ཞིན་ཧྭ་གསར་འགྱུར་ཁང་གི་དཔྱད་བརྗོད་པ།
“ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་ངེས་པར་དུ་ཏང་གི་མགོ་ཁྲིད་རྒྱུན་འཁྱོངས་དང་ཏང་གི་འཛུགས་སྐྲུན་དམ་འཛིན་བྱེད་དགོས།” སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཉེ་ལམ་ཧྲན་ཏུང་དུ་གཟིགས་ཞིབ་གནང་སྐབས་ནན་གྱིས་བསྟན་དོན། ད་ལྟ་ཏང་ཡོངས་སུ་སྤེལ་བཞིན་པའི་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་ནི་ད་ལོའི་ཏང་འཛུགས་སྐྲུན་ལས་དོན་གྱི་ལས་འགན་གཙོ་བོ་ཞིག་ཡིན་པས། རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་རྩ་འཛུགས་ཞིབ་ཚགས་དང་སྐུལ་འདེད་ཏན་ཏིག་བཏང་ནས། ཕན་འབྲས་དངོས་ཐོན་པར་བྱེད་དགོས། སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་གྱིས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་གཏོང་བའི་ཐད་ཁ་ཕྱོགས་དང་གཞི་འཛིན་ས་གལ་ཆེན་འདོན་སྤྲོད་གནང་ཡོད།
ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་སྤེལ་བ་ནི་ཏང་གི་སྒྲིག་ཁྲིམས་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་། ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པ་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཡིན། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་སྤེལ་བ་ནས་བཟུང་། ས་གནས་སོ་སོ་དང་སྡེ་ཁག་སོ་སོས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ནན་ཏན་སྒོས་ལག་ལེན་མཐར་ཕྱིན་བྱས་ཤིང་། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་སྤེལ་བ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ཏེ། གཅིག་གྱུར་འཆར་འགོད་ལ་ཤུགས་སྣོན་དང་ཞིབ་ཚགས་ཀྱིས་རྩ་འཛུགས་ལག་བསྟར་བྱེད་པ། དོན་དངོས་དང་ཟུང་འབྲེལ་དམ་པོ་བྱེད་པ། སློབ་སྦྱོང་བྱེད་སྟངས་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་བཅས་བྱས་ཏེ། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་སེམས་སུ་འཇགས་པ་དང་སྤྱོད་ལམ་དུ་མངོན་པར་བྱས་པ་དང་། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ཏང