བཅོས་སྒྱུར་སྔར་ལས་ཁྱོན་ཡོངས་ནས་ཟབ་སྤེལ་གཏོང་བར་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་བརྗོད་དོན་དམ་འཛིན་བྱེད་དགོས།
2024.05.27 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 11

བཅོས་སྒྱུར་སྔར་ལས་ཁྱོན་ཡོངས་ནས་ཟབ་སྤེལ་གཏོང་བར་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་བརྗོད་དོན་དམ་འཛིན་བྱེད་དགོས།

མི་དམངས་ཉིན་རེའི་ཚགས་པར་ཁང་གི་དཔྱད་བརྗོད་པས་སྤེལ་བའི་དཔྱད་གཏམ། —སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁེ་ལས་དང་ཆེད་མཁས་པའི་བཞུགས་མོལ་ཚོགས་འདུའི་སྟེང་གནང་བའི་གསུང་བཤད་གལ་ཆེན་ལ་སློབ་སྦྱོར་མཐར་ཕྱིན་བྱེད་དགོས་པའི་སྐོར་གླེང་བ། 

བཅོས་སྒྱུར་སྒོ་འབྱེད་ནི་ཏང་དང་མི་དམངས་ཀྱི་བྱ་གཞག་གོམ་སྟབས་ཆེན་པོས་དུས་རབས་ཀྱི་རྗེས་ཟིན་པར་བྱེད་པའི་ཐབས་ཤེས་གལ་ཆེན་ཞིག་ཡིན་ལ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་རྒྱལ་ཕམ་ཐག་གཅོད་བྱེད་པའི་གནད་འགག་གི་ཐབས་ཤེས་ཤིག་ཀྱང་ཡིན། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་ལས་དོན་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བའི་གནད་འགག་གི་དུས་སྐབས་འདིར། ངེས་པར་དུ་རང་རྟོགས་སྒོས་བཅོས་སྒྱུར་འདི་ཉིད་སྔར་ལས་འབུར་ཐོན་ཅན་གྱི་གོ་གནས་སུ་བཞག་སྟེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་དམ་པོར་དམིགས་ཏེ། བཅོས་སྒྱུར་སྔར་ལས་ཁྱོན་ཡོངས་ནས་ཟབ་སྤེལ་གཏོང་དགོས།

ཟླ5པའི་ཚེས23ཉིན་གྱི་ཕྱི་དྲོར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧྲན་ཏུང་ཞིང་ཆེན་ཅི་ནན་གྲོང་ཁྱེར་དུ་འགོ་འཛིན་གནང་ནས་ཁེ་ལས་དང་ཆེད་མཁས་པའི་བཞུགས་མོལ་ཚོགས་འདུ་འཚོགས། ཞི་ཅིན་ཕིང་གིས་ཚང་མའི་གཏམ་བཤད་ལ་ནན་ཏན་ངང་གསན་རྗེས་གསུང་བཤད་གལ་ཆེན་གནང་ནས། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་གོང་འཕེལ་གཏོང་བའི་འཐབ་ཇུས་ཀྱི་ཁྱོན་ཡོངས་ལ་གཞིགས་ནས། ཏང་ཡོངས་དང་རྒྱལ་ཡོངས་མི་དམངས་ཀྱི་ལས་འགན་གཙོ་བོར་དམ་པོར་དམིགས་ཏེ། བཅོས་སྒྱུར་སྔར་ལས་ཁྱོན་ཡོངས་ནས་ཟབ་སྤེལ་གཏོང་བའི་རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་གནད་དོན་གལ་ཆེན་རབ་དང་རིམ་པར་རྒྱས་བཤད་ཟབ་མོ་གནང་སྟེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་བརྗོད་དོན་འདི་དམ་པོར་བཟུང་ནས། བཅོས་སྒྱུར་གྱི་གཙོ་གནད་འབུར་ཐོན་ཡོང་བར་བྱེད་པ་དང་རིན་ཐང་གི་ལྟ་བ་འཛིན་ཕྱོགས་སྔར་ལས་ཇེ་བརྟན་དུ་གཏོང་བ། བྱེད་ཐབས་དང་བྱེད་ཕྱོགས་ལ་མཐོང་ཆེན་བྱས་ཏེ། ལའ་འགན་གཙོ་བོ་ཡོངས་འགྲུབ་བྱེད་པ་དང་འཐབ་ཇུས་ཀྱི་དམིགས་འབེན་མངོན་འགྱུར་བྱེད་པར་སྒུལ་ཤུགས་སྣོན་དགོས”ཞེས་གསལ་སྟོན་གནང་།

