སེམས་ཤུགས་གཅིག་སྒྲིལ་གྱིས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་དང་འགན་འཁྲི་འཁུར་སེམས་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།
2024.06.03 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 15

མཚོ་སྔོན་གྱི་སྡེ་ཁག་སོ་སོ་དང་ལས་ཁུངས་སོ་སོས་ནུས་ལྡན་དང་གོ་རིམ་ཡོད་པའི་སྒོ་ནས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་སྤེལ།

ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་སྤེལ་བ་ནི་ཏང་གི་སྒྲིག་ཁྲིམས་འཛུགས་སྐྲུན་ལ་ཤུགས་སྣོན་དང་།  ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པ་གཏིང་ཟབ་ཀྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཡིན། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་སྤེལ་བ་ནས་བཟུང་། མཚོ་སྔོན་ཞིང་ཆེན་གྱི་སྡེ་ཁག་སོ་སོ་དང་ལས་ཁུངས་སོ་སོས་བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་སྟེང་གཅིག་གྱུར་བྱས་ཏེ། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་སྤེལ་བ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས།  སྡེ་ཁག་སོ་སོའི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱེད་པ་དང་།  སེམས་ཞིབ་མོས་རྩ་འཛུགས་ལག་བསྟར་བྱེད་པ།  ཏན་ཏིག་དང་གོ་རིམ་ལྡན་པའི་སྒོ་ནས་སྐུལ་སྤེལ་བྱས་ནས།  ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་སེམས་སུ་ཟུག་པ་དང་།  ཕན་འབྲས་དངོས་ཐོན་པར་སྐུལ་འདེད་བཏང་།

སྡེ་ཁག་སོ་སོ་དང་ལས་ཁུངས་སོ་སོས་དམིགས་འབེན་བླང་བྱ་ཁོང་དུ་ཡང་དག་ཆུད་པ་དང་། སློབ་སྦྱོང་གི་གཙོ་གནད་དམ་འཛིན་བྱས་ཤིང་།  རྣམ་པ་གང་རུང་གི་སྒོ་ནས་གསོ་སྦྱོང་དང་སློབ་སྦྱོང་ལ་བརྟེན་ནས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོར་སྐུལ་འདེད་བཏང་།

ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཅན་ཐིན་ཏང་ཙུའུ་ཡིས་གཅིག་སྡུད་སློབ་སྦྱོང་དང་།  སྣེ་ཁྲིད་ནས་སློབ་སྦྱོང་བྱེད་པ་སོགས་ཀྱི་བྱེད་ཐབས་ལ་བརྟེན་ནས།  གསར་དུ་བཟོ་བཅོས་བྱས་པའི《ཀྲུང་གོ་གུང་ཁྲན་ཏང་གི་ཆད་གཅོད་སྲོལ་ཡིག》ལ་ཇི་མ་ཇི་བཞིན་སློབ་སྦྱོང་དང་དོན་ཚན་རེ་རེ་བཞིན་སློབ་སྦྱོང་བྱས་ཏེ། ལས་བྱེད་པས་ལས་ལ་འབད་དགོས་པ་དང་། བསམ་ཕྱོགས་གསལ་དགོས་པ།  རང་གཅུན་དམ་དགོས་པ་བཅས་རང་རྟོགས་སྒོས་བརྩོན་ལེན་བྱེད་པ་དང་བྱ་བའི་རྒྱུན་རྣམ་ཁྲོད་དུ་བཞག

ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་རྣམ་པ་མང་བའི་སྒོ་ནས་སློབ་སྦྱོང་བྱེད་པར་དོ་སྣང་བྱས་ཏེ།  གསར་དུ་བསྐོ་བཞག་བྱས་པའི་ལས་བྱེད་པ་དང་ན་གཞོན་ལས་བྱེད་པ། འགག་རྩའི་ལས་གནས་ཀྱི་ལས་བྱེད་པ་སོགས་གཙོ་གནད་བྱ་ཡུལ་གྱི་སྒྲིག་ཁྲིམས་གསོ་སྦྱོང་ལ་ཤུགས་སྣོན་བྱས་པ་དང་ཆབས་ཅིག བུད་མེད་ཀྱི་སྤྱི་ཚོགས་རྩ་འཛུགས་དེ་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་ཁྲོད་བཅུག་ནས། སྐོར་སྐྱོད་སྒྲོག་འགྲེལ་སོགས་ཀྱི་བྱེད་ཐབས་སྤྱད་དེ་སྲོལ་ཡིག་ལ་སློབ་སྦྱོང་བྱས་པ་དང་།   རུལ་སུངས་སྔོན་འགོག་དང་ངོ་བོ་འགྱུར་བ་སྔོན་འགོག་བྱེད་པའི་བསམ་བློའི་རྨང་གཞི་སྲ་བརྟན་དུ་བཏང་།

ཞིང་ཆེན་དམངས་སྲིད་ཐིན་གྱིས་ཏང་ཙུའུ་ཡི་ཁོངས་མི་དང་ལས་ཁུངས་ཀྱི་ལས་བྱེད་པ་ཡོངས་རྩ་འཛུགས་བྱས་ཏེ། མཚོ་སྔོན་ཞིང་ཆེན་གྱི་རུལ་སུངས་ལ་ངོ་རྒོལ་དང་སྤྱོད་གཙང་དར་སྤེལ་གཏོང་བའི་ཉེན་བརྡའི་སློབ་གསོའི་རྟེན་གཞིར་སོང་ནས་ལྟ་སྐོར་སློབ་སྦྱོང་བྱས་པ་དང་།   ཡུལ་དངོས་ནས་སྲིད་དོན་གཙང་སྐྱོང་གི་ཉེན་བརྡའི་སློབ་གསོ་དང་ལེན་བྱས་པར་མ་ཟད་ཏང་ནང་ཞུགས་པའི་དམ་ཚིག་ཡང་བསྐྱར་ཉམས་ལེན་བྱས་ནས། ཏང་ཡོན་ལས་བྱེད་པ་རྨོངས་གཉིད་ལས་སད་པ་དང་།  ཚད་མཐའ་སྲུང་བ།  གུས་སྐྲག་ཤེས་བ་བཅས་བྱས།

ཞིང་ཆེན་ལུས་རྩལ་ཅུའུ་ཡིས་འགོ་ཁྲིད་པས་སྣེ་ཁྲིད་དེ་སློབ་སྦྱོང་དང་། 《སྲོལ་ཡིག》དང་རྐང་རྩེད་སྤོ་ལོའི་ཁྱབ་ཁོངས་ཀྱི་རུལ་སུངས་གྱོད་གཞིའི་ཉེན་བརྡའི་གྲོས་བསྡུར་སོགས་ཀྱི་བྱེད་སྟངས་བརྒྱུད་ནས། 《སྲོལ་ཡིག》གི་གཞི་རྩའི་ནང་དོན་དང་།  དོན་སྙིང།  གཏན་འབེབས་བླང་བྱ་བཅས་ཡང་དག་པར་ཁོང་དུ་ཆུད་པར་བྱས་ཏེ། ཕྱོགས་ཡོངས་དང་གཏིང་ཟབ་པའི་ཆབ་སྲིད་སློབ་གསོ་དང་བསམ་པའི་ཉམས་སད་ཐེངས་ཤིག་དང་ལེན་བྱས།

ཞིང་ཆེན་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱིས《སྲོལ་ཡིག》ལ་ཇི་མ་ཇི་བཞིན་སློབ་སྦྱོང་དང་དོན་ཚན་རེ་རེ་བཞིན་སློབ་སྦྱོང་བྱེད་པ་ནས་མགོ་བརྩམས་ཏེ།  དྲང་ཕྱོགས་དང་ལྡོག་ཕྱོགས་ཀྱི་གྱོད་དཔེ་ལ་བརྟེན་ནས་ཏང་ཡོན་ལས་བྱེད་པས་སྒྲིག་ཁྲིམས་སློབ་སྦྱོང་དང་། སྒྲིག་ཁྲིམས་ཤེས་རྟོགས།  སྒྲིག་ཁྲིམས་གསལ་རྟོགས།  སྒྲིག་ཁྲིམས་བརྩི་སྲུང་བཅས་བྱེད་པར་ཁྲིད་སྟོན་བྱས།

