་སྤྲོད་བྱས་ཡོད།

ད་ལོའི་ཟླ1ཚེས8ཉིན། སྐབས་ཉི་ཤུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྟེང་། “ཏང་གཤིས་དང་ཏང་སྲོལ། ཏང་གི་སྒྲིག་ཁྲིམས་བཅས་ཀྱི་སློབ་གསོ་གཏིང་ཟབ་སྤེལ་ནས། ཏང་གི་གཟི་བརྗིད་ལྡན་པའི་སྲོལ་རྒྱུན་དང་སྤྱོད་ཚུལ་བཟང་པོ་རྒྱུན་འཛིན་བྱས་ཏེ། གུང་ཁྲན་ཏང་ཡོན་གྱི་བླ་ན་མེད་པའི་ཕུགས་བསམ་དོན་གཉེར་སྐུལ་སློང་བྱ་དགོས”ཞེས་བཏོན་ཡོད།

ཟླ1པའི་ཚེས31ཉིན།    ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་གྲོས་ཚོགས་མགོ་འཛིན་བྱས་ནས་བརྗོད་དོན་སློབ་གསོའི་ཕྱོགས་བསྡོམས་སྙན་ཞུ་དང་བརྗོད་དོན་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་གཏོང་རྒྱུའི་སྐོར་གྱི་བསམ་འཆར་ལ་གྲོས་ཞིབ་བྱེད་སྐབས།    “རང་ཉིད་གསར་བརྗེའི་སྙིང་སྟོབས་དར་སྤེལ་བཏང་ནས་ཏང་ཡོངས་སུ་གཅིག་བསྡུས་རང་བཞིན་གྱི་སྒྲིག་ཁྲིམས་སློབ་གསོ་ལེགས་པར་སྤེལ་དགོས”ཞེས་བླང་བྱ་བཏོན།

ཟླ3པའི་ཚེས1ཉིན། 2024ལོའི་དཔྱིད་དུས་སློབ་སྐབས་ཀྲུང་དབྱང་ཏང་གི་སློབ་གྲྭའི(རྒྱལ་ཁབ་སྲིད་འཛིན་སློབ་གླིང)ལས་བྱེད་པའི་དར་གཞོན་གསོ་སྦྱོང་འཛིན་གྲྭའི་མགོ་རྩོམ་མཛད་སྒོའི་སྟེང་། “སྒྲིག་ཁྲིམས་དང་སྒྲིག་ལམ་ནན་སྲུང་བྱས་ཏེ་ནམ་ཡང་སྤྱོད་གཙང་གི་ངོ་བོ་དམ་འཛིན་བྱས་ནས། སྒྲིག་ཁྲིམས་དང་བཅའ་ཁྲིམས་ཀྱི་རྩ་རྒྱུད་ཇེ་དམ་དུ་གཏོང་དགོས”ཞེས་ནན་བཤད་བྱས།

ཟླ3པའི་ཚེས21ཉིན། ཧུའུ་ནན་དུ་རྟོག་ཞིབ་མཛད་སྐབས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་དང་སློབ་གསོར་བླང་བྱ་གསལ་པོ་བཏོན་ཏེ།    “ཏང་ཡོན་ལས་བྱེད་པར་སྒྲིག་ཁྲིམས་སློབ་སྦྱོང་དང་།    སྒྲིག་ཁྲིམས་ཤེས་པ།    སྒྲིག་ཁྲིམས་གསལ་བོར་རྟོགས་པ།    སྒྲིག་ཁྲིམས་སྲུང་བ་བཅས་བྱ་རྒྱུར་ཁྲིད་སྟོན་བྱས་ཏེ། འགོ་ཁྲིད་ལས་བྱེད་པར་ཡང་དག་པའི་དབང་ཆའི་ལྟ་བ་འཛུགས་རྒྱུར་སྐུལ་འདེད་བཏང་ནས་དབང་ཆ་དྲང་གཞག་ལྟར་བཀོལ་བ་དང་།    ཁྲིམས་ལྟར་དབང་ཆ་བཀོལ་བ།    དམངས་ཀྱི་ཆེད་དུ་དབང་ཆ་བཀོལ་བ།    སྤྱོད་གཙང་གིས་དབང་ཆ་བཀོལ་བ་བཅས་བྱེད་དགོས།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྒྱས་བཤད་གལ་ཆེན་རབ་དང་རིམ་པ་དེས་ཏང་ཡོངས་ལ་གཟབ་ནན་གྱི་རྩ་བའི་དགོངས་གཞི་སྤྱད་དེ་སྤྱོད་ཚུལ་དྲང་བདེན་དང་སྒྲིག་ཁྲིམས་ནན་ཏན་བྱ་རྒྱུར་ཁྲིད་སྟོན་བྱས་ནས། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་དང་སློབ་གསོ་སྤེལ་བར་རྩ་བའི་བརྩི་སྲུང་འདོན་སྤྲོད་བྱས་ཡོད།

