སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁེ་ལས་དང་ཆེད་མཁས་པའི་བཞུགས་མོལ་ཚོགས་འདུའི་སྟེང་གནང་པའི་གསུང་བཤད་གལ་ཆེན་ལ་སློབ་སྦྱོང་དང་ལག་བསྟར་བྱེད་རྒྱུའི་སྐོར་གླེང་པ།
མི་དམངས་ཉིན་རེའི་ཚགས་པར་གྱི་དཔྱད་བརྗོད་པས་སྤེལ་བའི་དཔྱད་གཏམ།
“བཅོས་སྒྱུར་གྱི་གཙོ་གནད་འབུར་དུ་ཐོན་པའི”ཐད་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁེ་ལས་དང་ཆེད་མཁས་པའི་བཞུགས་མོལ་ཚོགས་འདུར་མགོ་འཛིན་མཛད་པར་མ་ཟད་གསུང་བཤད་གལ་ཆེན་གནང་སྟེ།“ཕྱོགས་ཡོངས་ནས་བཅོས་སྒྱུར་སྔར་ལས་གཏིང་ཟབ་ཏུ་གཏོང་བར་འགལ་བ་གཙོ་བོ་དང་འགལ་བའི་ཕྱོགས་གཙོ་བོ་དམ་འཛིན་བྱ་དགོས”ཞེས་ནན་བཤད་གནང་། དཔལ་འབྱོར་སྒྲིག་སྲོལ་བཅོས་སྒྱུར་དང་ཁྱབ་ཁོངས་གཞན་དག་གི་བཅོས་སྒྱུར་ལ་སྐུལ་འདེད་གཏོང་བའི་ཐད་བླང་བྱ་གསལ་པོ་བཏོན་ཏེ། ཕྱོགས་ཡོངས་ནས་བཅོས་སྒྱུར་སྔར་ལས་གཏིང་ཟབ་བྱེད་པར་གཙོ་རྒོལ་གྱི་ཁ་ཕྱོགས་གསལ་སྟོན་གནང་ནས་བསམ་ཕྱོགས་དང་བྱེད་ཐབས་གལ་ཆེན་འདོན་སྤྲོད་བྱས།
འགལ་བ་གཙོ་བོ་དང་འགལ་བའི་ཕྱོགས་གཙོ་བོ་སྔོན་ལ་ཐག་བཅད་དེ། ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བའི་ཁྲོད་གཙོ་གནད་ཀྱི་ཚད་བརྒལ་མངོན་འགྱུར་བྱེད་པ་དང་། གཙོ་གནད་ཀྱི་ཚད་བརྒལ་ལ་བརྟེན་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཆུ་ཚད་ཁྱོན་ཡོངས་ནས་མཆོང་སྐྱོད་ཡོང་བར་སྐུལ་ཁྲིད་བྱེད་པ་ནི། ང་ཚོས་བཅོས་སྒྱུར་གྱི་འཆར་འགོད་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཉམས་མྱོང་རྩ་ཆེན་ཡིན། དུས་རབས་གསར་པ་ནས་བཟུང་། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་བཅོས་སྒྱུར་གྱི་ཆོས་ཉིད་ལ་རྒྱུན་ཆད་མེད་པར་ངོས་འཛིན་ཟབ་མོ་བྱས་ཏེ། ་འཕེལ་རྒྱས་ཀྱི་ལས་འགན་གལ་ཆེན་དེར་དམ་པོར་དམིགས་ནས་ཕྱོགས་གང་ཅིའི་ཐད་ཀྱི་བཅོས་སྒྱུར་བཀོད་སྒྲིག་བྱས་ཏེ། སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་བཅིངས་འགྲོལ་དང་འཕེལ་རྒྱས་སུ་བཏང་པར་བརྟེན་ནས། བཅོས་སྒྱུར་ལ་སྣེ་ཁྲིད་ཆེན་པོ་བྱས་ཏེ་ཕྱོགས་ཡོངས་ནས་བཅོས་སྒྱུར་ལ་ཤུགས་འདོན་པ་དང་། འགག་གནད་མང་བ། གཏིང་ཟབ་ཏུ་སྐུལ་འདེད་བཏང་བ། ཁྱབ་ཁོངས་སོ་སོའི་རྨང་གཞིའི་རང་བཞིན་གྱི་ལམ་ལུགས་སྒྲོམ་གཞི་གཞི་རྩའི་ཆ་ནས་གཏན་འཁེལ་བྱས་ཏེ། ཁྱབ་ཁོངས་མང་པོ་ཞིག་ལ་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་དང་། མ་ལག་རང་བཞིན་གྱི་བསྐྱར་བཟོ། ཁྱོན་ཡོངས་རང་བཞིན་གྱི་བསྐྱར་སྒྲིག་བཅས་མངོན་འགྱུར་བྱུང་ཡོད། ལག་ལེན་དངོས་ལས་བཅོས་སྒྱུར་གྱི་ཐབས་ལམ་གལ་ཆེན་དམ་འཛིན་བྱས་ཏེ་ཁྱབ་ཁོངས་གལ་ཆེན་དང་ལས་འགན་གལ་ཆེན། ཚོད་ལྟ་གལ་ཆེན་བཅས་དམ་འཛིན་བྱས་ཡོད་ལ། འགག་རྩའི་གྲུབ་ཆ་དང་། འགག་རྩའི་མ་ལག འགག་རྩའི་ལས་རིམ་བཅས་ཀྱང་དམ་འཛིན་བྱས་ན་གཞི་ནས་གཙོ་གནད་ཀྱིས་ཁྱོན་ཡོངས་ལ་སྐུལ་ཁྲིད་བྱས་ཏེ། བཅོས་སྒྱུར་གྱི་ལས་འགན་སོ་སོ་དོན་ཐོག་ཏུ་འཁྱོལ་ཐུབ་པ་ར་སྤྲོད་གང་ལེགས་བྱུང་ཡོད།
ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་སུ་གཏོང་དགོས་ན། ངེས་པར་དུ་སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་རྒྱུན་ཆད་མེད་པར་གོང་དུ་སྤེལ་བར་འཚམ་པ་དང་ཐོན་སྐྱེད་འབྲེལ་བ་ལེགས་སྒྲིག་བྱེད་པ། རྒྱུན་ཆད་མེད་པར་དཔལ་འབྱོར་གྱི་རྨང་གཞི་གོང་དུ་སྤེལ་བར་འཚམ་པར་བྱས་ནས་སྟེང་གི་བཀོད་པ་འཐུས་ཚང་དུ་གཏོང་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས “རང་རྒྱལ་གྱི་གཞི་རྩའི་དཔལ་འབྱོར་ལམ་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་སུ་གཏོང་བ་དང་། ཆུ་ཚད་མཐོ་བའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་གྱི་སྒྲིག་སྲོལ་འཛུགས་པ། སྤྱི་ཁོག་དཔལ་འབྱོར་བཅོས་སྐྱོང་མ་ལག་འཐུས་ཚང་དུ་གཏོང་བ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྒྲིག་སྲོལ་དང་ལམ་སྲོལ་འཐུས་ཚང་དུ་གཏོང་བ། ཁྱོན་ཡོངས་ནས་གསར་གཏོད་དང་གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་ཀྱི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པ་སོགས་ཀྱི་སྒྲིག་སྲོལ་དང་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས”ཞེས་ནན་གྱིས་གསུངས། བསམ་བློ་བཅིངས་འགྲོལ་དང་། སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་བཅིངས་འགྲོལ་དང་འཕེལ་རྒྱས་སུ་གཏོང་བ། སྤྱི་ཚོགས་ཀྱི་གསོན་ཤུགས་བཅིངས་འགྲོལ་དང་ཇེ་དྲག་ཏུ་གཏོང་བ་བཅས་དམ་འཛིན་བྱས་ན། ཕྱོགས་གཞན་པའི་བཅོས་སྒྱུར་ལ་སྐུལ་འདེད་ཆེན་པོ་བྱེད་ཐུབ་པ་དང་། ཕྱོགས་གཞན་པའི་བཅོས་སྒྱུར་ལ་འོས་འཚམ་གྱིས་སྐུལ་འདེད་གཏོང་བར་ཤུགས་རྐྱེན་ཐེབས་ཐུབ་པ་ལག་ལེན་གྱིས་ང་ཚོར་ར་སྤྲོད་བྱས་ཡོད། ཕྱོགས་ཡོངས་ནས་བཅོས་སྒྱུར་སྔར་ལས་གཏིང་ཟབ་ཏུ་སྤེལ་བར་གཙོ་གནད་འབུར་དུ་ཐོན་པར་མཐོང་ཆེན་བྱས་ཏེ། དཔལ་འབྱོར་སྒྲིག་སྲོལ་བཅོས་སྒྱུར་གྱིས་སྣེ་ཁྲིད་ནས། སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་སྔར་ལས་བཅིངས་འགྲོལ་དང་འཕེལ་རྒྱས་སུ་གཏོང་བ་དང་། སྤྱི་ཚོགས་ཀྱི་གསོན་ཤུགས་ཆེ་རུ་གཏོང་བ། ཐོན་སྐྱེད་འབྲེལ་བ་དང་ཐོན་སྐྱེད་ནུས་ཤུགས། སྟེང་གི་བཀོད་པ་དང་དཔལ་འབྱོར་རྨང་གཞི་སྔར་ལས་འོས་འཚམ་ཡོང་བར་སྐུལ་འདེད་གཏོང་བ་བཅས་བྱས་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་མུ་མཐུད་དུ་སྒུལ་ཤུགས་ཆེན་པོ་འདོན་དགོས།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“དཔལ་འབྱོར་སྒྲིག་སྲོལ་བཅོས་སྒྱུར་ལ་སྐུལ་འདེད་གཏོང་བར་དོན་དངོས་ཀྱི་དགོས་མཁོ་གཞིར་བཟུང་ནས་ཁ་ཚ་དགོས་གཏུག་གི་བྱ་བ་ནས་དམ་འཛིན་བྱས་ཏེ། ལག་ལེན་གྱི་གནད་དོན་ཐག་གཅོད་བྱེད་པའི་ཁྲོད། རིགས་པའི་གཞུང་ལུགས་གསར་གཏོད་གཏིང་ཟབ་བྱས་ནས་ལམ་ལུགས་གསར་གཏོད་ལ་སྐུལ་འདེད་གཏོང་དགོས། ཁྱབ་ཁོངས་གཞན་དག་གི་བཅོས་སྒྱུར་ཡང་ཁྱོན་ཡོངས་ཀྱི་རང་བཞིན་དང་འཐབ་ཇུས་རང་བཞིན་གྱི་གནད་དོན་ལ་དམིགས་ཏེ་བཅོས་སྒྱུར་བྱེད་ཐབས་ཇུས་འགོད་བྱས་ནས་རྩ་འཛིན་མིག་མཐོང་མངོན་འགྱུར་བྱེད་དགོས”ཞེས་བསྟན་ཡོད། བཅོས་སྒྱུར་སྒོ་འབྱེད་ནི་རི་ཆུ་ཁྲི་སྟོང་བརྒྱུད་ཡོད་མོད། འོན་ཀྱང་སྔར་བཞིན་རི་ཆུ་བརྒལ་དགོས། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པས་བཅོས་སྒྱུར་གྱི་བྱེད་ཐབས་གལ་ཆེན་རབ་དང་རིམ་པ་བཏོན་པ་དེ་ནི། ཏང་ཀྲུང་དབྱང་གིས་དུས་རབས་གསར་པ་དང་སྐྱོད་ལམ་གསར་པའི་སྟེང་བཅོས་སྒྱུར་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བའི་ཐད་བཏོན་པའི་འཐབ་ཇུས་བཀོད་སྒྲིག་གལ་ཆེན་ཞིག་རེད།
