དགོངས་དོན་སློབ་སྦྱོང་དང་རྒྱུས་ལོན་ཟབ་མོ་བྱེད་པ་དང་ལག་བསྟར་ནན་མོ་བྱེད་དགོས།
2024.08.09 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 16

     སློབ་སྦྱོང་ལ་དོ་སྣང་བྱེད་རྒྱུ་ནི་ང་ཚོ་ཏང་གིས་ལས་དོན་འཕེལ་རྒྱས་སུ་གཏོང་བའི་ཉམས་མྱོང་གལ་ཆེན་ཡིན། མིག་སྔར། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་ག་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་རྒྱུ་དེ། མཚོ་སྔོན་གྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་རིག་པར་དྲག་ཆས་སྤྲས་པ་དང་ལག་ལེན་ལ་མཛུབ་སྟོན་བྱེད་པ། བྱ་བར་སྐུལ་འདེད་གཏོང་བར་མཚོན་ན་ཧ་ཅང་གལ་ཆེ་བས། ང་ཚོ་རང་རྟོགས་སྒོས་སྤྱི་ཡོངས་གཉིས་ཀྱི་ལངས་གནས་དུ་འགྲེང་བ་དང་། རྒྱལ་དོན་གལ་ཆེན་ནམ་ཡང་ཡིད་ལ་བརྟན་པོར་འཛིན་པ། སློབ་སྦྱོང་རྒྱུས་ལོན་དང་ལག་བསྟར་ནན་མོ་བྱེད་པའི་སྟེང་ཤུགས་འདོན་པ། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དོན་སྙིང་གལ་ཆེན་དང་གོ་དོན་ཕུན་སུམ་ཚོགས་པ། གོ་དོན་གཙོ་བོ་དང་ལག་ལེན་རེ་བར་གོ་བ་ཟབ་མོ་བླངས་ཏེ། བསམ་བློ་དང་བྱ་སྤྱོད་གཉིས་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་སྟེང་གཅིག་གྱུར་བྱེད་དགོས། ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་ལ་རྒྱུས་ལོན་གསལ་བོ་བྱེད་པ་དང་། ལས་བྱེད་པས་བསྒྲུབ་དགོས་པ་དང་བསམ་ཕྱོགས་གསལ་དགོས་པ། རང་གཅུན་དམ་དགོས་པའི་སྟེང་སྔོན་ཐོན་བརྩོན་ལེན་བྱས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པར་བསྟན་པའི་ཁ་ཕྱོགས་གསལ་བོ་དང་གཏན་ཁེལ་བྱས་པའི་གནས་ཚད་གསར་བ། བསྩལ་བའི་འགན་འཁྲི་གསར་བ། བཏོན་པའི་རེ་བ་གསར་བ་དོན་ཐོག་ཏུ་འཁྱོལ་བར་བྱེད་དགོས།

ཀྲུང་གུང་ཀྲུང་དབྱང་གི་བཅོས་བསྒྱུར་ཕྱོགས་ཡོངས་ནས་ཟབ་སྤེལ་བྱེད་པ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་ཆོད་དོན་ནི། དུས་རབས་གསར་བའི་སྐྱོད་ལམ་གསར་བའི་སྟེང་བཅོས་བསྒྱུར་ཕྱོགས་ཡོངས་ནས་རྒྱ་ཆེ་བ་དང་གཏིང་ཟབ་ཏུ་སྤེལ་བའི་སྤྱིའི་སྐུལ་སློང་དང་སྤྱིའི་བཀོད་སྒྲིག་ཡིན། སྐྱོད་ལམ་གསར་བའི་སྟེང་། ཅི་ཞིག་ལ་བརྟེན་ནས་སེམས་ཤུགས་གཅིག་ཏུ་བསྡུ་བ་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་བསྡུ་དགོས་ཞེ་ན། དེའི་དྲིས་ལན་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་དགོས་པ་དང་། དུས་རབས་གསར་བའི་སྐྱོད་ལམ་གསར་བའི་སྟེང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་རྣམ་པ་གསར་སྐྲུན་བྱེད་ན། སྔར་བཞིན་དུ་བཅོས་བསྒྱུར་སྒོ་འབྱེད་ལ་བརྟེན་དགོས། བཅོས་བསྒྱུར་ལ་སྐུལ་འདེད་གཏོང་བའི་ཆབ་སྲིད་རང་རྟོགས་དང་བསམ་བློའི་རང་རྟོགས། འགུལ་སྐྱོད་རང་རྟོགས་ཇེ་དྲག་ཏུ་གཏོང་བའི་ཐད་ནས། ང་ཚོས་ངེས་པར་དུ་སློབ་སྦྱོང་དང་དྲིལ་སྒྲོག་དམ་འཛིན་བྱེད་པ་དང་། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ཁྱིམ་ཚང་སྟོང་ཕྲག་མང་པོ་དང་ལས་རིགས་སྣ་ཚོགས་ལ་བརྒྱུད་སྒྲོག་བྱས་ནས། བཅོས་བསྒྱུར་གྱི་ཐུན་མོང་གི་ལྟ་བ་སྔར་ལས་གཅིག་སྡུད་བྱེད་དགོས། བརྟག་བཤེར་ཞིབ་འཇུག་ལ་ཤུགས་སྣོན་པ་དང་། མང་ཚོགས་ཀྱི་ལམ་ཕྱོགས་སུ་བསྐྱོད་པ། མང་ཚོགས་ཀྱི་བྲེལ་དཀའ་ཁྲལ་སྒུག་ཁྲོད་བཅོས་བསྒྱུར་གྱི་ཤུགས་འདོན་ས་དང་འགག་གཏོར་བྱེད་ས་འཚོལ་བར་དོ་སྣང་བྱས་ཏེ། མང་ཚོགས་ཀྱི་ཐོབ་ཚོར་དང་ཁས་ལེན་ཚད་ཇེ་མཐོར་གཏོང་དགོས། ཟབ་སྒྱུར་ཚུལ་སྒྱུར་བཟང་བོ་བྱེད་པ་དང་། བཅོས་བསྒྱུར་ཇུས་ཆོད་ཀྱི་ཚན་རིག་རང་བཞིན་དང་བཅོས་བསྒྱུར་ལག་བསྟར་གྱི་ལག་བསྟར་ནུས་པ་མཐོར་འདེགས་གཏོང་དགོས་པ་བཅས་ཀྱི་རེ་བ་བཏོན་ཡོད། ཡང་བསྐྱར་གཙིགས་འཛིན་དང་ཡང་བསྐྱར་རྟོག་ཞིབ། ཡང་བསྐྱར་ཇུས་འགོད་བྱེད་པ་བརྒྱུད་དེ། རང་ས་ཁུལ་དང་རང་སྡེ་ཁག་གི་བཅོས་བསྒྱུར་ཁོང་དུ་ཆུད་པར་བྱེད་པ་དང་ཇུས་འགོད་བཟང་བོ་བྱེད་པ། འཆར་འགོད་བཟང་བོ་བྱེད་པ། ལག་བསྟར་བཟང་བོ་བྱས་ནས། གོང་ནས་འོག་བར་གྱི་བཅོས་བསྒྱུར་དང་འོག་ནས་གོང་བར་གྱི་བཅོས་བསྒྱུར་བར་ཕན་ཚུན་གཞོགས་འདེགས་བྱེད་པ་དང་ཕན་ཚུན་སྐུལ་འདེད་གཏོང་བའི་རྣམ་པ་བཟང་བོ་གྲུབ་པར་བྱེད་དགོས།

ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱས་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་ཧུར་ཐག་གིས་འབྲི་བའི་སྐོར་གྱི་ཆོད་དོན་ནི། ཀྲུང་དབྱང་གི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་དུས་རབས་ཀྱི་ཁྱད་ཆོས་མངོན་པ། མཚོ་སྔོན་གྱི་གནས་ཚུལ་དངོས་དང་མཐུན་པ། འཕེལ་རྒྱས་ཀྱི་རེ་བ་དང་མཐུན་པའི་ཡིག་ཆ་གལ་ཆེན་ཞིག་ཡིན་པ་དང་། ཆབ་སྲིད་ཀྱི་གྲུབ་འབྲས་དང་གཞུང་ལུགས་ཀྱི་གྲུབ་འབྲས། ལག་ལེན་གྱི་གྲུབ་འབྲས་ཀྱིས་ཕྱུག་པའི་ཡིག་ཆ་གལ་ཆེན་འདི་ལག་བསྟར་བཟང་བོ་བྱེད་ན། ང་ཚོས་མངག་བཅོས་ལ་ཡིད་ལ་བརྟན་པོར་འཛིན་པ་དང་འགན་འཁྲི་ཕྲག་ཏུ་བླངས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བླང་བྱ་གལ་ཆེན་སློབ་སྦྱོང་ནན་མོ་བྱེད་པ་དང་གོ་བ་ཟབ་མོ་ལེན་པའི་ཁྲོད་གནས་ཚད་དང་གནས་ཐིག་གཏན་ཁེལ་ཡང་དག་འཚོལ་བ་དང་། ཚད་གཞི་སྔར་ལས་མཐོན་པོ་དང་རེ་བ་སྔར་ལས་མཐོན་པོ་འབུར་དུ་ཐོན་པར་བྱེད་པ། ལྷག་པར་དུ་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་ཚན་རིག་གཞུང་ལུགས་མ་ལག་ཁྲོད་བཞག་སྟེ་ཕྱོགས་ཡོངས་ནས་སློབ་སྦྱོང་བྱེད་པ་དང་རྒྱུས་ལོན་ཟབ་མོ་བྱེད་པ། སྤྱི་ཡོངས་ལ་གོ་