ཉེ་ལམ། ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཐིན་གྱིས《ཏང་ཡོངས་སུ་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་དང་སློབ་གསོ་སྤེལ་བའི་སྐོར་གྱི་བརྡ་ཐོ》པར་འགྲེམས་བྱས།     ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོ། ལས་ཁུངས་སོ་སོས་བཀའ་རྒྱ་ཐོས་ནས་བྱ་སྤྱོད་སྤེལ་ཏེ་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་དང་སློབ་གསོ་ཏང་ཡོངས་ཀྱི་གོང་འོག་ཏུ་མགྱོགས་མྱུར་སྒོས་སྤེལ།

ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གསར་དུ་བཟོ་བཅོས་བྱས་པའི《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》ལ་གཅིག་བསྡུས་སློབ་སྦྱོང་བྱས་ནས། སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་ཁུངས་ནི་ཏང་གི“སྒྲིག་ཁྲིམས་དཔུང་སྡེ”ཡིན་པ་དང་།  ཏང་གི་སྒྲིག་ཁྲིམས་སྲུང་སྐྱོང་བྱེད་པའི་འགན་འཁྲི་གལ་ཆེན་ཕྲག་ཏུ་འཁུར་དགོས་པས།    ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་དང་སློབ་གསོ་གོ་སྐབས་སུ་བྱས་ནས་སྲོལ་ཡིག་སློབ་སྦྱོང་དང་ལག་བསྟར་དམ་འཛིན་ནན་ཏན་བྱས་ཏེ། སྒྲིག་ཁྲིམས་ཀྱི་འདུ་ཤེས་སྔར་ལས་ཆེ་རུ་གཏོང་བ་དང་།    ཏང་གཤིས་བློ་སྦྱོང་མཐོ་རུ་གཏོང་བ།    སྒྲིག་ཁྲིམས་ལག་བསྟར་བྱེད་ནུས་ཆེ་རུ་གཏོང་བ་བཅས་བྱས་ནས།“གཏན་འཁེལ་གཉིས”ལ་བརྩི་བཀུར་བརྟན་པོ་བྱེད་པ་དང་།    “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་སྒྲུབ་པའི་བསམ་བློའི་རྨང་གཞི་རྒྱུན་ཆད་མེད་པར་ཇེ་བརྟན་དུ་བཏང་སྟེ། རང་ཉིད་གསར་བརྗེའི་མིག་དཔེ་དང་སྒྲིག་སྲོལ་བརྩི་སྲུང་བྱེད་པའི་ཚད་གཞི་ཧུར་ཐག་བྱ་དགོས།

ཀྲུང་དབྱང་རྩ་འཛུགས་པུའུ་དང་ཀྲུང་དབྱང་དྲིལ་བསྒྲགས་པུའུ་ཡིས་ཐོག་མའི་དུས་ཚོད་ནང་པུའུ་ཡི་ལས་དོན་ཚོགས་འདུ་འཚོགས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་དང་སློབ་གསོའི་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་། ཀྲུང་དབྱང་ཏང་གི་འཛུགས་སྐྲུན་བྱ་བའི་འགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ཏེ། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་དང་སློབ་གསོ་སྤེལ་བ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས། བསམ་བློའི་ངོས་འཛིན་གཏིང་ཟབ་ཏུ་གཏོང་བ་དང་རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་རྒྱུ་བཅས་ནན་བཤད་གནང་།

“སློབ་སྦྱོང་དང་སློབ་གསོ་དེ་དམར་པོའི་གཞི་རྒྱུ་རྒྱུན་འཛིན་དང་ཁྲག་རྩ་དམར་པོ་རྒྱུན་མཐུད་བྱེད་པའི་བྱ་སྤྱོད་དངོས་ལ་བརྩི་དགོས་པ་དང་།    ‘གཏན་འཁེལ་གཉིས’ལ་ལྷག་བསམ་རྣམ་དག་གིས་བརྩི་བཀུར་བྱེད་པ།    ‘སྲུང་སྐྱོང་གཉིས’མཐའ་གཅིག་ཏུ་སྒྲུབ་པའི་དངོས་ཡོད་ཞིབ་བཤེར་དང་།    སྐྱོད་ལམ་གསར་པར་ཧུར་གྱིས་སྐྱོད་པ་དང་དུས་རབས་གསར་པར་བྱས་རྗེས་འཇོག་པའི་སྒུལ་ཤུགས་ཆེན་པོར་བརྩི་དགོས།” ཧྲང་ཧའེ་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གིས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་དང་སློབ་གསོ་སྤེལ་བའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་བྱས་ཏེ། སྒྲིག་ཁྲིམས་སློབ་སྦྱོང་དང་སྒྲིག་ཁྲིམས་ཤེས་པ།    སྒྲིག་ཁྲིམས་གསལ་བ།    སྒྲིག་ཁྲིམས་སྲུང་བ་བཅས་ཀྱི་ཁོར་ཡུག་ཟབ་མོ་ཞིག་བསྐྲུན་ནས། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་དང་སློབ་གསོ་སྤུས་ཚད་མཐོ་བའི་སྒོ་ནས་མགོ་རྩོམ་པ་དང་ཚད་གཞི་མཐོ་བའི་སྒོ་ནས་སྐུལ་འདེད་གཏོང་རྒྱུའི་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་ཡོད།