མདུན་སྐྱོད་ཀྱི་ལམ་བུའི་སྟེང་ང་ཚོས་ཁྱོན་ཡོངས་ལ་གཅིག་གྱུར་གྱིས་འཆར་འགོད་དང་གཙོ་གནད་ཁོང་དུ་ཆུད་པར་བྱས་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་ཁྲོད་ཀྱི་གནད་དོན་གལ་ཆེན་ལ་དམིགས་ནས། བཅོས་སྒྱུར་ལ་སྐུལ་འདེད་གཏོང་བ་གཙོ་གནད་དུ་བཟུང་སྟེ་དཔལ་འབྱོར་སྒྲིག་སྲོལ་བཅོས་སྒྱུར་ལ་སྐུལ་འདེད་བྱེད་པ་དང་། སློབ་གསོའི་ཚན་རྩལ་ཤེས་ལྡན་མི་སྣ་དང་། ཆབ་སྲིད། ཁྲིམས་སྐྱོང་། རིག་གནས། སྤྱི་ཚོགས། སྐྱེ་ཁམས། རྒྱལ་ཁབ་བདེ་འཇགས། ཏང་གི་འཛུགས་སྐྲུན་བཅས་ཀྱི་ཁྱབ་ཁོངས་ཀྱི་བཅོས་སྒྱུར་གཅིག་གྱུར་གྱིས་འཆར་འགོད་དང་། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་འཛུགས་པར་ཚོད་འཛིན་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་གནད་དོན་གཙོ་བོ་ཐག་གཅོད་གང་ཐུབ་བྱས། འཕེལ་རྒྱས་ཀྱི་ཁོར་ཡུག་དང་དམངས་ཚིས་ཁྱབ་ཁོངས་ཀྱི་དཀའ་གནད་གནད་དོན་དང་། སྤྱི་ཚོགས་ཀྱི་དྲང་སྙོམས་དྲང་བདེན་གྱི་གནད་དོན་དང་འགལ་བ་ཡོད་པས། ཕྱོགས་སོ་སོའི་སྒྲིག་སྲོལ་དང་ལམ་སྲོལ་གྱི་སྐྱོན་ཆ་སེལ་གང་ཐུབ་བྱས་ནས། རྒྱུན་ཆད་མེད་པར་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྒུལ་ཤུགས་དང་གསོན་ཤུགས་བསྣན།
ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་རྒྱུ་ནི་མ་ལག་ལྡན་པའི་བཟོ་འགོད་ཅིག་ཡིན། བརྗོད་བྱ་འདི་དང་ཟུང་འབྲེལ་དམ་པོར་བྱས་ཏེ་ཚན་རིག་དང་མཐུན་པའི་སྒོ་ནས་ཕྱོགས་ཡོངས་ནས་བཅོས་སྒྱུར་སྔར་ལས་གཏིང་ཟབ་ཏུ་གཏོང་བའི་བྱེད་ཐབས་གལ་ཆེན་ཇུས་འགོད་དང་། བཅོས་སྒྱུར་གྱི་ལས་འགན་གཙོ་གནད་འབུར་དུ་ཐོན་པ། ཁྱབ་ཁོངས་གལ་ཆེན་དང་ལས་རིམ་གཙོ་བོ་ཚད་བརྒལ་གསར་པ་བཅས་བྱས་ན། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་རླབས་རྒྱུན་ལ་སྐུལ་འདེད་གཏོང་ཐུབ་པ་དང་རླབས་ཆེན་གྱི་འཆར་འགོད་དེ་གོམ་པ་རེ་རེ་བཞིན་མཛེས་སྡུག་ལྡན་པའི་དོན་དངོས་སུ་འགྱུར་ཐུབ་ངེས་རེད།
གཡང་འབུམ་རྒྱལ་གྱིས་བསྒྱུར།