བ་ལེན་པ། གཞི་གཅིག་ཏུ་ལག་བསྟར་བྱེད་དགོས་པའི་རེ་བ་བཏོན་ཡོད། ཏང་གི་གསར་གཏོད་གཞུང་ལུགས་ནི་ཆེས་སྟོབས་ཤུགས་ལྡན་པའི་བསམ་བློའི་གོ་མཚོན་ཡིན་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་བྱ་བའི་ཐད་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ནི་ལག་ལེན་ལ་མཛུབ་སྟོན་བྱེད་པ་དང་དཀའ་གནད་ཐག་གཅོད་པའི་ཐད་ཀྱི་ཆེས་གོ་ཆོད་པའི་གསེར་གྱི་ལྡེ་མིག་ལྟ་བུ་ཡིན། ང་ཚོས་ཏང་གི་གསར་གཏོད་གཞུང་ལུགས་སྤྱད་དེ་ལག་ལེན་ལ་མཛུབ་སྟོན་བྱེད་པའི་སྟེང་ངོས་ཟིན་རྒྱུན་ཆད་མེད་པར་ཇེ་ཟབ་ཏུ་གཏོང་བ་དང་། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་གསར་སྐྲུན་བྱེད་པའི་སྟེང་ངོས་ཟིན་རྒྱུན་ཆད་མེད་པར་ཇེ་ཟབ་ཏུ་གཏོང་བ། སྤུས་ཚད་མཐོ་བའི་འཕེལ་རྒྱས་སྟེང་ངོས་ཟིན་རྒྱུན་ཆད་མེད་པར་ཇེ་ཟབ་ཏུ་གཏོང་བ། དམངས་ཚིས་འགན་སྲུང་དང་ལེགས་བསྒྱུར་བྱེད་པའི་སྟེང་ངོས་ཟིན་རྒྱུན་ཆད་མེད་པར་ཇེ་ཟབ་ཏུ་གཏོང་བ། མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་བའི་སྟེང་ངོས་ཟིན་རྒྱུན་ཆད་མེད་པར་ཇེ་ཟབ་ཏུ་གཏོང་བ། ཏང་ཕྱོགས་ཡོངས་ནས་བཅོས་སྐྱོང་ནན་མོ་བྱེད་པའི་སྟེང་ངོས་ཟིན་རྒྱུན་ཆད་མེད་པར་ཇེ་ཟབ་ཏུ་གཏོང་བ་བཅས་བྱས་ནས། ལོ་རྒྱུས་ཀྱི་རང་འགུལ་སྙིང་སྟོབས་སྔར་ལས་དྲག་པོས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བླང་བྱ་གལ་ཆེན་ལག་བསྟར་བྱས་ནས་གྲུབ་འབྲས་ལེན་པར་སྐུལ་འདེད་གཏོང་དགོས།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་ལེན།  རྒྱུས་ལོན་བྱེད་པ་དང་བསམ་གཞིགས་གཏོང་བ་དང་། བབ་བསྟུན་མདུན་སྐྱོད་ཀྱིས་ང་ཚོའི་དུས་རབས་གསར་བའི་མཚོ་སྔོན་གྱི་བྱ་བ་བཟང་བོར་བསྒྲུབ་པའི་ཆོས་ཉིད་རང་བཞིན་གྱི་ངོས་འཛིན་ཇེ་ཟབ་ཏུ་གཏོང་རྒྱུ་ནི། ཉིན་གཅིག་ཞག་གཅིག་དང་མྱུར་དུ་འགྲུབ་ཐུབ་པའི་དོན་དག་ཅིག་མིན་པར། དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་བྱེད་པ་དང་གོམ་སྟབས་རེ་རེ་བཞིན་ཡུན་རིང་བོར་རྒྱུན་འཁྱོངས་བྱེད་དགོས་པའི་འགན་འཁྲི་གལ་ཆེན་ཞིག་ཡིན། ང་ཚོས་གུང་ཁྲན་ཏང་མིའི་ངར་ཤུགས་ཆེར་སྐྱེད་པ་དང་། སྟོབས་ཤུགས་ཡོད་ཚད་ལས་སྒྲུབ་ལས་སྐྲུན་སྟེང་བཀོལ་བ། སློབ་སྦྱོང་གི་གྲུབ་འབྲས་དེ་བྱ་བར་སྐུལ་འདེད་གཏོང་བའི་སྟོབས་ཤུགས་ཆེན་པོ་རུ་བསྒྱུར་བ། མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྟེང་གོང་འཕེལ་ཆེན་པོ་གཏོང་བ། དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་རྣམ་པ་གསར་བ་ཧུར་ཐག་གིས་བསྐྲུན་ནས། ང་ཚོའི་མི་རབས་འདི་ལ་གཏོགས་པའི་གཟི་བརྗིད་དང་ཕུགས་འདུན་གསར་སྐྲུན་བྱེད་དགོས།

རིན་ཆེན་མཚོས་བསྒྱུར།