སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཉེ་སྔོན་མཚོ་སྔོན་དུ་གཟིགས་ཞིབ་མཛད་སྐབས་ནན་གྱིས་བསྟན་དོན། མཚོ་སྔོན་གྱི་རྒྱལ་ཡོངས་ཆེ་ཕྱོགས་འཕེལ་རྒྱས་ཁྲོད་ཀྱི་འཐབ་ཇུས་གོ་གནས་དམ་འཛིན་བྱས་ཤིང་། རང་སྟེང་གི་ཁྱད་སྟོབས་འདོན་སྤེལ་གང་ལེགས་བྱེད་པ་དང་། མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་ནས་གྲུབ་འབྲས་སྔར་ལས་ཆེན་པོ་ཐོབ་པར་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་ལེའུ་ཧུར་ཐག་སྒོས་འབྲི་དགོས་ཞེས་གསུངས། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས་བསྟན་དོན། ནན་ཏན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱས་ཏེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱིས་ཕྱོགས་ཡོངས་ནས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་དང་མི་རིགས་བསྐྱར་གྱི་རླབས་ཆེན་ལས་དོན་ལ་སྐུལ་འདེད་གཏོང་གཏོང་དགོས་ཟེར།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གཟིགས་ཞིབ་མཛད་སྐབས་ས་ཚིགས་དང་པོར་མགོ་ལོག་ཟི་ལིང་མི་རིགས་སློབ་འབྲིང་དུ་ཕེབས་ནས་དགེ་རྒན་དང་སློབ་མ་ཚོར་སྐོར་བརྒྱབ། སློབ་གྲྭ་དེ་ནི་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་ལ་གཏོགས་པའི་བཅའ་སྡོད་ལམ་ལུགས་ཀྱི་སློབ་འབྲིང་ཞིག་ཡིན་པ་དང་། ཧྲང་ཧེ་གྲོང་ཁྱེར་གྱིས་མ་དངུལ་བཏང་ནས་རོགས་འཛུགས་བྱས་པ་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སློབ་གྲྭའི་གནས་ཚུལ་ཞིབ་ཏུ་དྲིས་པར་མ་ཟད། ཟ་ཁང་དུ་ཕེབས་ནས་སློབ་མ་ཚོའི་བཟའ་བཏུང་གི་ཆ་རྐྱེན་ལ་ལྟ་ཞིབ་མཛད།
མགོ་ལོག་ཟི་ལིང་མི་རིགས་སློབ་འབྲིང་དུ་སློབ་མ800ཡོད་པ་དང་། སློབ་མ་ཚང་མ་མཚོ་སྔོན་ཤར་ལྷོའི་ཕྱོགས་ཀྱི་མཚོ་འཕང་སྨིད4200ལྷག་ཡོད་པའི་མགོ་ལོག་ཁུལ་ནས་ཡོང་བ་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དུས་རབས་གསར་བ་དང་ཕ་ཡུལ་གསར་བ་བརྗོད་དོན་ཡིན་པའི་བསམ་བློའི་ཆབ་སྲིད་སློབ་ཁྲིད་ལ་ལྟ་སྦྱོང་མཛད། པདྨ་རྫོང་ནས་ཡོང་བའི་སློབ་མ་ངེས་དོན་ལྷ་མོ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ལ་འབྲོག་ཁུལ་གྱི་འཚོ་བ་གསར་བ་མཚོན་པའི་རི་མོ་ཞིག་བསྟན།
སྤྱི་ཁྱབ་ཧྲུའུ་ཅི་ཡིས་གསུང་དོན། སློབ་གསོ་དང་བཅས་པའི་ཤར་ནུབ་རྒྱུད་ཀྱི་རོགས་ལས་དང་ཁ་གཏད་རོགས་སྐྱོར་ལ་གྲུབ་འབྲས་མངོན་གསལ་ཐོབ་ཡོད་ཅིང་། ཀྲུང་གོ་གུང་ཁྲན་ཏང་གི་མགོ་ཁྲིད་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་སྟོབས་མངོན་པར་མཚོན་ཡོད་པར་མ་ཟད། ཀྲུང་ཧྭ་མི་རིགས་ཁྱིམ་གཞིས་ཆེན་མོའི་དྲོད་ཁོལ་ཡང་མཚོན་ཡོད་ཅེས་གསུངས།
སློབ་ཁྲིད་ཐོག་ཁང་ཆེན་མོའི་མདུན་གྱི་ཐང་ཆེན་དུ། སྤྱི་ཁྱབ་ཧྲུའུ་ཅི་ཡིས་བྱིས་པ་ཚོར་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལས་དོན་གྱི་རྒྱུད་འཛིན་པ་དང་འཛུགས་སྐྲུན་མཁན་དུ་འགྱུར་བར་བྱེད་པ་དང་། ཧུར་ཐག་སྒོས་རང་ཉིད་ལ་ངོ་མཚར་བའི་མི་ཚེའི་གོ་སྐབས་ཐོབ་པར་བྱེད་དགོས་པའི་སྐུལ་མ་བཏང་།
