ཐོག་མཐའ་བར་གསུམ་དུ་རྒྱལ་དོན་གྱི་ཆེ་ཕྱོགས་བློ་ལ་བརྟན་པོར་ངེས་ནས་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་སྲ་བརྟན་དུ་གཏོང་དགོས།
2024.06.24 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 14

 སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་སྐོར་གླེང་བ།

མཚོ་སྔོན་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་པས།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་རྟོག་ཞིབ་གནང་སྐབས་མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་མ་ལག་ཕུན་སུམ་ཚོགས་ཤིང་ཧ་ཅང་ཉམས་ཞན་ཡིན་པ་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་ཤུགས་སྣོན་བྱས་ནས་སྐྱེ་ཁམས་ཀྱི་བྱེད་ནུས་ཆེས་ཆེ་བ་མངོན་འགྱུར་བྱེད་པ་ནི། ས་ཁོངས་འདིའི་ལས་འགན་གཙོ་བོ་ཡིན་ཞེས་ནན་གྱིས་བསྟན། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་བཅོལ་བའི་མངགས་བཅོལ་ཟབ་མོ་ཡིད་ལ་བརྟན་པོར་བཅངས་སྟེ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པར་གོ་བ་ཟབ་མོ་ལེན་པ་ཤུགས་སྣོན་པ་དང་།  ཐོག་མཐའ་བར་གསུམ་དུ་རྒྱལ་དོན་གྱི་ཆེ་ཕྱོགས་བློ་ལ་བརྟན་པོར་ངེས་ནས།   སྐྱེ་ཁམས་སྲུང་སྐྱོབ་ཨང་དང་པོར་འཇོག་པ་རྒྱུན་འཁྱོངས་བྱེད་པ་དང་།  གསེར་རི་དངུལ་རི་གཞན་སྒྱུར་གྱི་ཐབས་ལམ་འཚོལ་ཞིབ་ལེགས་པོ་བྱས་ཏེ།  རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་སྲ་བརྟན་དུ་གཏོང་དགོས།

