སྒྲིག་ཁྲིམས་ནི་ཏང་གི་སྲོག་རྩ་ལྟ་བུ་ཡིན། ང་ཚོའི་ཏང་ནི་གསར་བརྗེའི་ཕུགས་བསམ་དང་རྣོ་ལྕགས་ལྟ་བུའི་སྒྲིག་ཁྲིམས་ལ་བརྟེན་ནས་བཙུགས་པའི་མར་ཁེ་སིའི་རིང་ལུགས་ཀྱི་སྲིད་ཏང་ཞིག་ཡིན་ཞིང་། རྩ་འཛུགས་དམ་པོ་དང་སྒྲིག་ཁྲིམས་ནན་མོ་ནི་ཏང་གི་སྲོལ་རྒྱུན་བཟང་པོ་དང་ཆབ་སྲིད་ཀྱི་ལེགས་ཆ་ཡིན་ལ། ང་ཚོའི་སྟོབས་ཤུགས་གནས་སའང་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས"ང་ཚོའི་སྲིད་ཏང་ཆེན་པོ་འདི་འདྲ་ཞིག་གིས་གང་ལ་བརྟེན་ནས་རང་ཉིད་ཀྱི་དཔུང་ཁག་དོ་དམ་ཡག་པོ་བྱེད་དགོས་སམ། ཅི་ཞིག་ལ་བརྟེན་ནས་ཉེན་ཁ་དང་འགྲན་སློང་ལས་རྣམ་པར་རྒྱལ་ཐུབ་བམ་ཞེ་ན། ཡང་དག་པའི་རིགས་པའི་གཞུང་ལུགས་དང་། ལམ་ཕྱོགས། བྱེད་ཕྱོགས། སྲིད་ཇུས་བཅས་ཕུད། ངེས་པར་དུ་ཚད་གཞི་དང་སྒྲིག་ཁྲིམས་ནན་མོར་བརྟེན་དགོས།" ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་རྒྱུ་དེ་ནི་དུས་རབས་གསར་པའི་ཏང་འཛུགས་སྐྲུན་གྱི་བརྗོད་བྱ་གསལ་བོ་དང་། སྒྲིག་ཁྲིམས་འཛུགས་སྐྲུན་གྱི་ཆེས་མངོན་གསལ་གྱི་ཁྱད་ཆོས་ཤིག་དང་། གྲུབ་འབྲས་མངོན་གསལ་ཞིག ཕུན་སུམ་ཚོགས་པའི་འབྲས་བུ་ཞིག་ཏུ་འགྱུར་བར་བྱས་ནས། ཏང་སེམས་དང་དམངས་སེམས་གཅིག་བསྡུས་བྱེད་པ་དང་། སྤྱོད་གཙང་སྲོལ་བཟང་དར་སྤེལ་གཏོང་བ། ཏང་ཡོངས་ཀྱི་བསམ་བློའི་སྟེང་སྔར་ལས་གཅིག་གྱུར་དང་། ཆབ་སྲིད་སྟེང་སྔར་ལས་མཐུན་སྒྲིལ། འགུལ་སྐྱོད་སྟེང་སྔར་ལས་གཅིག་གྱུར་ཡོང་བ་བྱེད་དགོས།
སྒྲིག་ཁྲིམས་སློབ་གསོ་ནི་སྒྲིག་ཁྲིམས་འཛུགས་སྐྲུན་གྱི་རྨང་གཞིའི་རང་བཞིན་གྱི་བྱ་བ་ཞིག་ཡིན་པ་དང་། ཏང་ཡོན་གྱི་སྒྲིག་ཁྲིམས་འདུ་ཤེས་དང་སྒྲིག་ཁྲིམས་རང་རྟོགས་ཀྱི་ཆེས་ཐད་ཀར་དང་ཆེས་ཕན་ནུས་ལྡན་པའི་བྱེད་ཐབས་ཤིག་རེད། ཡིན་ནའང་། སྔར་བཞིན་ཏང་ཡོན་ལས་བྱེད་པ་ཁ་ཤས་ཀྱིས་ཏང་སྲོལ་དང་ཏང་གི་སྒྲིག་ཁྲིམས་ལ་སེམས་ཁུར་མི་བྱེད་པ་དང་། རྒྱུས་ལོན་མི་བྱེད་པ། ཡིད་ལ་མི་འཛིན་པ་བཅས་ཡོད་པས། ཏང་གི་སྒྲིག་ཁྲིམས་འཛུགས་སྐྲུན་ལ་ཤུགས་སྣོན་པའི་སྐོར་གྱི་གལ་ཆེན་རང་