ཙོང་ཁ་དགོན་བརྩེ་ཆེན་དར་རྒྱས་གླིང་དེ་ཟི་ལིང་གྲོང་ཁྱེར་མཁར་དཀྱིལ་ཁུལ་དུ་གནས་ཤིང་། ལོ་ངོ་སྟོང་གི་ལོ་རྒྱུས་ལྡན་པའི་གནའ་བོའི་དགོན་པ་ཞིག་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱིས་ཕྱོགས་ཡོངས་ནས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་ལས་དོན་ལ་སྐུལ་འདེད་བཏང་སྟེ། རྒྱ་ཆེའི་དད་ལྡན་མང་ཚོགས་དང་བཅས་པའི་རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱིས་མཐུན་སྒྲིལ་འབད་འཐབ་བྱེད་དགོས།
ཀྲུང་ཧྭའི་ཆུ་མཛོད་དང་རྨ་འབྲི་རྫ་གསུམ་འབྱུང་ཡུལ་ཡིན་པའི་ཆ་ནས། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ། མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ཕན་འབྲས་བསྟུད་མར་སྲ་བརྟན་དང་མཐོར་འདེགས་བྱུང་ཡོད་ཅིང་། འབྲི་ཆུ་དང་རྨ་ཆུ། རྫ་ཆུ་བཅས་ཀྱི་ཞིང་ཆེན་མངའ་ཁོངས་ཀྱི་ཆུའི་སྤུས་ཚད་རིགས་གཉིས་པའི་ཡན་དུ་སྲུང་འཛིན་བྱས་ཡོད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་མ་ལག་སྣ་མང་ཕུན་སུམ་ཚོགས་ཞིག་ཡིན་ཡང་ཧ་ཅང་ཉམས་ཞན་ཡིན་པས། སྐྱེ་ཁམས་ཁོར་ཡུག་གི་སྲུང་སྐྱོབ་ལ་ཤུགས་སྣོན་བྱས་ཏེ། སྐྱེ་ཁམས་ཀྱི་བྱེད་ནུས་ཆེས་ཆེན་པོར་བྱེད་པའི་ས་ཁོངས་ཀྱི་ལས་འགན་གཙོ་བོ་མངོན་འགྱུར་བྱེད་དགོས་ཞེས་གསུངས།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན། མཚོ་སྔོན་གྱིས་སྐྱེ་ཁམས་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པའི་འགན་འཁྲི་ལྗིད་མོ་ཁུར་དུ་བླངས་ཡོད་ལ། ཐོན་ལས་འཕེལ་རྒྱས་ཀྱིས་ངེས་པར་དུ་རིན་ཐང་ཡོད་པའི་བྱ་སྤྱོད་སྤེལ་བ་རྒྱུན་འཁྱོངས་བྱེད་དགོས། མིག་སྔར་མཚོ་སྔོན་གྱིས་ཕུན་སུམ་ཚོགས་ལ་གཅིག་འདུས་ཀྱི་ཐོན་ཁུངས་ཁྱད་སྟོབས་ལ་བརྟེན་ནས། ལྷད་མེད་ཐཱན་ཉུང་གི་དེང་རབས་ཐོན་ལས་མ་ལག་མྱུར་དུ་འཛུགས་སྐྲུན་བྱེད་བཞིན་ཡོད་པ་དང་། དག་གཙང་ནུས་ཁུངས་དང་ནུས་ཁུངས་གསར་བའི་གློག་གསོག་ཚད་སོ་སོར་སྟོང་ཝ་ཁྲི5100དང་སྟོང་ཝ་ཁྲི3800ལས་བརྒལ་ཡོད་ལ། ཆ་སྙོམས་བསྡུར་ཚད་རགྱལ་ཡོངས་ཀྱི་ཨང་དང་པོར་གནས་ཡོད།
མི་རིགས་སླར་གསོ་བྱེད་དགོས་པ་དང་གྲོང་གསེབ་དར་སྤེལ་གཏོང་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན། གྲོང་གསེབ་དར་སྤེལ་བྱེད་ན་རོང་འབྲོག་མང་ཚོགས་ཀྱི་ཡོང་འབབ་འཕར་བའི་གནད་ས་དེ་འབུར་དུ་ཐོན་པར་བྱེད་པ་དང་། མཐོ་སྒང་གི་ཁྱད་ཆོས་ལྡན་པའི་ལས་རིགས་དར་སྤེལ་འགུལ་སྐྱོད་ལ་མྱུར་མོར་སྐུལ་འདེད་བཏང་སྟེ། ལྷད་མེད་སྐྱེ་ལྡན་གྱི་ཞིང་ཕྱུགས་ལས་འཕེལ་རྒྱས་སུ་བཏང་ནས་མཐོ་སྒང་གི་ཁྱད་ལྡན་ཐོན་རྫས་ཀྱི་ཚོང་རྟགས་གསར་བསྐྲུན་བྱེད་དགོས། ད་ལོར་མཚོ་སྔོན་གྱིས་གཙོ་བོ་གྲོང་གསེབ་ཀྱི་ཐོན་ལས་དཔེ་སྟོན་སྡེ་བ200གསར་བསྐྲུན་བྱས་ཏེ། རྒྱུན་ཆད་མེད་པར་རོང་འབྲོག་མང་ཚོགས་ཀྱི་ཡོང་སྒོ་འཕར་བའི་ཐབས་ལམ་རྒྱ་བསྐྱེད་རྒྱུ་རེད།
བཞུད་ལམ་གསར་བའི་སྟེང་ཞུགས་རྗེས་མཚོ་སྔོན་གྱི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བྱས་ཤིང་། ཡར་ཐོན་བརྩོན་ལེན་དང་ཁག་ཁུར་ཡོད་པ་བྱས་ཏེ། ཧུར་ཐག་སྒོས་མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གྲུབ་འབྲས་སྔར་ལས་ཆེན་པོ་ཐོབ་པར་སྐུལ་འདེད་གཏོང་འདོད་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།