གུང་གཞོན་ཚོགས་པ་ཀྲུང་དབྱང་གིས་གྲོས་ཚོགས་འཚོགས་ནས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་དང་སློབ་གསོའི་བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་བྱས་ཏེ། ཏང་གི་སྒྲིག་ཁྲིམས་འཛུགས་སྐྲུན་ལ་ཤུགས་སྣོན་བྱ་རྒྱུའི་གལ་ཆེའི་རང་བཞིན་གྱི་ངོས་འཛིན་དང་ཏང་གི་སྒྲིག་ཁྲིམས་སྣང་མེད་དུ་གཏོང་བ་དང་། ཏང་གི་སྒྲིག་ཁྲིམས་ལས་འགལ་བའི་གནད་དོན་གྱི་གནོད་འཚེའི་རང་བཞིན་གྱི་ངོས་འཛིན་སྔར་ལས་གཏིང་ཟབ་ཏུ་བཏང་ནས། ཏང་ཀྲུང་དབྱང་བློ་བདེ་དང་མི་དམངས་མང་ཚོགས་ཀྱི་བློ་ཡིད་ཚིམ་པའི་དཔེ་བཟང་ལས་ཁུངས་འབད་བརྩོན་སྒོས་འཛུགས་དགོས་པའི་བླང་བྱ་བཏོན་ཡོད།

སྒྲིག་ཁྲིམས་གཟབ་ནན་ཡིན་ན་དྲང་བདེན་སྲུང་ཐུབ་པ་དང་།    དྲང་བདེན་ཡིན་ན་བློ་སེམས་གཅིག་གྱུར་བྱེད་ཐུབ་པ།   བློ་སེམས་གཅིག་གྱུར་ཡིན་ན་བྱ་བ་ལེགས་འགྲུབ་འབྱུང་ངེས།

ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོ། ལས་ཁུངས་སོ་སོས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་དང་སློབ་གསོ་བྱས་པ་བརྒྱུད། ཆབ་སྲིད་སྒྲིག་ཁྲིམས་དང་ཆབ་སྲིད་སྒྲིག་ལམ་སྔར་ལས་དམ་པོ་ཡོང་བ་དང་།    “གཏན་འཁེལ་གཉིས་”ལ་བརྩི་བཀུར་བརྟན་པོ་དང་“སྲུང་སྐྱོང་གཉིས་”མཐའ་གཅིག་ཏུ་སྒྲུབ་པ།    བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་དང་རང་རྟོགས་ཀྱིས་ཚད་མཐོའི་གཅིག་གྱུར་རྒྱུན་འཁྱོངས་དང་།    བསམ་བློ་གཅིག་གྱུར་དང་བྱ་སྤྱོད་གཅིག་གྱུར།    ལག་ལེན་དང་མཚམས་འཇོག་ཤེས་པ་དང་བཀའ་ཁྲིམས་བཀག་སྡོམ་བཅས་བྱས་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་དང་མཉམ་ཤུགས་ཆེན་པོ་ཆགས་དགོས་པ་གསལ་པོ་བཏོན་ཡོད།

དུས་ནམ་ཡང་སྒྲིག་ཁྲིམས་སློབ་སྦྱོང་དང་སྒྲིག་ཁྲིམས་ཤེས་པར་བྱ་དགོས།

སྒྲིག་ཁྲིམས་སྦྱོང་རྒྱུ་ནི་སྒྲིག་ཁྲིམས་ཤེས་པའི་རྨང་གཞི་ཡིན་པ་དང་སྒྲིག་ཁྲིམས་གསལ་པོ་ནི་སྒྲིག་ཁྲིམས་སྲུང་བའི་སྔོན་འགྲོའི་ཆ་རྐྱེན་ཡིན།

རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་དམིགས་འབེན་དང་བླང་བྱ་དམ་འཛིན་ཡང་དག་བྱེད་པ་དང་།    སློབ་སྦྱོང་གི་གཙོ་གནད་དམ་འཛིན་བྱས་ཏེ།   ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བྱས་ཏེ།    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུང་པའི་ཏང་གི་སྒྲིག་ཁྲིམས་འཛུགས་སྐྲུན་ལ་ཤུགས་སྣོན་བྱེད་པའི་སྐོར་གྱི་རྒྱས་བཤད་གལ་ཆེན་དང་བཟོ་བཅོས་བྱས་རྗེས་ཀྱི་སྲོལ་ཡིག་སློབ་སྦྱོང་ནན་ཏན་བྱས་ཏེ།    ཏང་ཡོན་ལས་བྱེད་པར་ཏང་གི་སྒྲིག་ཁྲིམས་དང་སྒྲིག་ལམ་གང་འདྲ་ཡིན་པ་གསལ་པོར་ཤེས་པ་དང་།    ཅི་བྱེད་ཐུབ་མིན་གསལ་པོར་ཤེས་པ།    ཐོག་མཐའ་བར་གསུམ་དུ་བློ་དཀར་གཙང་མ་དང་འགན་འཁྲི་གཙང་མ་འཁུར་དགོས།

སྔར་ཡོད་ཀྱི་སློབ་སྦྱོང་རྒྱུན་འཁྱོངས་བྱས་ནས་སྲོལ་ཡིག་སེམས་སུ་འཇག་པར་སྐུལ་འདེད་གཏོང་དགོས།

ཧི་ནན་ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭའི་ཚན་རིག་སྤྱི་ཚོགས་རིང་ལུགས་སློབ་ཞིབ་པུའུ་ཡི་དགེ་རྒན་ཆེ་མོ་གཞོན་པ་ལི་ཐའོ་ཡིས་བཤད་རྒྱུར། “ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་དང་སློབ་གསོ་སྤེལ་མགོ་བརྩམས་རྗེས། ང་ཚོས་མྱུར་དུ་ཏང་གི་སྒྲིག་ཁྲིམས་སློབ་གསོའི་སློབ་ཁྲིད་དང་།    སློབ་དེབ་སེམས་སུ་འཇུག་པར་དམིགས་ཏེ་སློབ་ཚན་བཀོད་སྒྲིག་ཇེ་ལེགས་སུ་གཏོང་བ་དང་། སློབ་དེབ་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་སྟེ་ཏང་གི་སློབ་གྲྭའི་ཁྱད་ཆོས་ལྡན་པའི་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་དང་སློབ་གསོའི་མ་ལག་སྔར་ལས་འཐུས་ཚང་དུ་གཏོང་དགོས”ཟེར།

ཧི་ནན་ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭས་དགེ་རྒན་བཀོད་སྒྲིག་བྱས་ནས་ཆེད་དོན་གསལ་འགྲེལ་བྱས་ཏེ་ཡུལ་དངོས་སུ་སློབ་ཁྲིད་དང་།    གྱོད་དཔེ་དབྱེ་ཞིབ།    ཆེད་དོན་བགྲོ་གླེང་སོགས་ཀྱི་བྱ་ཐབས་བརྒྱུད་ནས། སློབ་མར་སྲོལ་ཡིག་གི་གཙོ་དོན་དང་ནང་དོན། གཏན་འབེབས་བླང་བྱ་ཁྱོན་ཡོངས་དང་བརྒྱུད་རིམ་ལྡན་པའི་སྒོ་ནས་ཁོང་དུ་ཆུད་རོགས་བྱས་ཏེ་དེའི་གཏམ་དང་དོན་ཤེས་པ་བཅས་བྱེད་ཐུབ་པར་བྱས་ཡོད།

ཧེ་ལུང་ཅང་ཞིང་ཆེན་རིམ་པའི་འགོ་ཁྲིད་ལས་བྱེད་པའི་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་དང་སློབ་གསོའི་ཆེད་དོན་དཔེ་ཀློག་འཛིན་གྲྭ་རུ། སློབ་མ་ཚོས་སྲོལ་ཡིག་དང་བསྡུར་ནས་གཙོ་གནད་དབྱེ་བ་དང་ཟིན་བྲིས་བྲིས་ཏེ་ཏང་གི་ཆབ་སྲིད་སྒྲིག་ཁྲིམས་དང་།    རྩ་འཛུགས་སྒྲིག་ཁྲིམས།    སྤྱོད་གཙང་སྒྲིག་ཁྲིམས།    མང་ཚོགས་སྒྲིག་ཁྲིམས།    བྱ་བའི་སྒྲིག་ཁྲིམས།    འཚོ་བའི་སྒྲིག་ཁྲིམས་བཅས་ལ་ཞིབ་འཇུག་གཏིང་ཟབ་བྱས་ནས། སེམས་སུ་སྐྲག་ས་དང་གཏམ་ལ་ཚད་བཀག་ཡོད་པ།    བྱ་སྤྱོད་ལ་མཚམས་འཇོག་དགོས་པ་བཅས་བྱས།

སྒྲིག་ཁྲིམས་དང་བཅའ་ཁྲིམས་སློབ་གསོའི་སྐོར་སྐྱོད་ས་ཚིགས་འཛུགས་རྒྱུ་ནི་ཧྲན་ཏུང་ཞིང་ཆེན་ཅི་ཉིན་གྲོང་ཁྱེར་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་དང་ལྟ་སྐུལ་ཨུ་ཡོན་ལྷན་ཁང་གིས་སྲོལ་ཡིག་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བྱ་ཐབས་གལ་ཆེན་ཞིག་རེད།     སྐོར་སྐྱོད་ས་ཚིགས་ཀྱིས་རི་མོ་དང་ཡི་གེ་མཉམ་དུ་བཀོད་པའི་རྣམ་པའི་ཐོག་ནས་སྲོལ་ཡིག་སློབ་སྦྱོང་དང་སྒྲོག་འགྲེལ་གཞི་རིམ་དུ་བསྐྱལ་ཏེ། ཏང་ཡོན་ལས་བྱེད་པ་ཁག་གཅིག་གིས་ཏང་གི་སྒྲིག་སྲོལ་དང་ཏང་གི་སྒྲིག་ཁྲིམས་སེམས་ལ་མི་འཛིན་པ་དང་།    རྒྱུས་ལོན་མེད་པ།    ཁོང་དུ་ཆུད་མེད་པ་སོགས་ཀྱི་གནད་དོན་ཐག་གཅོད་ཤུགས་ཆེན་བྱས་ནས། ཏང་ཡོན་ལ་སློབ་སྦྱོང་དང་རྟོགས་ཞིབ་ཀྱི་ཁྲོད་དུ་རང་ཉེན་རང་བརྟག་དང་གཟབ་ནན་བྱེད་རོགས་བྱས།

ཉེན་བརྡའི་སློབ་གསོར་ཤུགས་སྣོན་བརྒྱབ་སྟེ་ཉེ་འགྲམ་གྱི་བྱ་བར་བརྟེན་ནས་ཉེ་འགྲམ་གྱི་མི་རྣམས་ལ་སློབ་གསོ་གཏོང་རྒྱུར་མཐོང་ཆེན་བྱ་དགོས།

ཟླ4བའི་ཚེས9ཉིན་གྱི་ཕྱི་དྲོ།    ཧེ་ནན་ཞིང་ཆེན་ནགས་ལས་ཅུའུ་ཡི་ཅུའུ་ཀྲང་གཞོན་པ་ཟུར་པ། ཏིན་ཨན་རྫོང་གི་རྫོང་དཔོན་ཟུར་པ་ལི་ཆེ་གེ་མོས་གོ་གནས་ཉེས་གསོག་གི་དོགས་གཞི་ཡོད་པའི་གྱོད་གཞི་དེ་ཧེ་ནན་ཞིང་ཆེན་འབྲིང་རིམ་མི་དམངས་ཁྲིམས་ཁང་དང་པོར་ཡོངས་བསྒྲགས་ངང་ཁྲིམས་སའི་འདྲི་གཅོད་བྱས།     ཞིང་ཆེན་སྒྲིག་ཁྲིམས་ཨུ་ཡོན་ལྷན་ཁང་དང་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གིས་ཞིང་ཆེན་ནགས་ལས་ཅུའུ་དང་ཏིན་ཨན་རྫོང་གི་ཏང་ཡོན་ལས་བྱེད་པ40ལྷག་ཙམ་རྩ་འཛུགས་བྱས་ཏེ་ཟུར་ཉན་བྱས་ནས་ཉེན་བརྡའི་སློབ་གསོ་དང་ལེན་བྱས།

ཁྲིམས་སའི་འདྲི་གཅོད་མཇུག་སྒྲིལ་རྗེས། ཞིང་ཆེན་སྒྲིག་ཁྲིམས་ཨུ་ཡོན་ལྷན་ཁང་དང་ལྟ་སྐུལ་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་འགན་འཁུར་བློ་མཐུན་གྱིས་ཡུལ་དངོས་སུ་སྒྲིག་ཁྲིམས་དང་བཅའ་ཁྲིམས་ཤེས་བྱའི་ཆེད་དོན་སློབ་ཁྲིད་བྱས་པ་དང་། གྱོད་གཞིའི་གནས་ཚུལ་དང་ཟུང་འབྲེལ་བྱས་ནས་འབྲེལ་ཡོད་སྒྲིག་ཁྲིམས་དང་བཅའ་ཁྲིམས་དོན་ཚན་ལ་གསལ་འགྲེལ་གཏིང་ཟབ་བྱས།

འཁོལ་འཁྱུར་དམག་མིའི་ལས་དོན་པུའུ་ཡིས་དྲང་ཕྱོགས་ཀྱི་ཁྲིད་སྟོན་དང་ལྡོག་ཕྱོགས་ཀྱི་ཉེན་བརྡ་ཟུང་འབྲེལ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། “ཚོགས་འདུ་གསུམ་དང་སློབ་ཁྲིད་གཅིག”དང་། བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོ།   ཏང་ཚན་ཆུང་གི་སློབ་སྦྱོང་།    གཞོན་ནུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ཚན་ཆུང་གི་སློབ་སྦྱོང་སོགས་རྣམ་པ་སྣ་ཚོགས་བརྒྱུད་ནས་ཁ་ཕྱོགས་གསལ་པོ་དང་།    སྒྲིག་ལམ་འཛུགས་པ།    དར་སྲོལ་དྲང་པོ་བཅས་བྱས་ནས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་དང་སློབ་གསོར་གྲུབ་འབྲས་ཏན་ཏིག་ཐོབ་རྒྱུའི་འགན་ལེན་བྱས།

རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་དང་སློབ་གསོ་བརྒྱུད་ནས་སྒྲིག་ཁྲིམས་ཀྱི་འདུ་ཤེས་རྒྱུན་མི་ཆད་པར་ཤུགས་སྣོན་དང་།    རང་ཉིད་ཚོད་འཛིན་ལ་ཤུགས་སྣོན་རྒྱག་པ།    རིམས་འགོག་ནུས་པ་ཆེ་རུ་གཏོང་བ་བཅས་དང་།    ཆབ་སྲིད་ཀྱི་ངེས་ཤུགས་དང་།    སྒྲིག་ཁྲིམས་ཀྱི་ངེས་ཤུགས་དང་།    ཀུན་སྤྱོད་ཀྱི་ངེས་ཤུགས་དང་རུལ་སུངས་འགོག་པའི་ངེས་ཤུགས་ཆེ་རུ་གཏོང་བ།  ཏང་གི་སྒྲིག་ཁྲིམས་དང་ཁྲིམས་སྲོལ་ལ་རང་རྟོགས་ཀྱིས་བརྩི་འཇོག་བྱེད་མཁན་དང་། བློ་བརྟན་འགྱུར་མེད་སྒོས་ལག་བསྟར་བྱེད་མཁན། བློ་དཀར་སྲུང་སྐྱོབ་བྱེད་མཁན་བཅས་བྱས་ནས་ཏང་གི་སྔོན་ཐོན་རང་བཞིན་དང་དྭངས་གཙང་རང་བཞིན་འགན་ལེན་བྱེད་དགོས།

བདེན་འཚོལ་དངོས་གཉེར་དང་ཤེས་སྤྱོད་གཅིག་གྱུར་བྱ་དགོས།

ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོ། ལས་ཁུངས་སོ་སོས“བདེན་པ”ལ་འབད་བརྩོན་དང་།    ནན་མོའི་སྟེང་ཤུགས་རྒྱག་པ། དངོས་ཡོད་ཀྱི་སྟེང་ནུས་ཤུགས་ཡོད་རྒུས་ཏང་ཡོན་ལས་བྱེད་པར་ཏང་གི་སྒྲིག་ཁྲིམས་སེམས་ལ་རི་མོ་བརྐོས་པ་དང་ལག་ལེན་དུ་བསྟར་བར་སློབ་གསོ་དང་ཁྲིད་སྟོན་བྱ་དགོས།

བྱེད་ཐབས་ཞིབ་ཚགས་དང་སྐུལ་འདེད་ཏན་ཏིག་བཏང་ནས་སློབ་སྦྱོང་དང་སློབ་གསོའི་དམིགས་སའི་རང་བཞིན་དང་དངོས་ཕན་རང་བཞིན་ཆེ་རུ་གཏོང་དགོས།

པེ་ཅིན་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གིས་རིམ་པ་སོ་སོའི་ཏང་རྩ་འཛུགས་ལ་མཛུབ་ཁྲིད་བྱས་ནས་ལས་འགན་གྱི་ཞིབ་ཐོ་བཟོ་བ་དང་།    ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་དང་སློབ་གསོ་སྤེལ་བའི“བཀོལ་སྤྱོད་དཔེ་རིས”ཆགས་པ་རེད།     གྲོང་ཁྱེར་ཏང་ཨུ་ཏང་གི་སློབ་གྲྭ(སྲིད་འཛིན་སློབ་གླིང་)ལ་སློབ་གྲྭ་རིམ་པ་དང་།   སློབ་གྲྭའི་ཨུ་ཡོན་ལྷན་ཁང་གི་འགོ་ཁྲིད་ཚན་ཁག    ཏང་ཀྲི་པུའུ།    འཛིན་གྲྭ་གཙོ་བོའི་སློབ་མ་བཅས་རིམ་པ་བཞིའི་ལས་འགན་ཁག་27གྱི་ཞིབ་ཐོ་བཟོས་ནས་བླང་བྱ་གསལ་བོ་བཏོན་པ་དང་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བཞིན་ཡོད།

རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ཁོངས་རྒྱུ་ནོར་བདག་ཁོངས་ཨུ་ཡོན་ལྷན་ཁང་ཏང་ཨུས་ཆེད་དོན་གྲོས་ཚོགས་འཚོགས་ནས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་དང་སློབ་གསོའི་ལས་དོན་བཀོད་སྒྲིག་བྱས་ཏེ། རྒྱལ་ཁབ་མ་རྩ་ཀྲུང་དབྱང་ཁེ་ལས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་ཏང་ཡོན་འགོ་ཁྲིད་ལས་བྱེད་པའི“འགག་རྩའི་ཉུང་ཤས་”དམ་འཛིན་ཡག་པོ་བྱེད་དགོས་པ་མ་ཟད།    གསར་དུ་གོ་གནས་སྤར་བའི་ལས་བྱེད་པ་དང་།    ན་གཞོན་ལས་བྱེད་པ།    འགག་རྩའི་ལས་གནས་ཀྱི་ལས་བྱེད་པ་སོགས་གཙོ་གནད་བྱ་ཡུལ་གྱི་སྒྲིག་ཁྲིམས་གསོ་སྦྱོང་ཡང་མངོན་གསལ་དུ་བཏང་།