བཞིན་དང་། ཏང་གི་སྒྲིག་ཁྲིམས་སྣང་མེད་དུ་འཇོག་པ་དང་ཏང་གི་སྒྲིག་ཁྲིམས་དང་འགལ་བའི་གནད་དོན་གྱི་གནོད་འཚེའི་རང་བཞིན་ལ་ངོས་འཛིན་ཟབ་མོ་བྱུང་མེད། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་གྱི་རུལ་སུངས་ལ་ངོ་རྒོལ་བྱེད་པའི་གྱོད་དཔེ་བགྲང་ལས་འདས་པའི་སྟེང་ནས། ཏང་ཡོན"ཁྲིམས་དང་འགལ་བ"དེ་ནི“སྒྲིག་ལམ་ལ་གཏོར་བརླག"བཟོས་པ་ལས་མགོ་མ་བརྩམས་པ་གཅིག་ཀྱང་མེད་པ་ར་སྤྲོད་བྱས་ཡོད། བསམ་བློའི་སྟེང་ནས་ཏང་གི་སྒྲིག་ཁྲིམས་དང་སྒྲིག་སྲོལ་ལ་གུས་ཤིང་སྐྲག་རྒྱུ་ལྷོད་གཡེང་དུ་བཏང་བས། རང་ཉིད་ལ་ནོར་འཁྲུལ་བྱུང་བ་དང་ཕམ་ཉེས་བྱུང་བ་མ་ཟད། ཏང་དང་མི་དམངས་ཀྱི་བྱ་གཞག་ལའང་ལྡོག་ཐབས་མེད་པའི་གྱོང་གུན་བཟོས་ཡོད། རྒྱ་ཆེའི་ཏང་ཡོན་ལས་བྱེད་པའི་ངོས་ནས་བཤད་ན། སྒྲིག་ཁྲིམས་སློབ་པ་དང་། སྒྲིག་ཁྲིམས་ཤེས་པ། སྒྲིག་ཁྲིམས་རྟོགས་པ། སྒྲིག་ཁྲིམས་སྲུང་བ་བཅས་བྱས་ནས། ཏང་གི་སྒྲིག་ཁྲིམས་དང་སྒྲིག་ལམ་ནི་ཅི་ཞིག་ཡིན་པ་གསལ་པོར་ཤེས་པ་དང་། ཅི་ཞིག་སྒྲུབ་ཐུབ་པ་དང་ཅི་ཞིག་སྒྲུབ་མི་ཐུབ་པ་གསལ་པོར་ཤེས་པ། སྒྲིག་བརྩི་ཁྲིམས་སྲུང་དེ་སེམས་ལ་བརྟན་པོར་ངེས་པར་བྱས་ནས་གཏམ་སྤྱོད་ཀྱི་ཚད་གཞིར་འགྱུར་བ་བཅས་བྱས་ན། ད་གཟོད་སྒྲིག་ཁྲིམས་ཀྱི་འདུ་ཤེས་སྔར་ལས་ཆེ་རུ་གཏོང་བ་དང་རང་གཅུན་རང་འདོམས་བྱེད་ཤུགས་ཆེ་རུ་གཏོང་བ། རིམས་འགོག་ནུས་པ་མཐོ་རུ་གཏོང་བ་སོགས་བྱས་ཏེ། ཆབ་སྲིད་ཀྱི་ངེས་ཤུགས་དང་། སྒྲིག་ཁྲིམས་ཀྱི་ངེས་ཤུགས། ཀུན་སྤྱོད་ཀྱི་ངེས་ཤུགས། རུལ་འགོག་ངེས་ཤུགས་སོགས་ཇེ་དྲག་ཏུ་བཏང་ནས། ཐོག་མཐའ་བར་གསུམ་དུ་ལྷག་བསམ་རྣམ་དག་དང་། སྤྱོད་པ་གཙང་བ། འགན་འཁུར་ཕོད་པ་བཅས་བྱ་དགོས།
ཏང་གི་སྒྲིག་ཁྲིམས་ནི་ཏང་གི་རིམ་པ་སོ་སོའི་རྩ་འཛུགས་དང་ཏང་ཡོན་ཡོངས་ཀྱིས་ངེས་པར་དུ་བརྩི་སྲུང་ཞུ་དགོས་པའི་བྱ་སྤྱོད་སྒྲིག་སྲོལ་ཞིག་ཡིན་པ་དང་། དེ་ནི་ཏང་གི་མཐུན་སྒྲིལ་དང་གཅིག་གྱུར་ལ་སྲུང་སྐྱོང་དང་ཏང་གི་ལས་འགན་ལེགས་འགྲུབ་བྱེད་པའི་འགན་སྲུང་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