་གི་སྒྲིག་ལམ་དང་ཏང་གི་སྒྲིག་ཁྲིམས་ལ་བརྟེན་ནས་བསམ་བློ་དང་བྱ་སྤྱོད་རྒྱུན་ཆད་མེད་པར་ཡོ་བསྲང་བྱས་ཤིང་། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་བྱེད་པའི་བརྒྱུད་རིམ་དེ་སྒྲིག་ཁྲིམས་ཀྱི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་ཏང་གཤིས་བློ་སྦྱོང་ཇེ་མཐོར་གཏོང་བའི་བརྒྱུད་རིམ་དུ་འགྱུར་བར་བྱས་ཡོད།
ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་གཏོང་དགོས་ན། ཉེན་བརྡའི་སློབ་གསོར་ཤུགས་སྣོན་པ་དང་། གྱོད་གཞི་ལ་བརྟེན་ནས་སློབ་སྦྱོང་ལ་སྐུལ་འདེད་དང་གྱོད་གཞི་ལ་བརྟེན་ནས་སྒྲིག་ཁྲིམས་བཤད་པ་དམ་འཛིན་བྱས་ཏེ། གུས་སྐྲག་དང་དོགས་ཟོན་ནི་ཏང་ཡོན་ལས་བྱེད་པའི་རྒྱུན་ལྡན་གྱི་རང་རྟོགས་སུ་འགྱུར་བར་བྱེད་དགོས། “སྔོན་གྱི་གྱོད་གཞི”ལ་བརྟེན་ནས“རྗེས་མའི་ཁ་ཕྱོགས”གསལ་པོར་ཤེས་པ་དང་། གྱོད་གཞི་དཔྱད་གཞིར་བཟུང་ན་ད་གཟོད་གུས་སྐྲག་ཤེས་ཐུབ་ལ། ཉེན་བརྡ་ཡུན་རིང་བརྒྱབ་ན་ད་གཟོད་འགོག་སྲུང་འཛིང་རགས་ཇེ་བརྟན་དུ་གཏོང་ཐུབ། རིམ་པ་མི་འདྲ་བ་དང་ཁྱབ་ཁོངས་མི་འདྲ་བ། རིགས་མི་འདྲ་བ་བཅས་ཀྱི་དཔེ་མཚོན་གྱོད་གཞིར་དབྱེ་ཞིབ་གཏིང་ཟབ་དང་བབ་བསྟུན་བེད་སྤྱོད་བྱེད་དགོས་ལ། རིམ་པ་དང་རིགས་དགར་ནས་ཉེན་བརྡའི་སློབ་གསོ་སྤེལ་བ་དང་། ཉེན་བརྡའི་སློབ་གསོའི་དམིགས་གཏད་རང་བཞིན་དང་ཕན་འབྲས་ཆེ་རུ་བཏང་སྟེ། ཏང་ཡོན་དང་ལས་བྱེད་པར་དོགས་ཟོན་དང་ཚད་མཐའ་གསལ་པོ་ཡོང་བར་བྱེད་དགོས། སློབ་གསོའི་བྱེད་ཐབས་ཕུན་སུམ་ཇེ་ཚོགས་སུ་གཏོང་དགོས་ཤིང་། ཉེན་བརྡའི་སློབ་གསོའི་ཚོགས་ཆེན་དང་ཉེན་བརྡའི་སློབ་གསོའི་ཆེད་དོན་བརྙན་ཐུང་། སྲིད་གཙང་ཏང་གི་སློབ་ཚན། སློབ་གསོའི་ཀློག་དེབ་སོགས་ཀྱི་རྣམ་པ་མང་པོ་ཕྱོགས་བསྡུས་སྒོས་སྤྱད་དེ། ཉེན་བརྡའི་སློབ་གསོའི་ཤུགས་རྐྱེན་ཐེབས་ཚད་དང་གོ་བསྐོན་བློ་འགུག་གི་ནུས་པ་ཆེ་རུ་གཏོང་དགོས། ཁྱབ་སྤེལ་བྱེད་སྟངས་གསར་གཏོད་བྱས་ནས་ཏང་གི་སློབ་གྲྭ་དང་སྲིད་གཙང་སློབ་གསོའི་རྟེན་གཞི་སོགས་ཀྱི་ནུས་པ་འདོན་སྤེལ་ལེགས་པོ་བྱེད་དགོས་པར་མ་ཟད། དྲ་ལམ་སྟེགས་བུའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། ཉེན་བརྡའི་སློབ་གསོའི