པེ་ཅིན་དགེ་ཐོན་སློབ་ཆེན་གྱིས་སློབ་སྦྱོང་དང་སློབ་གསོ་ཁྱོན་ཡོངས་ལ་ཁྱབ་པ་དང་། འགོ་ཁྲིད་ལས་བྱེད་པ་དང་ཏང་ཡོན་དཀྱུས་མ།   ཏང་ནང་ཞུགས་མཁན་ཧུར་བརྩོན་ཅན་སོགས་ཚོགས་སྤྱི་མི་འདྲ་བའི་ཁྱད་ཆོས་ལ་དམིགས་ཏེ། དམིགས་ས་སློབ་གསོ་དང་གསོ་སྦྱོང་བྱས་ནས་ཏང་ཡོན་ལས་བྱེད་པས་གུས་ཤིང་སྐྲག་པའི་ཤེས་པ་དང་།    དོགས་ཟོན་བྱེད་པ།    མ་མཐའི་མཚམས་ཐིག་སྲུང་ཐུབ་པ་བཅས་བྱེད་ཀྱིན་ཡོད།

འགན་འཁྲི་གཙོ་བོར་དམིགས་ཏེ་ལས་ཀ་གཙོ་བོར་དམ་འཛིན་བྱས་ནས་སློབ་སྦྱོང་དང་བྱ་བ།    སློབ་གསོ་དང་ལག་ལེན་བཅས་གཅིག་གྱུར་ཡོང་བ་བྱ་དགོས།

རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་ཁུངས་ཀྱིས་སྲོལ་ཡིག་སློབ་སྦྱོང་དང་ཟུང་འབྲེལ་བྱས་ཏེ། ལས་ཁུངས་ཀྱི་ཏང་ཡོན་ལས་བྱེད་པར་ཤེས་པ་དང་ཚོགས་འོས་པའི་ཏང་ནང་གི་ཁྲིམས་སྲོལ་དང་རྒྱལ་ཁབ་ཀྱི་བཅའ་ཁྲིམས་ཞིབ་ཐོ་སློབ་སྦྱོང་ནན་ཏན་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་།    ལས་ཁུངས་ཀྱི་ལམ་ལུགས་དང་གཏན་འབེབས་སྣ་ཚོགས་སློབ་སྦྱོང་སྣུར་སྲིང་བྱས་ནས་མཉམ་འདྲེས་དང་གཞི་གཅིག་ཏུ་ཁོང་དུ་ཆུད་པ་བྱ་དགོས།     རྒྱལ་ཡོངས་སྲིད་གྲོས་ལས་ཁུངས་ཀྱིས་སྒྲིག་ཁྲིམས་ནན་མོ་སྤྱད་དེ་འགན་འཁྲི་སྒྲུབ་པར་འགན་སྲུང་བྱས་ནས། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་དང་སློབ་གསོའི་ཕན་འབྲས་དེ་རྒྱལ་ཡོངས་སྲིད་གྲོས་དང་སྲིད་གྲོས་ཨུ་ཡོན་གྱི་འགན་འཁྲི་སྒྲུབ་པར་ཞབས་འདེགས་ཞུ་བའི་འགན་སྲུང་བྱེད་པའི་ཕྱོགས་གང་ཅིའི་ཐད་དང་བརྒྱུད་རིམ་ཧྲིལ་པོར་མངོན་པ་ཏན་ཏིག་བྱ་དགོས་པ་ནན་བཤད་བྱས་ཡོད།

ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་དང་སློབ་གསོ་སྤེལ་སྐབས་འདྲི་གཅོད་ལས་ཁུངས་ཀྱི་ཁྱད་ཆོས་དང་ཟུང་འབྲེལ་དམ་པོ་བྱེད་དགོས་པ་དང་།    སྒྲིག་ཁྲིམས་དང་བཅའ་ཁྲིམས་ནན་མོ་བྱས་ནས“གྱོད་དོན”དོ་དམ་བྱ་རྒྱུ་དེ“མི”དོ་དམ་དང་།  “ཁྲིམས་ཁང”བཅོས་སྐྱོང་ཡག་པོ་བྱེད་པའི་གནས་སུ་བརྩིས་ཏེ།    ཏང་གི་སྒྲིག་ཁྲིམས་ནན་མོ་བྱས་ནས་འདྲི་གཅོད་དོ་དམ་དང་དཔུང་ཁག་དོ་དམ་ཏན་ཏིག་བྱ་དགོས་ཞེས་བཏོན་ཡོད།     ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་ཏང་ཀྲུང་དབྱང་གིས་བླང་བྱ་བཏོན་པའི་གཏན་འབེབས་བྱ་སྤྱོད་དེ་ཞིབ་དཔྱོད་བྱ་བའི་དོན་དངོས་དང་།    ཞིབ་དཔྱོད་དཔུང་ཁག་འཛུགས་སྐྲུན་གྱི་དོན་དངོས།    ཆེས་མཐོའི་ཞིབ་དཔྱོད་ལས་ཁུངས་ཀྱི་ལས་བྱེད་པའི་དཔུང་ཁག་གི་དོན་དངོས་བཅས་ཟུང་འབྲེལ་དམ་ཟབ་བྱས་ནས། ཏང་ཡོན་ལས་བྱེད་པ་ཡོངས་ལ་སློབ་གསོ་དང་ཕྱོགས་ཡོངས་ནས་སློབ་གསོ་དངོས་སུ་ཐོབ་པ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཡོད།