མཚོ་སྔོན་ནི་སའི་གོ་ལའི་སྣེ་གསུམ་པར་གནས་པ་དང་། རྨ་འབྲི་རྫ་གསུམ་འབྱུང་ཡུལ་དང་ཀྲུང་ཧྭའི་ཆུ་མཛོད་ཀྱི་མཚན་སྙན་ཡོད་ལ།   རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་གལ་ཆེན་ཞིག་ཡིན་པ་མ་ཟད། སའི་གོ་ལའི་ཕྱེད་བྱང་མའི་གནམ་གཤིས་ཚོར་སྐྱེན་ཁུལ་དང་།  འཛམ་གླིང་ཡོངས་ཀྱི་སྐྱེ་ཁམས་མ་ལག་སྙོམས་སྒྲིག་ཁུལ། གྲང་ཐུབ་སྐྱེ་དངོས་ཀྱི་རང་བྱུང་དངོས་རིགས་ཐོན་ཁུངས་མཛོད་བཅས་ཡིན།  མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཡག་པོ་བྱེད་པ་དེ་ཐོག་མཐའ་བར་གསུམ་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དོ་ཁུར་ཟབ་མོ་གནང་བའི་གཙོ་གནད་ཡིན། 2016ལོའི་ཟླ3པར།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་དམངས་ཆེན་མཚོ་སྔོན་འཐུས་མི་ཚོགས་པའི་གྲོས་ཞིབ་ལ་ཞུགས་སྐབས།  མཚོ་སྔོན་གྱི་ཆེས་ཆེ་བ་གསུམ་གྱི་ཞིང་ཆེན་གྱི་གནས་ཚུལ་ཐོག་དང་པོར་གཏན་ཁེལ་མཛད་པ་དང་། 2021ལོའི་ཟླ6པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་མཛད་སྐབས། མཚོ་སྔོན་གྱི་སྔར་ལས་གལ་ཆེ་བ་གསུམ་གྱི་འཐབ་ཇུས་གནས་བབ་ལ་འཆད་འགྲེལ་གཏིང་ཟབ་གནང་ཏེ། མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བཟང་བོ་བྱེད་པ་ནི་རྒྱལ་དོན་གྱི་ཆེ་ཕྱོགས་ཡིན་པ་ནན་གྱིས་བསྟན།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་སྐྱེ་ཁམས་སྲུང་སྐྱོབ་ཐད་མཛུབ་སྟོན་གལ་ཆེན་གནང་བ་དེས། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་མཚོ་སྔོན་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་ཤུགས་སྣོན་བྱེད་པར་མཐོང་ཆེན་ཚད་མཐོན་པོ་གནང་བ་དང་། བློ་རྩ་བརྟན་པོ་དང་འགྱུར་མེད་ཀྱི་ཆོད་སེམས་གང་ལེགས་སྒོས་མཚོན་ཡོད།  མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཐོག་མཐའ་བར་གསུམ་དུ་མངགས་བཅོལ་ཡིད་ལ་བརྟན་པོར་བཅངས་སྟེ། ཀྲུང་ཧྭའི་ཆུ་མཛོད་སྲུང་མཁན་གྱི་འགན་འཁྲི་གལ་ཆེན་ཕྲག་ཏུ་བླངས་ནས་ནུས་ཤུགས་ཡོད་རྒུས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པ་དང་། རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་དེ་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སྐྱོད་པར་སྐུལ་འདེད་གཏོང་བ། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དེ་རྒྱལ་ཡོངས་ཀྱི་སྐོར་དང་པོའི་སྤྱི་གླིང་འཛུགས་པ་དང་གཞི་ཁྱོན་ཆེས་ཆེ་བའི་རྒྱལ་ཁབ་སྤྱི་གླིང་ཞིག་ཏུ་འགྱུར་བར་བྱེད་པ།  མདོ་ལ་རི་བོ་དང་མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་མགྱོགས་མྱུར་ངང་བསྐྲུན་པ།  མཚོ་སྔོན་འདི་ཉིད་རྒྱལ་ཡོངས་ཀྱི་རྒྱལ་ཁབ་སྤྱི་གླིང་གསུམ་འཛུགས་སྐྲུན་བྱེད་པའི་ཞིང་ཆེན་གཅིག་པུར་འགྱུར་བ་བཅས་བྱས་ནས།  འགན་འཁྲི་འཁུར་ལེན་མཚོན་པ་དང་བྱས་རྗེས་ཆེན་པོ་བཞག

མངག་བཅོལ་བློ་ལ་བརྟན་པོར་ངེས་དགོས་ན། སྔར་ལས་མཐོ་བའི་ངེས་གནས་དང་སྔར་ལས་མིག་རྒྱང་ཡངས་པ། ནུས་ཤུགས་སྔར་བས་ཆེ་བ་བཅས་ལ་བརྟེན་ནས། སྐྱོད་ལམ་གསར་པའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལས་དོན་ལ་ཇུས་འགོད་དང་སྐུལ་འདེད་གཏོང་དགོས།  ཐོག་མཐའ་བར་གསུམ་དུ་སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་རྒྱུན་འཁྱོངས་བྱས་ཏེ།  མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་བཅའ་ཁྲིམས་ལག་བསྟར་ནན་མོ་བྱེད་པ་དང་།  བྱེད་ནུས་ཁུལ་གཙོ་བོའི་འཆར་འགོད་བླང་བྱ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ནས། མདོ་དབུས་མཐོ་སྒང་འདི་ཉིད་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་སར་འཛུགས་སྐྲུན་བྱེད་དགོས།  རི་ཆུ་ནགས་ཞིང་དང་མཚེའུ་རྩྭ་ཐང་། བྱེ་མ་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོབ་དང་མ་ལག་བཅོས་སྐྱོང་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། སྐྱེ་ཁམས་མ་ལག་གལ་ཆེན་སྲུང་སྐྱོབ་དང་ཉམས་གསོའི་ལས་གཞི་གལ་ཆེན་ལག་བསྟར་ཇེ་མགྱོགས་སུ་གཏོང་བ་དང་།  སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ཕན་འབྲས་སྲ་བརྟན་དང་མཐོ་རུ་གཏོང་དགོས།