བཅོས་སྒྱུར་ནི་འཕེལ་རྒྱས་ཀྱི་སྒུལ་ཤུགས་ཡིན། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགོ་ཁྲིད་བརྟན་པོའི་འོག་ཏུ། ང་ཚོས་ཆབ་སྲིད་ཀྱི་བློ་སྟོབས་ཆེན་པོ་བཅངས་ཏེ་ཕྱོགས་ཡོངས་ནས་བཅོས་སྒྱུར་ཟབ་སྤེལ་བཏང་ནས། བསམ་བློ་དང་འདུ་ཤེས་ཀྱི་འཆིང་རྒྱ་ཅི་ཡོད་གཏོར་བ་དང་ཁེ་ཕན་སྲ་འགྱུར་གྱི་བཀག་རྒྱ་གཏོར་ནས། ཕྱོགས་སོ་སོའི་སྒྲིག་སྲོལ་ལམ་སྲོལ་གྱི་སྐྱོན་ཆ་བློ་ཐག་རྦད་ཆོད་སྒོས་མེད་པར་བཟོས་ཏེ། བཅོས་སྒྱུར་སྒོ་འབྱེད་ལ་བརྟེན་ནས་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་སོ་སོར་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་། ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་ཡོང་བར་སྐུལ་འདེད་གཏོང་བའི་རྣམ་པ་གསར་པ་བསྐྲུན་ཡོད། ཏང་དང་རྒྱལ་ཁབ་ཀྱི་སྒྲིག་གཞི་བཅོས་སྒྱུར་ཟབ་སྤེལ་བྱས་པ་ནས་སྲིད་འཛིན་ཞིབ་མཆན་ལམ་ལུགས་བཅོས་སྒྱུར་ལ་སྐུལ་འདེད་གཏོང་བའི་བར་དང་། ཚད་གཞི་མཐོ་ཞིང་སྤུས་ཚད་མཐོ་བའི་ཞུང་ཨན་ཁུལ་གསར་འཛུགས་སྐྲུན་བྱེད་པ་ནས་ཧའེ་ནན་རང་མོས་ཉོ་ཚོང་གྲུ་ཁ་འཚོལ་ཞིབ་དང་འཛུགས་སྐྲུན་བྱེད་པའི་བར། ཡང་ན་ཚན་རྩལ་སྒྲིག་སྲོལ་བཅོས་སྒྱུར་ཟབ་སྤེལ་གཏོང་བ་ནས་རྒྱལ་ཡོངས་གཅིག་གྱུར་གྱི་ཁྲོམ་ར་ཆེན་མོ་འཛུགས་སྐྲུན་བྱེད་པའི་བར་བཅས་སུ། བཅོས་སྒྱུར་དེ་ཆ་ཤས་ཀྱི་སྒོ་ནས་འཚོལ་ཞིབ་བྱས་པ་དང་འཁྱགས་གཏོར་བསྐོར་སྒྲོལ་བྱས་ནས། མ་ལག་གཅིག་སྡུད་དང་ཕྱོགས་ཡོངས་ནས་ཟབ་སྤེལ་གཏོང་བཅས་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྒུལ་ཤུགས་ཀྱི་འབྱུང་ཁུངས་འཛད་མེད་ཞིག་བསྣན་ཡོད།

ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྟེང་དུ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་འཆར་གཞི་བརྗིད་ཉམས་ལྡན་པ་དངོས་སུ་བཀོད་དེ། བཅོས་སྒྱུར་གྱི་བྱེད་ཐབས་གལ་ཆེན་རབ་དང་རིམ་པ་བཏོན་ཡོད། བཅོས་སྒྱུར་སྔར་ལས་ཁྱོན་ཡོངས་ནས་ཟབ་སྤེལ་གཏོང་རྒྱུ་དེ་ནི། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་པའི་ཚུན་གྱི། བཅོས་སྒྱུར་ཁྱོན་ཡོངས་ནས་ཟབ་སྤེལ་གཏོང་བའི་ལག་ལེན་གྱི་རྒྱུན་མཐུད་ལས་དོན་ཞིག་ཡིན་ལ། སྐྱོད་ལམ་གསར་པའི་སྟེང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་དུས་རབས་ཀྱི་ལས་དོན་གསར་པ་ཞིག་ཀྱང་ཡིན། བཅོས་སྒྱུར་སྒོ་འབྱེད་ལས་དོན་ལ་སྤེལ་བཞིན་པའི་དུས་སྐབས་ལས་ཡོངས་འགྲུབ་ཀྱི་དུས་མེད་པར་ངོས་ཟིན་ཟབ་མོ་ཡོད་དགོས། རྙོག་འཛིང་ཆེ་བའི་རྒྱལ་སྤྱི་དང་རྒྱལ་ནང་གི་གནས་བབ་དང་། ཚན་རྩལ་གསར་བརྗེ་དང་ཐོན་ལས་འཕོ་འགྱུར་གྱི་རེས་སྐོར་གསར་པ། མི་དམངས་མང་ཚོགས་ཀྱི་རེ་ལྟོས་གསར་པ་བཅས་ཀྱི་མདུན་དུ། ཅིས་ཀྱང་མུ་མཐུད་དུ་བཅོས་སྒྱུར་ལ་སྐུལ་འདེད་གཏོང་དགོས། སྐྱོད་ལམ་གསར་པའི་སྟེང་གི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་བརྗོད་དོན་དམ་འཛིན་བྱས་ནས། བཅོས་སྒྱུར་མཐའ་འཁྱོལ་བྱེད་པའི་ཆོད་སེམས་བརྟན་པོ་དང་ལག་ལེན་གསོན་པོ། དཀའ་ངལ་གདོང་གིས་བསུ་ཕོད་པ་བཅས་ཀྱི་སྙིང་སྟོབས་བཅངས་ནས། སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་རྒྱུན་ཆད་མེད་པར་བཅིངས་འགྲོལ་དང་འཕེལ་རྒྱས་གཏོང་བ་དང་། སྤྱི་ཚོགས་ཀྱི་གསོན་ཤུགས་བཅིངས་འགྲོལ་དང་ཇེ་ཆེར་གཏོང་བར་འབད་པ་ཡིན་ན། གཞི་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ལ་སྒུག་ཤུགས་སྣོན་ཐུབ་པ་དང་། ཕན་པ་ཆེ་བའི་ལམ་ལུགས་ཀྱི་འགན་སྲུང་འདོན་སྤྲོད་བྱེད་ཐུབ། 