འབྲེལ་ཡོད་ཏང་གི་སྒྲིག་ཁྲིམས་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་པའི་སྐོར་གྱི་རྒྱས་བཤད་གལ་ཆེན་སྟེང་འབད་བརྩོན་བྱས་ཏེ། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་ནན་ཏན་སྒོས་ལེགས་པོར་སྤེལ་བ་དང་འབུར་ཐོན་གནད་དོན་ལ་དམིགས་ནས་ཚད་གཞི་ནན་མོ་འཛུགས་པ་དང་སྒྲིག་ཁྲིམས་ནན་མོ་ལག་བསྟར་བྱས་ཏེ། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་བྱེད་པའི་བརྒྱུད་རིམ་དེ་སྒྲིག་ཁྲིམས་ཀྱི་འདུ་ཤེས་ཇེ་ཟབ་ཏུ་གཏོང་བ་དང་ཏང་གཤིས་བློ་སྦྱོང་མཐོར་འདེགས་གཏོང་བའི་བརྒྱུད་རིམ་ངོ་མར་འགྱུར་བར་བྱེད་དགོས་པ་དང་། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ཏང་གི་སྒྲིག་ཡིག་དང་། ཏང་གི་སྒྲིག་སྲོལ། ཏང་གི་སྒྲིག་ཁྲིམས་བཅས་སེམས་སུ་བཟུང་ནས། ཕྱིའི་བྱ་སྤྱོད་ཀྱི་སྟེང་ནས་ལག་བསྟར་བྱེད་པར་སྐུལ་འདེད་གཏོང་དགོས། ཐོག་མཐའ་བར་གསུམ་དུ་ཧུར་ཐག་འབད་ཐག་གིས་སློབ་སྦྱོང་བྱེད་པའི་རྣམ་འགྱུར་དང་ཡུན་རིང་འབད་བརྩོན་བྱེད་པའི་སློབ་སྦྱོང་གི་བྱེད་ཐབས་རྒྱུན་འཁྱོངས་བྱས་ནས། ཏང་གི"སྒྲིག་ཁྲིམས་ཆེན་པོ་དྲུག"ལ་ཞིབ་འཇུག་དང་གྲོས་བསྡུར་བྱེད་པར་དམིགས་ཏེ། ནུས་ཤུགས་ཆེན་པོ་འདོན་པ་དང་དཀའ་སྤྱད་འབད་བརྩོན་བྱས་ནས། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་བྱེད་པའི་བརྒྱུད་རིམ་དེ་སྒྲིག་ཁྲིམས་ཀྱི་འདུ་ཤེས་འཛིན་ཤུགས་ཆེ་རུ་གཏོང་བ་དང་ཏང་གཤིས་བློ་སྦྱོང་བྱེད་ཤུགས་ཆེ་རུ་གཏོང་བའི་བརྒྱུད་རིམ་ངོ་མར་འགྱུར་བར་བྱེད་དགོས། ཏང་གཤིས་དང་། ཏང་སྲོལ། ཏང་གི་སྒྲིག་ཁྲིམས་བཅས་མཉམ་དུ་དམ་འཛིན་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། སྒྲིག་ཁྲིམས་སློབ་གསོ་དང་ཏང་གཤིས་སློབ་གསོ། སྤྱོད་གཙང་རིག་གནས་སློབ་གསོ་སོགས་ཟུང་འབྲེལ་བྱས་ནས་བསམ་བློའི་སྟེང་ལུས་གསོ་ཟུངས་སྐྱེད་བྱས་ཏེ། མུ་མཐུད་དུ་ཏང་ཡོན་ལས་བྱེད་པས་སྒྲིག་བརྩི་ཁྲིམས་སྲུང་བྱེད་པ་ནས་ཕྱིའི་བླང་བྱ་ནས་རང་རྟོགས་ཀྱི་བྱ་སྤྱོད་དུ་འགྱུར་བར་སྐུལ་འདེད་གཏོང་དགོས།