ཟོལ་གྱི་བྱས་རྗེས་མི་བསམ་པ་དང་།    མིང་ཟོལ་མི་བསམ་པ།    ཕྱི་ཚུལ་རིང་ལུགས་ལ་དོགས་ཟོན་བྱེད་པ་བཅས་བྱས་ནས།    དམིགས་འབེན་དང་ལས་འགན་སྣ་ཚོགས་དོན་འཁྱོལ་ཡོང་བར་སྐུལ་འདེད་གཏོང་དགོས།

ཞིན་ཅང་ཡུ་གུར་རིགས་རང་སྐྱོང་ལྗོངས་ཏང་ཨུས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་དང་སློབ་གསོའི་ཁྲོད་དུ་དཔེ་ཀློག་ཟིན་བྲིས་དང་མྱོང་ཚོར་སོགས་འབྲི་བར་བླང་བྱ་བཙན་པོ་མི་འདོན་པ་དང་།    དགོས་མེད་ཀྱི་རྣམ་པའི་གསར་གཏོད་མི་བྱེད་པ།    “རང་འདེམས་བྱ་སྤྱོད”གང་འདོད་ཇེ་མང་དུ་མི་གཏོང་བ།    རིམ་པ་རེ་རེ་བཞིན་གཞི་རིམ་གྱི་ཁུར་པོ་ཇེ་མང་དུ་གཏོང་མི་ཆོག་པ་བཅས་བཏོན་ཡོད།

ཀྲུང་དབྱང་དྲ་རྒྱའི་ཆ་འཕྲིན་གཞུང་སྒྲུབ་ཁང་གིས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་དང་སློབ་གསོ་དེ་ནང་ཁུལ་གྱི་སྐོར་ཞིབ་དང་འགོ་ཁྲིད་ལས་བྱེད་པའི་ལོ་འཁོར་དཔྱད་ཞིབ་དང་། ཏང་རྩ་འཛུགས་ཧྲུའུ་ཅིས་ཏང་འཛུགས་སྐྲུན་གྱི་ལས་འགན་སྙན་ཞུ་དཔྱད་འཇོག་གི་ནང་དོན་གལ་ཆེན་དུ་བརྩིས་ནས། སློབ་སྦྱོང་གི་རང་རྟོགས་རང་བཞིན་ཆེ་རུ་གཏོང་བ་དང་དོན་འཁྱོལ་དམ་འཛིན་གྱི་བརྟན་བརླིང་རང་བཞིན་གཅིག་གྱུར་བྱས་ཏེ། སྤྱོད་ཚུལ་བཟང་པོ་སྤྱད་དེ་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་དང་སློབ་གསོ་གཏིང་ཟབ་དང་ཏན་ཏིག་ཡོང་བར་འགན་ལེན་བྱས་ཡོད།

ངོས་འཛིན་གཏིང་ཟབ་ཏུ་གཏོང་དགོས་པ་དང་གཙོ་གནད་གཅིག་བསྡུས་བྱེད་དགོས་པ།    འགན་འཁྲི་ཇེ་དམ་དུ་གཏོང་དགོས།

ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་དང་སློབ་གསོ་བྱ་རྒྱུ་གོ་སྐབས་སུ་བཟུང་ནས།    ཏང་གི་གོང་འོག་ཡོངས་ཀྱིས་སྒྲིག་ཁྲིམས་ནན་མོས་ཐོག་ནས་འདོད་བློ་གཅིག་ཏུ་སྒྲིལ་བ་དང་།    སྤྱོད་ཚུལ་སྦྱོང་བརྡར་བྱེད་པ།    དཔུང་ཁག་ལེགས་བཟོ་བྱེད་པ་བཅས་རྒྱུན་འཁྱོངས་བྱས་ཏེ།    ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱ་རྒྱུ་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་གཏོང་བ་དང་།    རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བརྗིད་ཉམས་ལྡན་པའི་དམིགས་འབེན་གྱི་ཕྱོགས་སུ་བློ་སྟོབས་ཆེན་པོས་མདུན་སྐྱོད་བྱེད་དགོས།

ཡིག་སྒྱུར་པ། ཤ་བོ་རིན་མཚོ།