་ཁྱབ་རྒྱ་དང་ཤུགས་རྐྱེན་ཐེབས་ཚད་ཆེ་རུ་གཏོང་དགོས། གྱོད་གཞི་ལ་བརྟེན་ནས་དག་ཐེར་ལ་སྐུལ་འདེད་དང་། གྱོད་གཞི་ལ་བརྟེན་ནས་བཅོས་སྐྱོང་ལ་སྐུལ་འདེད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྒྲིག་བསྟར་གཟབ་ནན་ཡིན་པའི་ཟིལ་ཤུགས་མུ་མཐུད་དུ་མངོན་པ། ཉེན་བརྡའི་སློབ་གསོ་སེམས་སུ་འཇགས་པར་བྱེད་པ་བཅས་ཀྱིས། སྒྲིག་ཁྲིམས་ནན་མོ་ཡོང་བ་དེ་ཏང་ཡོན་ལས་བྱེད་པའི་རྒྱུན་ལྡན་གྱི་གོམས་གཤིས་དང་རང་རྟོགས་ཀྱི་གཞི་འཛིན་སར་འགྱུར་དུ་འཇུག་དགོས།
ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་གཏོང་དགོས་ན། ཏང་ཡོན་ལས་བྱེད་པས་ཏང་གི་སྒྲིག་ཁྲིམས་ཕྱོགས་ཡོངས་ནས་ཤེས་རྟོགས་དང་ལག་བསྟར་བྱེད་པར་ཁྲིད་སྟོན་བྱེད་དགོས་ལ། སྒྲིག་ལམ་དང་སྒྲིག་ཁྲིམས་བརྩི་སྲུང་གི་སྔོན་འགྲོའི་ཆ་རྐྱེན་འོག མི་དམངས་དང་དུས་རབས་ཀྱི་རེ་བ་སྟོང་ཟད་དུ་མི་གཏོང་བར་བྱས་རྗེས་འཇོག་དགོས། སྒྲིག་ཁྲིམས་སློབ་སྦྱོང་བྱས་ཚེ་ད་གཟོད་སྒྲིག་ཁྲིམས་ཤེས་ཐུབ་པ་དང་། སྒྲིག་ཁྲིམས་ཤེས་ཚེ་ད་གཟོད་སྒྲིག་ཁྲིམས་བརྩི་སྲུང་བྱེད་ཐུབ། ཏང་ཡོན་ལས་བྱེད་པ་ཁ་ཤས་ཀྱིས་ཏང་གི་སྒྲིག་སྲོལ་དང་ཏང་གི་སྒྲིག་ཁྲིམས་ཡིད་ལ་མི་འཛིན་པ་དང་རྒྱུས་ལོན་མི་བྱེད་པ། ཁོང་དུ་མི་ཆུད་པ་སོགས་ཀྱི་གནད་དོན་ལ་དམིགས་ཏེ། ཏང་ཡོན་ལས་བྱེད་པས་སྒྲིག་ཁྲིམས་འདུ་ཤེས་སྔར་ལས་ཆེ་རུ་གཏོང་བ་དང་། རང་ཉིད་ཚོད་འཛིན་ལ་ཤུགས་སྣོན་པ། རིམས་འགོག་ནུས་པ་ཆེ་རུ་གཏོང་བར་སློབ་གསོ་དང་ཁྲིད་སྟོན་བཅས་བྱེད་པ་དང་། ཐོག་མཐའ་བར་གསུམ་དུ་བློ་དཀར་དང་དག་གཙང། འགན་འཁྲི་འཁུར་ཐུབ་པ་བཅས་བྱེད་དགོས། ཏང་གི་སྒྲིག་ཁྲིམས་ནི་འགན་སྒྲུབ་སྲིད་གཉེར་གྱི“སྡོམ་ཐག”ཡིན་ལ། ལས་སྒྲུབ་ལས་གཏོད་ཀྱི“སྲུང་ཐག”ཀྱང་ཡིན། དུས་དང་རྣམ་པ་ཀུན་ཏུ་ཏང་གི་སྒྲིག་ལམ་དང་ཏང་གི་སྒྲིག་ཁྲིམས་ཚད་གཞིར་བཟུང་སྟེ། ཕྱོགས་ལྷུང་མི་བྱེད་པ་དང་ལུགས་མཐུན་དང་མི་འཛོལ་བ། ཚད་གཞི་ལས་མི་བརྒལ་བ་བཅས་བྱས་ཚེ། ད་གཟོད་འགན་ལྕི་མོ་འཁུར་ཐུབ་པ་དང་དོན་དངོས་བསྒྲུབ་ཐུབ། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་སྤེལ་བར་ཕྱོགས་གཉིས་དམ་འཛིན་དང་ཕྱོགས་གཉིས་ལ་སྐུལ་འདེད་གཏོང་བ་རྒྱུན་འཁྱོངས་བྱེད་དགོས་ཤིང་། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་སྤེལ་བ་དེ་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ལག་བསྟར་དང་། རང་ས་ཁུལ་དང་རང་སྡེ་ཁག