སློབ་སྦྱོང་གི་དམིགས་ཡུལ་ཚང་མ་བཀོལ་སྤྱོད་བྱེད་རྒྱུ་དེ་ཡིན། ང་ཚོས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་གཏོང་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས། "གཏན་འཁེལ་གཉིས"ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ་དང་། སྒྲིག་ཁྲིམས་སེམས་ལ་བཟུང་ནས་བྱ་སྤྱོད་སྟེང་དེ་ལས་མཐོང་ཐུབ་པ་བྱས་ཏེ། སློབ་སྦྱོང་དང་། ཞིབ་བསྡུར། ཞིབ་ལྟ། ལེགས་སྒྲིག་བྱེད་ཞོར་དུ་སྔར་ལས་ལྷག་པའི་སྒོ་ནས་ཉིན་རྒྱུན་གྱི་གཏམ་སྤྱོད་ཀྱི་ཚད་འཇལ་གསལ་བོ་བྱེད་པ་དང་། ཏང་སྲོལ་དང་ཏང་གི་སྒྲིག་ཁྲིམས་ལ་བརྟེན་ནས་བསམ་བློ་དང་བྱ་སྤྱོད་མུ་མཐུད་དུ་དག་བཅོས་བྱེད་དགོས། ཕྱི་ཚུལ་རིང་ལུགས་སྤང་གང་ཐུབ་བྱས་ཏེ། སྤྱོད་ཚུལ་བཟང་པོར་བརྟེན་ནས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་ཟབ་མོ་དང་ཏན་ཏིག་ངང་སྤེལ་བར་འགན་སྲུང་བྱེད་དགོས། ཕྱོགས་གཉིས་དམ་འཛིན་དང་ཕྱོགས་གཉིས་ཀར་སྐུལ་འདེད་གཏོང་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་སྤེལ་རྒྱུ་དེ་ཏང་ཀྲུང་དབྱང་གི་ཐབས་ཇུས་དང་བཀོད་སྒྲིག་གལ་ཆེན་དོན་འཁྱོལ་དང་། ས་ཁུལ་རང་དང་། སྡེ་ཁག་རང་། ལས་ཁུངས་རང་གི་བྱ་བ་གཙོ་བོ་ཡོངས་འགྲུབ་བྱེད་པ་དང་ཟུང་འབྲེལ་དམ་ཟབ་བྱས་ནས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་བྱེད་ཐབས་ཚང་མ་དཀྱིལ་སྙིང་བྱ་བར་སྐུལ་འདེད་གཏོང་བའི་བྱེད་ཐབས་ནུས་ལྡན་དུ་བསྒྱུར་བ་དང་། དོན་ངོ་མའི་སྟེང་"སོ་སོར་གྱེས་པ"སྔོན་འགོག་བྱེད་དགོས། སྒྲིག་ཁྲིམས་ནན་མོར་བརྟེན་ནས་ཏང་ཡོངས་ཀྱིས་རང་རྟོགས་ངང་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བར་འགན་ལེན་བྱས་ཏེ། ལག་ལེན་དང་མཚམས་འཇོག་ཤེས་པ། གང་གསུང་དེ་སྒྲུབ་བྱས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་དང་མཉམ་ཤུགས་ཆེན་པོ་ཞིག་ཆགས་པར་བྱེད་དགོས།
ཚེ་རིང་སྒྲོལ་མས་བསྒྱུར།