ཞིང་ཆེན་ཚན་རྩལ་ཐིན་གྱིས་ཆེད་དོན་ཏང་གི་སློབ་ཚན་འཆད་ཁྲིད་བྱས་པ་བརྒྱུད་དེ།  《སྲོལ་ཡིག》ཕྱོགས་ཡོངས་ནས་ཟུར་ཁྲིད་དང་གསལ་འགྲེལ་བྱས་པ་དང་།  ལག་བསྟར་དོན་འཁྱོལ་དམ་འཛིན་ཇི་ལྟར་བྱེད་པར་དབྱེ་ཞིབ་གཏིང་ཟབ་བྱས་ཏེ། གྱོད་གཞི་དངོས་འགྲེལ་བཤད་ལ་བརྟེན་ནས་ཏང་ཡོན་ལས་བྱེད་པས་རང་རྟོགས་སྒོས་གཏམ་སྤྱོད་དག་བཅོས་དང་རང་ཟོན་རང་གཅུན་གྱི་སྦྱོང་བརྡར་དང་ལེན་བྱེད་པར་ཁྲིད་སྟོན་བྱས།

ཟི་ལིང་སྒོ་ཁྲལ་གྱིས་ལྟེ་བའི་ཚན་ཆུང་དང་དཔེ་ཀློག་འཛིན་གྲྭ    ཏང་ཀྲི་པུའུ། གཞོན་ནུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ཚན་ཆུང་བཅས་ཀྱིས་མཉམ་དུ་སློབ་སྦྱོང་བྱེད་པའི་མ་ལག་བཙུགས་ནས།  ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་དང་ཏང་གཤིས་སློབ་གསོ། གསང་བ་སྲུང་བའི་སློབ་གསོ། དམག་སྦྱོང་བཅས་ཀྱི་བྱེད་སྒོ་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ།  སྒོ་ཁྲལ་ལས་བྱེད་པའི་ཆབ་སྲིད་དང་།   སྒྲིག་སྲོལ།  གསང་བ་སྲུང་བ། རྒྱལ་སྲུང་བཅས་ཀྱི་འདུ་ཤེས་ཇེ་དྲག་ཏུ་བཏང་།

ཞིང་ཆེན་སློབ་གསོ་ཐིན་གྱིས་ལམ་ལུགས་འཛུགས་སྐྲུན་བྱེད་པ་དེ་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་བྱེད་ཐབས་གལ་ཆེན་ཞིག་ཏུ་བརྩིས་ཏེ།   ནོར་དོན་དོ་དམ་དང་།  གཞུང་གི་རླངས་འཁོར་བཀོལ་སྤྱོད།  དཔྱད་ཞིབ་དཔྱད་བསྡུར་སོགས་ཀྱི་ཐད་སྒྲིག་སྲོལ་དང་ལམ་ལུགས་འཛུགས་པ་དང་། གཅིག་གྱུར་ཚད་ལྡན་དུ་གཏོང་བའི་གནད་དོན་རྩ་འཛུགས་དང་ཐག་གཅོད་བྱེད་པ།     ཕྱོགས་གང་ཅིའི་ཐད་ནས་རྩ་ལག་མཉམ་བཅོས་བྱེད་པར་སྐུལ་འདེད་གཏོང་བ་བཅས་བྱས་ནས། ལམ་ལུགས་ལྟར་དབང་ཆར་དོ་དམ་དང་ལམ་ལུགས་ལྟར་བྱ་བ་སྒྲུབ་པ། ལམ་ལུགས་ལྟར་མི་ལ་དོ་དམ་བཅས་བྱེད་པའི་ཡུན་ཕན་ལམ་སྲོལ་ཆགས་པར་བྱས།