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“དམིགས་འབེན་གྱི་ཁྲིད་སྟོན་དང་གནད་དོན་གྱི་ཁྲིད་སྟོན་ཟུང་འབྲེལ་རྒྱུན་འཁྱོངས་བྱེད་དགོས”ཞེས་པའི་བླང་བྱ་ཁ་གསལ་བཏོན་པ་དེས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་བརྗོད་དོན་དམ་འཛིན་བྱས་ནས། བཅོས་སྒྱུར་སྔར་ལས་ཁྱོན་ཡོངས་ནས་ཟབ་སྤེལ་གཏོང་བར་ཚན་རིག་དང་མཐུན་པའི་བྱེད་ཐབས་ཀྱི་ཁྲིད་སྟོན་མཁོ་འདོན་བྱས་ཡོད། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་འཐུས་ཚང་དང་འཕེལ་རྒྱས་གཏོང་བ་དང་། རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ། བཅོས་སྒྱུར་སྔར་ལས་ཕྱོགས་ཡོངས་ནས་ཟབ་སྤེལ་གཏོང་བར་ཅིས་ཀྱང་སྤྱིའི་དམིགས་འབེན་འདི་གཏན་འཁེལ་གསལ་བོ་བྱས་ཏེ། རང་རྒྱལ་གྱི་ལམ་ལུགས་ཀྱི་དགེ་མཚན་འདོན་སྤེལ་གང་ལེགས་བྱས་ནས། དེ་ཉིད་རྒྱལ་ཁབ་ཀྱི་བཅོས་སྐྱོང་ཕན་ནུས་སུ་འགྱུར་བར་འབད་དགོས། གནད་དོན་ལ་དམིགས་ཏེ་གནད་དོན་བཅོས་སྐྱོང་མཐའ་འཁྱོལ་བྱེད་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་འགོག་རྐྱེན་བཟོ་བའི་བསམ་བློའི་འདུ་ཤེས་དང་སྒྲིག་སྲོལ་ལམ་སྲོལ་གྱི་སྐྱོན་ཆ་ཅི་ཡོད་བློ་ཐག་རྦད་ཆོད་སྒོས་སེལ་བ། སྒྲིག་སྲོལ་ལམ་སྲོལ་གྱི་འགལ་རྐྱེན་ཆེན་པོ་དང་གྲུབ་ཆའི་རང་བཞིན་གྱི་འགལ་བ་ནུས་ཤུགས་ཡོད་རྒུས་སེལ་བ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྒུལ་ཤུགས་ཆེན་པོ་ཟམ་མི་ཆད་པར་སྣོན་པ་བཅས་བྱས་མཐར། ལམ་ལུགས་ཀྱི་འགན་སྲུང་ནུས་ལྡན་འདོན་སྤྲོད་བྱེད་དགོས།

སྔར་བྱུང་མྱོང་མེད་པའི་གསར་གཏོད་རང་བཞིན་གྱི་བྱ་གཞག་ཅིག་ཡིན་ན། དེར་ཉེན་ཁ་དང་འགྲན་སློང་ཆེན་པོ་ཡོད་ངེས་གཏན་ཡིན་པར་མ་ཟད། དེ་བསྟུན་གྱི་དཀའ་སྤྱད་འབད་བརྩོན་གང་ལེགས་བྱེད་དགོས། མདུན་སྐྱོད་ཀྱི་བགྲོད་ལམ་སྟེང་དུ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་ལས་མཐུན་སྒྲིལ་དམ་ཟབ་བྱས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཕྱོགས་ཡོངས་ནས་ལག་ལེན་མཐར་ཕྱིན་བྱས་ནས། བཅོས་སྒྱུར་ཕྱོགས་ཡོངས་ནས་ཟབ་སྤེལ་གཏོང་རྒྱུ་དེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་རྩ་བའི་སྒུལ་ཤུགས་སུ་བརྩིས་ཏེ། ཁ་ཕྱོགས་ཡང་དག་ཡིན་པ་དང་བདེན་སྲུང་གསར་གཏོད་ཡིན་པ། དོན་དངོས་དམ་འཛིན་བཅས་བྱས་པ་ཡིན་ན། ང་ཚོས་བཅོས་སྒྱུར་སྒོ་འབྱེད་ཀྱི་ལེའུ་གསར་པ་འབྲི་ཐུབ་པ་དང་། ལས་དོན་གོང་དུ་སྤེལ་བའི་འོད་སྟོང་འབར་བའི་གྲུབ་འབྲས་གསར་པ་བསྐྲུན་ཐུབ་ངེས་ཡིན།

བན་དེ་སྐྱབས་ཀྱིས་བསྒྱུར།