རྨ་འབྲི་རྫ་གསུམ་འབྱུང་ཡུལ་ཀྲུང་ཧྭའི་ཆུ་མཛོད་འདི་སྲུང་སྐྱོབ་ཡག་པོ་བྱས་ཏེ། སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོབ་དང་། ལྟག་ཆུ་བསྐྱིལ་གསོག་གི་ནུས་པ་ཆེ་རུ་གཏོང་རྒྱུ་ནི་གལ་ཆེན་ནང་གི་དོན་ཆེན་ཡིན། རྒྱལ་ཁབ་སྤྱི་གླིང་གཙོ་བོར་བྱེད་པའི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་མ་ལག་འཛུགས་སྐྲུན་ལ་ཤུགས་སྣོན་བྱས་ཏེ། རྒྱལ་ཁབ་ཀྱི་མཚོན་བྱེད་རང་བཞིན་དང་འཛམ་གླིང་གི་ཤུགས་རྐྱེན་ནུས་པ་ལྡན་པའི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་མིག་དཔེ་གཏོད་དགོས། ཡང་དག་པའི་སྲིད་སྐྱོང་བྱས་འབྲས་ལྟ་བ་འཛུགས་པ་དང་ལག་བསྟར་བྱས་ཏེ།  འཕྲལ་ཕན་འཕྲལ་གཉེར་མི་བྱེད་པའི་བྱས་འབྲས་མངོན་གསལ་དོད་པོ་དང་། རྗེས་རབས་པར་ཕན་པའི་མི་མངོན་པའི་བྱས་འབྲས་མང་པོ་གསར་གཏོད་བྱེད་དགོས།  གཙོ་གནད་ཁྱབ་ཁོངས་ཀྱི་ནུས་སྲི་ཐཱན་ཉུང་ལ་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་གཏོང་བ་དང་།  སྐྱེ་ཁམས་མཛའ་མཐུན་ཅན་གྱི་ཐོན་ལས་འཕེལ་རྒྱས་གཏོང་བ། ནུས་ཁུངས་མ་ལག་གསར་པ་མགྱོགས་མྱུར་ངང་བསྐྲུན་པ་བཅས་བྱས་ནས།  གསེར་རི་དངུལ་རིའི་འདུ་ཤེས་བརྟན་པོར་འཛུགས་པ་དང་། ཆུ་ཚད་མཐོ་བའི་སྒོ་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྲུང་སྐྱོབ་དང་འདེགས་སྐྱོར་བྱས་ཏེ།  མཚོ་སྔོན་ལ་འགན་ཁུར་བ་དང་རྒྱལ་ཁབ་ལ་འགན་ཁུར་བའི་ཁག་འཁུར་ལ་བརྟེན་ནས་དངོས་འབེབས་བྱེད་པར་སྐུལ་འདེད་བཏང་སྟེ།  སའི་གོ་ལའི་སྣེ་གསུམ་པའི་སྐྱེ་ཁམས་ལ་སྲུང་སྐྱོབ་བཟང་བོ་བྱེད་དགོས།

ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་གནང་བའི་ཚན་རིག་དང་མཐུན་པའི་ངེས་གནས་དང་། ཆབ་སྲིད་ཐད་ཀྱི་མངགས་བཅོལ།  འཕེལ་རྒྱས་ཐད་ཀྱི་རེ་བཅོལ་ཆེན་པོ།    ཧུར་བརྩོན་སྐུལ་ལྕག་བཅས་ཆེས་གསོན་ཉམས་ལྡན་ལ་ཆེས་རྒྱུན་རིང་བའི་ལག་ལེན་དུ་འགྱུར་བར་བྱས་ཏེ། བློ་བརྟན་འགྱུར་མེད་སྒོས་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་ལ་སྲུང་སྐྱོང་དང་། བློ་བརྟན་འགྱུར་མེད་སྒོས་ཀྲུང་ཧྭའི་ཆུ་མཛོད་སྲུང་མཁན་བྱས་ནས། སྔོ་ལྗང་གི་རི་ཆུ་དེ་ནམ་ཡང་མཚོ་སྔོན་གྱི་ཁྱད་སྟོབས་དང་གཟི་བརྗིད་ཅིག་ཏུ་འགྱུར་བར་བྱེད་དགོས།

སྒྲོལ་མ་སྐྱིད་ཀྱིས་བསྒྱུར།