ཞིང་ཆེན་ཞིང་ལས་དང་གྲོང་གསེབ་ཐིན་གྱིས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་སྤེལ་བ་དེ་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་དང་།   ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱ་བའི་བླང་བྱ་དོན་འཁྱོལ་དང་། ལོ་འཁོར་གྱི་གཙོ་གནད་བྱ་བ་ཡོངས་འགྲུབ་བྱེད་པ་དང་ཟུང་འབྲེལ་དམ་པོ་བྱས་ཏེ།  རང་སྡེ་ཁག་དང་ལས་ཁུངས་དང་དེ་མིན་རིམ་པ་སོ་སོའི་ལས་བྱེད་པ་བཅས་ཀྱིས་སྒྲིག་ཁྲིམས་སློབ་གསོ་དང་།  སྒྲིག་ཁྲིམས་ལག་བསྟར་ནན་མོ་བྱེད་པའི་ཐད་གནས་པའི་མི་འདང་ས་དང་གནད་དོན་ལ་ཞིབ་ལྟ་བྱས་ཏེ།   སློབ་སྦྱོང་སློབ་གསོའི་ཕན་འབྲས་དངོས་ཀྱིས་ཞིང་ཆེན་ཡོངས་ཀྱི་གྲོང་གསེབ་དར་སྤེལ་གཏོང་བར་སྒྲིག་ཁྲིམས་ཀྱི་འགན་ལེན་ཆེན་པོ་འདོན་སྤྲོད་བྱས།

ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་ཉེན་བརྡའི་སློབ་གསོའི་ཚོགས་ཆེན་འཚོགས་པ་བརྒྱུད་དེ། ཏང་ཡོན་ལས་བྱེད་པས་གཙོ་འགན་འཁུར་ནས་ཏང་དོ་དམ་དང་ཏང་བཅོས་སྐྱོང་ནན་མོ་བྱེད་པར་དམིགས་ནས།   ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་བྱེད་པའི་འགན་འཁྲི་གཙོ་བོ་དང་ལས་གནས་གཅིག་ལ་འགན་འཁྲི་གཉིས་སྔར་ལས་ཇེ་དྲག་ཏུ་བཏང་བ་དང་།  སློབ་སྦྱོང་སློབ་གསོ་དང་། གྱོད་གཞིར་བརྟེན་ནས་བཅོས་སྒྲིག་བྱེད་པར་སྐུལ་འདེད། གྱོད་གཞིར་བརྟེན་ནས་ཉེན་བརྡ་གཏོང་བ་བཅས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས།  ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པ་དེ་འཕྲོད་བསྟེན་བདེ་ཐང་བྱ་བའི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱས།

ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིན་གྱིས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་དེ་བྱ་བ་གཙོ་བོར་སྐུལ་འདེད་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཏུ་བརྩིས་ནས། ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གིས་མཉམ་དུ་ཞིབ་འཇུག་འཆར་ཟིན་འགོད་པ་དང་འབྲེལ་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་ལ《སྐྱེ་ཁམས་ཁོར་ཡུག་རྒྱུན་རྣམ་ཅན་གྱི་ལྟ་སྐུལ་དོ་དམ་དང་འགན་འཁྲི་རྩད་གཅོད་ལ་ཤུགས་སྣོན་བྱེད་པའི་སྐོར་གྱི་ལག་བསྟར་བསམ་འཆར》 པར་འགྲེམ་བྱེད་རྒྱུའི་སྙན་ཞུ་ཕུལ་ཏེ།  ཕྱོགས་ཡོངས་དང་། ཁྱབ་ཁོངས་སོ་སོ། རིམ་དབྱེ་བཅས་ཀྱི་སྒོ་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་འགན་འཁྲི་ཇེ་དྲག་ཏུ་བཏང་བ་དང་།  སྐྱེ་ཁམས་ཁོར་ཡུག་གི་འགན་འཁྲིའི་གནད་དོན་གལ་ཆེན་ལ་དོགས་ཟོན་ནུས་ལྡན་བྱེད་པར་གསར་སྐྲུན་རང་བཞིན་གྱི་འཚོལ་ཞིབ་བྱས། ཀྲུང་དབྱང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་གནད་དོན་དག་ཐེར་བཅོས་སྒྲིག་དང་སྦགས་བཙོག་འགོག་བཅོས་ཀྱི་མཁྲེགས་གཏོར་དམག་འཐབ་ཡག་པོ་རྒྱག་པ་སོགས་གཙོ་གནད་བྱ་བ་དོན་འཁྱོལ་གཏིང་ཟབ་བྱས་ནས། སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་རྒྱུན་མཐུད་ངང་ལེགས་བཅོས་བྱེད་པར་འགན་ལེན་བྱས།

མཚོ་སྔོན་པོའི་ལྗོངས་ཁུལ་སྲུང་སྐྱོབ་བེད་སྤྱོད་དོ་དམ་ཅུའུ་ཡིས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་དེ་མཚོ་སྔོན་པོའི་སྐྱེ་ཁམས་སྲུང་སྐྱོབ་དང་། མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་དང་རྒྱལ་སྤྱིའི་ཡུལ་སྐོར་བྱ་ཡུལ་མཚོ་སྔོན་པོའི་དཔེ་སྟོན་ཁུལ་གསར་སྐྲུན་སོགས་ཀྱི་བྱ་བ་གཙོ་བོ་དང་ཟུང་འབྲེལ་བྱས་ཏེ། སྤྱི་ཡོངས་སྲུང་སྐྱོབ་དང་། མ་ལག་ཉམས་གསོ། ཕྱོགས་བསྡུས་བཅོས་སྐྱོང་བཅས་ཀྱི་བྱེད་ཐབས་ལག་བསྟར་གཏིང་ཟབ་བྱས་ནས། མཚོ་སྔོན་པོའི་འབབ་རྒྱུད་ཀྱི་རི་ཆུ་ནགས་ཞིང་དང་མཚེའུ་རྩ་ཐང་། བྱེ་མ། འཁྱགས་རོམ་བཅས་གཞི་གཅིག་ཅན་དུ་འགྱུར་བར་སྲུང་སྐྱོབ་དང་རྒྱུད་རིམ་ལྡན་པའི་བཅོས་སྐྱོང་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་།

ཞིང་ཆེན་འཕེལ་རྒྱས་དང་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་སྤྱི་ཁོག་སྙོམས་སྒྲིག་དང་། ལས་གཞིར་མ་དངུལ་གཏོང་བ། ཐོན་ལས་འཕེལ་རྒྱས།  ཚོང་གཉེར་ཁོར་ཡུག གྲོང་གསེབ་དར་སྤེལ། དམངས་འཚོ་ལེགས་བཅོས། ནུས་ཁུངས་གཙང་མ། ལྗང་མདོག་ཐཱན་ཉུང་སོགས་ཀྱི་བྱ་བ་སྣ་ཚོགས་ཏན་ཏིག་གིས་སྒྲུབ་ཏེ། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་བྱེད་ཐབས་ཚང་མ་འཕེལ་རྒྱས་དང་བཅོས་སྒྱུར་གྱི་བྱ་བ་གཙོ་བོར་སྐུལ་འདེད་གཏོང་བའི་བྱེད་ཐབས་ནུས་ལྡན་ཞིག་ཏུ་འགྱུར་བར་བྱས།

ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིན་གྱིས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་དེ་འགྲིམ་འགྲུལ་འཛུགས་སྐྲུན་ལས་གཞིའི་ཇུས་ཐག་གཅོད་པ་དང་། ཞིབ་བཤེར་མཆན་འགོད། མ་དངུལ་དོ་དམ། ཞིབ་བཤེར་རྩིས་ལེན་སོགས་ཀྱི་བརྒྱུད་རིམ་ཁྲོད་འདྲེས་པར་བྱས་ཏེ།   བརྒྱུད་རིམ་ཧྲིལ་བོའི་ལྟ་སྐུལ་དོ་དམ་ཇེ་དྲག་ཏུ་བཏང་།

ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་གྱིས་མང་ཚོགས་ཀྱི་འཕྲལ་མཁོ་དང་དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ལ་དམིགས་ནས། གནས་ཚུལ་དངོས་ལ་རྒྱུས་ལོན་དང་།  ཕྱིར་བསྐྱོད་པར་དྲིལ་སྒྲོག་སྣེ་ཁྲིད་བྱེད་པ།  དཀའ་གནད་སེལ་བ་དང་ཞབས་ཞུ་ཉམས་ལེན་བྱེད་པ།    སྲིད་ཇུས་སྒོ་ཁར་སྐྱེལ་བ་སོགས་ལ་བརྟག་དཔྱད་ཞིབ་འཇུག་བྱེད་པ་སོགས་ཀྱི་བྱེད་ཐབས་སྤྱད་དེ། སྤྱི་ཚོགས་འགན་སྲུང་ཞབས་ཞུ་ཁྱིམ་ཚང་མང་པོར་བསྐྱོད་པའི་བྱེད་སྒོ་གཏིང་ཟབ་ཏུ་སྤེལ།

ཞིང་ཆེན་རང་བྱུང་ཐོན་ཁུངས་ཐིན་གྱིས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་དེ་གྱོད་གཞིར་བརྟེན་ནས་ཆེད་དོན་སློབ་གསོ་བཅོས་སྒྲིག་དང་སྤྱོད་ཚུལ་ཐད་ཀྱི་འབུར་ཐོན་གནད་དོན་ཆེད་དོན་བཅོས་སྒྲིག་གཏིང་ཟབ་ཏུ་གཏོང་བ་སོགས་ཀྱི་གཙོ་གནད་བྱ་དང་འབྲེལ་མཐུད་བྱས་ནས་དོན་འཁྱོལ་བྱས་པ་དང་། ས་ཞིང་དང་གཏེར་ཐོན་ཞིབ་བཤེར་མཆན་འགོད།  རྒྱལ་ཁོངས་བར་སྟོང་འཆར་འགོད། སྐྱེ་ཁམས་སྲུང་སྐྱོབ་དང་ཉམས་གསོ། ས་གཤིས་ཀྱི་གནོད་འཚེ་འགོག་བཅོས། མ་དངུལ་བཀོལ་སྤྱོད། ལྟ་སྐུལ་དོ་དམ།  བཟོ་སྐྲུན་ལས་གཞིའི་སུས་འཇོན་དེ་འགུག་དང་སུ་འཇོན་དེ་ལེན་སོགས་གཙོ་གནད་ཁྱབ་ཁོངས་དང་གནད་འགག་གི་ལྷུ་ཚིགས་ལ་དམིགས་ནས།  སྒྲིག་ཁྲིམས་དང་སྒྲིག་ལམ་བརྩི་སྲུང་ཐད་གནས་པའི་གནད་དོན་ལ་གཅིག་སྡུད་སྒོས་ཞིབ་བཤེར་བྱས་པ་དང་། གནད་དོན་གྱི་རྩིས་ཐོ་བཟོ་བ་དང་བཅོས་སྒྲིག་དོན་འཁྱོལ་ལ་ཚད་བཟུང་ནས། སྒྲིག་ཁྲིམས་དང་འགལ་བའི་འཛུགས་སྐྲུན་ཐད་ཀྱི་འབུར་ཐོན་གནད་དོན་དང་མང་ཚོགས་ལ་བསམ་འཆར་ཆེ་བའི་གནད་དོན་གཙོ་བོ་སྐོར་ཞིག་ཤུགས་ཆེན་པོས་ཐག་གཅོད་བྱས།

སྒྲོལ་མ་སྐྱིད་ཀྱིས་བསྒྱུར།