རང་ལས་ཁུངས་ཀྱི་གཙོ་གནད་བྱ་བར་ཟུང་འབྲེལ་དམ་ཟབ་བྱས་ཏེ། ཏང་ཡོན་ལས་བྱེད་པས་སེམས་བདེ་མོས་བྱ་བ་སྒྲུབ་པ་དང་ཡར་བརྩོན་ལྷུར་ལེན། ཧུར་ཐག་འབད་བརྩོན་བཅས་བྱེད་པར་སྐུལ་སློང་དང་ཁྲིད་སྟོན་བྱས་ཐོག ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་འབད་བརྩོན་ཧུར་ཐག་བྱས་ཏེ། ཏང་དང་མི་དམངས་ལ་ངོ་གནོང་མི་དགོས་པའི་རྒྱུགས་ལན་བཟང་པོ་སྤྲོད་དགོས།
ཕྱི་ཚུལ་རིང་ལུགས་ནི་ཏང་དང་མི་དམངས་ཀྱི་བྱ་གཞག་གི་དགྲ་བོ་ཆེན་པོ་ཡིན། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་གོ་སྐབས་སུ་བརྩི་བ་དང་། ཕྱི་ཚུལ་རིང་ལུགས་བསྟུད་མར་དག་ཐེར་ལེགས་སྒྲིག་བྱས་ཏེ་གཞི་རིམ་གྱི་ཁུར་བོ་ཇེ་ཡང་དུ་གཏོང་བ་དང་། གཞི་རིམ་གྱི་ལས་བྱེད་པར་ལས་སྒྲུབ་ལས་གཏོད་ཀྱི་ཁོར་ཡུག་བཟང་པོ་བསྐྲུན་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་གཏན་འགོག་བྱེད་པའི་སྐོར་གྱི་རྣམ་བཤད་གལ་ཆེན་དང་བླང་བྱ་གསལ་པོར་ནན་ཏན་སྒོས་སློབ་སྦྱོང་གཏིང་ཟབ་བྱེད་པ་དང་། གནད་དོན་མངོན་གསལ་ལ་དམིགས་ཏེ་བཅོས་སྐྱོང་བྱེད་པ། དབང་ཆ་དང་འགན་འཁྲི་སྔར་ལས་གསལ་པོ་བྱེད་པ། ཡུན་ཕན་སྒྲིག་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་བ། ཏང་ཡོན་དང་ལས་བྱེད་པར་ཡང་དག་པའི་སྲིད་སྐྱོང་བྱས་འབྲས་ལྟ་བ་འཛུགས་པར་ཁྲིད་སྟོན་བྱེད་པ། རྩ་ལག་མཉམ་བཅོས་དང་དོ་དམ་བཟང་པོ་བྱས་ཏེ་མཁྲེགས་བཟུང་གི་རྣམ་པ་སེལ་བ། གཞི་རིམ་ལས་བྱེད་པ་རྣམས་ཕྱི་ཚུལ་རིང་ལུགས་ཀྱི་འཆིང་རྒྱ་ལས་དངོས་སུ་ཐར་བར་བྱེད་པ། སེམས་ཤུགས་ཡོད་ཚད་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་མི་དམངས་མང་ཚོགས་ལ་ཞབས་འདེགས་ཞུ་བའི་ཐད་གཅིག་བསྡུ་བྱེད་པ་བཅས་ཀྱིས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་ཏན་ཏིག་གཏོང་བའི་མཉམ་ཤུགས་ཆེན་པོ་ཆགས་སུ་འཇུག་དགོས།
རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།