སྒྲིག་ཁྲིམས་ནན་མོར་བཏང་ནས་ཏང་འདི་ཉིད་སྔར་ལས་སྟོབས་དང་ལྡན་པ་ཞིག་ཏུ་འཛུགས་སྐྲུན་བྱེད་དགོས།
2024.05.06 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 22

ཏང་ཀྲུང་དབྱང་འཐད་པ་བྱུང་བ་བརྒྱུད། 2024ལོའི་ཟླ4པ་ནས7པའི་བར་ཏང་ཡོངས་སུ་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་སྤེལ་དགོས། ཐེངས་འདིའི་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་ནི་ཏང་གི་སྒྲིག་ཁྲིམས་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་ཕྱོགས་ཡོངས་ནས་ཏང་ནན་གྱིས་སྐྱོང་བ་དང་ཏང་གཏིང་ཟབ་མོའི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་རེད།

སྒྲིག་ཁྲིམས་ནི་ཏང་གི་སྲོག་རྩ་ལྟ་བུ་ཡིན་པ་དང་། ཏང་ཆེན་པོ་ཁོ་ནར་ཡོད་པའི་དཀའ་གནད་ཐག་གཅོད་བྱེད་པར་ངེས་པར་དུ་དར་ཆ་གསལ་བསྒྲེངས་ཀྱིས་ཏང་གི་སྒྲིག་ཁྲིམས་འཛུགས་སྐྲུན་ལ་ཤུགས་སྣོན་དགོས། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་ཚོགས་པའི་ཚུན་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་འཐབ་ཇུས་ཀྱི་ངེས་ཤུགས་ཆེན་པོར་བརྟེན་ནས་ཕྱོགས་ཡོངས་ནས་ཏང་ནན་གྱིས་སྐྱོང་བར་སྐུལ་འདེད་བཏང་བ་དང་། ནུས་ཤུགས་ཡོད་རྒུས་སྒྲིག་ཁྲིམས་འཛུགས་སྐྲུན་དམ་འཛིན་བྱས་ཏེ། སྒྲིག་ཁྲིམས་དང་སྒྲིག་ལམ་མུ་མཐུད་འཐུས་ཚང་དུ་བཏང་ཞིང་། ཕྱོགས་ཡོངས་ནས་ཏང་ནན་གྱིས་སྐྱོང་བ་སྔར་ལས་ནན་མོར་འགྱུར་བ་དང་ཇི་ཙམ་རྗེས་སུ་ཡིན་ན་དེ་ཙམ་གྱིས་སྒྲིག་ལམ་ལག་བསྟར་ནན་མོར་གཏོང་བའི་བརྡ་དྲག་པོ་བཏང་བས། ང་ཚོ་ཏང་གིས་རླབས་ཆེན་གྱི་རང་ངོས་གསར་བརྗེ་མཐར་ཐུག་པ་བྱེད་པའི་ཆོད་སེམས་བརྟན་པོ་གང་ལེགས་ཀྱིས་མངོན་པར་བྱས་ཡོད།

ང་ཚོ་ཏང་གིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱིས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་བླ་ན་མེད་པའི་འགན་འཁྲི་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་དང་སྔར་བྱུང་མ་མྱོང་བའི་བྱ་གཞག་རླབས་ཆེན་གསར་གཏོད་བྱེད་པའི་འགན་འཁུར་ཡོད་པས། ཏང་གི་མདུན་དུ་ལྷགས་པའི་གནས་བབ་ཇི་ཙམ་རྙོག་འཛིང་ཆེ་བ་དང་ཕྲག་ཏུ་འཁུར་བའི་ལས་འགན་ཇི་ཙམ་དཀའ་ཚེགས་ཆེ་ན། སྒྲིག་ཁྲིམས་འཛུགས་སྐྲུན་བྱེད་པར་སྔར་ལས་ཤུགས་སྣོན་དགོས། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་བརྒྱུད་དེ་ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་སྒྲིག་ལམ་སྔར་ལས་ནན་ཏན་དང་གསལ་བོར་བཏང་ནས་ཏང་ཡོངས་ཀྱིས"གཏན་འཁེལ་གཉིས"ལ་བློ་བརྟན་འགྱུར་མེད་ཀྱིས་གོང་བཀུར་བྱེད་པ་དང་"སྲུང་སྐྱོང་གཉིས"མཐའ་གཅིག་ཏུ་སྒྲུབ་ཐུབ་པར་འགན་སྲུང་བྱས་ཏེ། རང་རྟོགས་ངང་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བ་བྱས་ནས་བསམ་བློ་གཅིག་གྱུར་དང་། བྱ་སྤྱོད་གཅིག་གྱུར། ལག་ལེན་ཤེས་པ་དང་མཚམས་འཇོག་ཤེས་པ། གང་གསུང་དེ་སྒྲུབ་བྱེད་པ་བཅས་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་སྟོབས་ལྡན་སྒུལ་ཤུགས་དང་མཉམ་ཤུགས་ཆགས་པར་སྐུལ་འདེད་གཏོང་དགོས།

ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་སྤེལ་བར་སློབ་སྦྱོང་གི་གཙོ་གནད་དམ་འཛིན་བྱས་ཏེ། <<ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག>>སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཐད་ཤུགས་བརྒྱབ་ནས་ཕན་འབྲས་ཐོན་པར་བྱེད་དགོས། <<ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག>>ནི་ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་བྱེད་པའི་རྨང་གཞིའི་རང་བཞིན་གྱི་ཁྲིམས་སྲོལ་གལ་ཆེན་ཞིག་ཡིན། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་བརྒྱུད་དེ་ཏང་ཡོན་ལས་བྱེད་པས་ཏང་གི་སྒྲིག་ཁྲིམས་དང་སྒྲིག་ལམ་སློབ་སྦྱོང་ནན་ཏན་བྱེད་པར་སྐུལ་འདེད་གཏོང་དགོས་པ་དང་། སྲོལ་ཡིག་གི་ནང་དོན་ཇི་མ་ཇི་བཞིན་དང་ནན་ཏན་གྱིས་སྲོལ་ཡིག་གི་ནང་དོན་ལ་སློབ་སྦྱོང་བྱས་ནས་སྒྲིག་ཁྲིམས་སློབ་པ་དང་། སྒྲིག་ཁྲིམས་ཤེས་པ། སྒྲིག་ཁྲིམས་རྟོགས་པ། སྒྲིག་ཁྲིམས་སྲུང་བ་བཅས་བྱེད་དགོས་པ་དང་། སྒྲིག་སྲོལ་བརྩི་སྲུང་དང་སྒྲིག་ཁྲིམས་སྲུང་རྒྱུ་དེ་སེམས་ལ་ངེས་པར་བྱས་ནས་གཏམ་སྤྱོད་ཀྱི་ཚད་གཞིར་འགྱུར་བར་བྱེད་དགོས། ཉེན་བརྡའི་སློབ་གསོར་ཤུགས་བསྣན་ནས་དཔེ་མཚོན་གྱོད་གཞི་དང་ཉེ་འགྲམ་གྱི་མི་དང་ཉེ་འགྲམ་གྱི་དོན་དག་ལ་དབྱེ་ཞིབ་ཟབ་མོ་བྱས་ཏེ། ཉེན་བརྡའི་སློབ་གསོའི་དམིགས་གཏད་རང་བཞིན་དང་ཕན་འབྲས་རང་བཞིན་རྒྱུན་ཆད་མེད་པར་ཇེ་དྲག་ཏུ་བཏང་སྟེ། ཏང་ཡོན་ལས་བྱེད་པ་རྨོངས་གཉིད་ལས་སད་པ་དང་། མ་མཐའི་ཚད་ཐིག་གསལ་བོར་ཤེས་པ། གུས་སྐྲག་ཤེས་པར་བྱས་ནས་གྱོད་གཞི་གཅིག་རྩད་ཆོད་ན། སྐོར་ཁག་ཅིག་ལ་ཉེན་བརྡ་གཏོང་བ་དང་། མང་པོ་ཞིག་ལ་སློབ་གསོ་གཏོང་བ་དོན་ངོ་མར་སྒྲུབ་ཐུབ་པ་བྱས།

སྒྲིག་ཁྲིམས་སློབ་གསོ་ནི་ཡུན་རིང་གི་བཟོ་སྐྲུན་ཞིག་ཡིན་པས། ངེས་པར་དུ་རྒྱུན་འཁྱོངས་ལྷོད་མེད་དང་ཡུན་རིང་འབད་བརྩོན་བྱེད་དགོས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས་སྒྲིག་ཁྲིམས་སློབ་གསོ་ཇེ་ཟབ་ཏུ་གཏོང་བ་དང་། ལམ་ལུགས་དང་ལམ་སྲོལ་ འཐུས་ཚང་དུ་གཏོང་བ། སྒྲིག་ཁྲིམས་ཀྱི་རང་རྟོགས་ཇེ་མཐོར་བཏང་ནས་ཐོག་མཐའ་བར་གསུམ་དུ་ཚད་གཞི་མཐོན་པོ་དང་ཉེན་བརྡ་གཏོང་ཐུབ་པ་བྱས་ཏེ། རྣོ་ལྕགས་ལྟ་བུའི་སྒྲིག་ཁྲིམས་དེ་ཏང་ཡོན་ལས་བྱེད་པའི་རྒྱུན་ལྡན་གྱི་གོམས་གཤིས་དང་རང་རྟོགས་ཀྱི་བརྩི་སྲུང་བྱ་ཡུལ་ངོ་མར་འགྱུར་བ་བྱས་ནས་ང་ཚོའི་ཏང་འདི་ཉིད་སྔར་ལས་སྲ་ཞིང་བརྟན་པ་དང་སྟོབས་དང་ལྡན་པ་ཞིག་ཏུ་འཛུགས་སྐྲུན་བྱེད་དགོས།

ཡིག་སྒྱུར་བ། ཚེ་རིང་སྒྲོལ་མ།