སྐྱེ་ཁམས་དར་ན་དཔལ་ཡོན་དར། ཟླ8པའི་ཚེས15ཉིན་ནི་རང་རྒྱལ་གྱི་རྒྱལ་ཡོངས་སྐྱེ་ཁམས་ཉིན་མོ་གཉིས་པ་རེད། ད་ལོའི་སྐྱེ་ཁམས་ཉིན་མོའི་བརྗོད་བྱ་གཙོ་བོ་ནི“མགྱོགས་མྱུར་སྒོས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཕྱོགས་ཡོངས་ནས་ལྗང་མདོག་ཚུལ་སྒྱུར་བྱེད་པ”ཞེས་པ་དེ་རེད། ང་ཚོས་མཛེས་སྡུག་ལྡན་པའི་མཚོ་སྔོན་ལ་གཞི་ཚུགས་པ་དང་། “རྒྱལ་དོན་གྱི་ཆེ་ཕྱོགས”སེམས་སུ་བཅངས་ནས། “ཆེས་ཆེ་བ་གསུམ”གྱི་ཞིང་ཆེན་གྱི་ངེས་གནས་དང“སྔར་ལས་གལ་ཆེ་བ་གསུམ”གྱི་འཐབ་ཇུས་གནས་བབ་ཁོང་དུ་ཆུད་པར་བྱས་ཏེ། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པའི་ངོས་འཛིན་མུ་མཐུད་དུ་གཏིང་ཟབ་ཏུ་གཏོང་བ་དང་། རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ཀྱིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་བསམ་བློའི་རང་རྟོགས་དང་བྱ་སྤྱོད་ཀྱི་རང་རྟོགས་ཇེ་དྲག་ཏུ་གཏོང་བ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་མཐའ་གཅིག་ཏུ་འཁུར་ཏེ། ནུས་ཤུགས་ཡོད་རྒུས་མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་མུ་མཐུད་དུ་ཕན་འབྲས་སྔར་ལས་གསར་པ་བླངས་ནས། རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་བྱ་ཆེད་མཚོ་སྔོན་གྱི་བྱས་རྗེས་འཇོག་དགོས།
“སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱ་རྒྱུ་ནི་ཀྲུང་ཧྭ་མི་རིགས་ཡུན་རིང་འཕེལ་རྒྱས་དང་འབྲེལ་བ་ཡོད་པའི་རྩ་བའི་ཇུས་ཆེན་དང་། ཏང་གི་ལས་འགན་དང་དམིགས་ཡུལ་ལ་འབྲེལ་བ་ཡོད་པའི་ཆབ་སྲིད་ཀྱི་གནད་དོན་གལ་ཆེན། དམངས་འཚོ་བདེ་སྐྱིད་དང་འབྲེལ་བ་ཡོད་པའི་སྤྱི་ཚོགས་ཀྱི་གནད་དོན་གལ་ཆེན་བཅས་རེད།” བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱ་བར་ཚད་མཐོའི་མཐོང་ཆེན་བྱེད་ཀྱིན་ཡོད་པ་དང་། མཚོ་སྔོན་ནི་མཛེས་སྡུག་གི་ཀྲུང་གོའི་གྲུབ་ཆ་གལ་ཆེན་ཞིག་ཡིན་པའི་ངོས་ནས་ཐོག་མཐའ་བར་གསུམ་དུ་ང་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བའི་ཐད་གནང་བའི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་ལག་བསྟར་དངོས་འབེབ་གཏིང་ཟབ་བྱས་ནས། ཏན་ཏན་ཏིག་ཏིག་གིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་སྐུལ་འདེད་གཏོང་བ་དང་། ཕྱོགས་ཡོངས་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་ཡང་དག་པ་དང་འཕྱུག་པ་མེད་པར་བྱས་ཏེ། ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་ཏེ་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་བརྒྱུད་རིམ་སོ་སོའི་ཁྲོད་ཁྱབ་པར་བྱས་ནས། མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་ལག་ལེན་གསར་པ་ཆགས་པར་སྐུལ་འདེད་བཏང་ཡོད།
མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཡག་པོ་བྱ་རྒྱུ་ནི“རྒྱལ་དོན་གྱི་ཆེ་ཕྱོགས”ཡིན། ཉེ་བའི་ལོ་འགའི་རིང་ལ། སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་རྒྱུན་མཐུད་སྒོས་ཇེ་ལེགས་སུ་འགྲོ་རྒྱུར་སྐུལ་འདེད་གཏོང་ཆེད། མཚོ་སྔོན་གྱིས་སྐྱེ་ཁམས་དཔལ་ཡོན་ལམ་ལུགས་མ་ལག་བཙུགས་ནས་འཐུས་ཚང་དུ་བཏང་བ་དང་། ཐོག་མཐའ་བར་གསུམ་དུ་ཁྲིམས་སྐྱོང་གི་བསམ་གཞིགས་དང་ཁྲིམས་སྐྱོང་བྱེད་སྟངས་སྤྱད་དེ་བཅོས་སྒྱུར་གཏིང་ཟབ་ཏུ་བཏང་བས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་བར་དགེ་མཚན་ལྡན་པའི་ཕན་འབྲས་ཐོན་ཡོད། མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བརྗོད་བྱ་གཙོ་བོར་བློ་བརྟན་འགྱུར་མེད་ངང་སྐུལ་འདེད་གཏོང་བ་དང་། “ལམ་ལུགས”ལ་བརྟེན་ནས“བཅོས་སྐྱོང”ལ་སྐུལ་འདེད་གཏོང་བ། “བཅའ་ཁྲིམས”ལ་བརྟེན་ནས“བཅོས་སྐྱོང”ལ་སྐུལ་འདེད་བཏང་སྟེ། མཚོ་སྔོན་གྱི་སྐྱེ་ཁམས་དཔལ་ཡོན་ལམ་ལུགས་མ་ལག་རྒྱུན་ཆད་མེད་པར་འཐུས་ཚང་དུ་གཏོང་བ་དང་། “སྐྱེ་ཁམས་དཔལ་ཡོན་གྱི་རྨང་གཞིའི་ལམ་ལུགས་འཐུས་ཚང་དུ་གཏོང་བ། “ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་ཀྱི་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ། མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་བཅའ་ཁྲིམས་ནན་ཏན་སྒོས་ལག་བསྟར་བྱས་ནས། 《མཚོ་སྔོན་ཞིང་ཆེན་རྒྱལ་ཁབ་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་འཛུགས་སྐྲུན་སྲོལ་ཡིག》གཟབ་ནན་སྒོས་ལག་བསྟར་དངོས་འབེབ་བྱས་པ་དང་། སྐྱེ་ཁམས་ཁོར་ཡུག་ཁྱབ་ཁོངས་ཀྱི་འབུར་ཐོན་གནད་དོན་དང་གནད་དོན་གལ་ཆེན་ལ་དམིགས་ནས། སྐྱེ་ཁམས་ཁོར་ཡུག་ཁྱབ་ཁོངས་ཀྱི་ཁྲིམས་འཛིན་ཞིབ་བཤེར་ནུས་ཤུགས་མུ་མཐུད་དུ་ཇེ་ཆེར་གཏོང་བ་དང་། ལམ་ལུགས་ཏེ་མཚོ་སྔོན་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱེད་པའི་བཀོད་འདོམས་དབྱུག་པ་ལྟ་བུར་གྱུར་ཏེ། ཁྲིམས་སྐྱོང་བྱ་བ་དེ་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་སྲ་བརྟན་དུ་གཏོང་བའི་གཙོ་གནད་དུ་འགྱུར་བར་བྱ་དགོས།
《ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཕྱོགས་ཡོངས་ནས་ལྗང་མདོག་ཚུལ་སྒྱུར་བྱེད་པའི་སྐོར་གྱི་བསམ་འཆར》ནང་བསྟན་དོན། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལྗང་མདོག་ཅན་དང་ཐཱན་ཉུང་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་རྒྱུ་ནི་དུས་རབས་གསར་པའི་ཏང་གི་རྒྱལ་སྲིད་སྐྱོང་ལུགས་ཀྱི་འདུ་ཤེས་གསར་པ་དང་ལག་ལེན་གསར་པའི་མཚོན་རྟགས་གལ་ཆེན་ཞིག་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་བྱེད་པའི་གནད་འགག་གི་རིམ་པ་ཞིག། རང་རྒྱལ་གྱི་ཐོན་ཁུངས་ཁོར་ཡུག་གི་སྐྱེ་ཁམས་གནད་དོན་ཐག་གཅོད་བྱེད་པའི་རྨང་གཞིའི་ཇུས་གཞི་དང་། མི་དང་རང་བྱུང་འཆམ་མཐུན་མཉམ་གནས་ཀྱི་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་ནང་གནས་བླང་བྱ་བཅས་རེད། འཕེལ་རྒྱས་དང་སྲུང་སྐྱོབ་བར་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱས་ཏེ། སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱས་ནས།“རི་བོ་གཉིས”གཞན་སྒྱུར་གྱི་བགྲོད་ལམ་འཚོལ་ཞིབ་ཧུར་ཐག་བྱས་ཏེ་མཚོ་སྔོན་གྱི་དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། གཙོ་ནུས་ཁུལ་གྱི་འཆར་འགོད་བླང་བྱ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ་དང་། རི་ཆུ་ནགས་ཞིང་མཚེའུ། རྩྭ་ས། བྱེ་ཐང་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོབ་དང་མ་ལག་བཅོས་སྐྱོང་རྒྱུན་འཁྱོངས་བྱེད་པ། སྐྱེ་ཁམས་མ་ལག་གལ་ཆེན་སྲུང་སྐྱོབ་དང་སླར་གསོའི་བཟོ་སྐྲུན་གལ་ཆེན་ལག་བསྟར་ཇེམགྱོགས་སུ་གཏོང་བ། “ཀྲུང་ཧྭའི་ཆུ་མཛོད”སྲུང་སྐྱོང་ཡག་པོ་བྱེད་པ། རྒྱལ་ཁབ་སྤྱི་གླིང་གཙོ་བོ་ཡིན་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་གྱི་མ་ལག་འཛུགས་སྐྲུན་ལ་ཤུགས་སྣོན་པ། གཙོ་གནད་ཁྱབ་ཁོངས་ཀྱི་ནུས་ཁུངས་གྲོན་ཆུང་དང་ཐཱན་ཉུང་གཏོང་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་སྐྱེ་ཁམས་ནུས་པ་ཆེས་ཆེ་བ་མངོན་འགྱུར་བྱེད་དགོས།
ད་ལོའི་ཟླ་བརྒྱད་པ་ནི《མཚོ་སྔོན་ཞིང་ཆེན་རྒྱལ་ཁབ་ཀྱི་སྐྱེ་ཁམས་དཔལ་ཡོན་མཐོ་ས་འཛུགས་སྐྲུན་སྲོལ་ཡིག》དངོས་སུ་ཁྱབ་བསྒྲགས་བྱས་རྗེས་ཀྱི“ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་དཔལ་ཡོན་དྲིལ་བསྒྲགས་ཟླ་བ”ཐོག་མའང་རེད། བསྟུད་མར་ཉིན་འགའི་རིང་ལ། ས་གནས་སོ་སོས་བྱེད་ཐབས་སྣ་ཚོགས་བརྒྱུད་དེ“ཕྱོགས་ཡོངས་ནས་ལྗང་མདོག་ཐཱན་ཉུང་ཚུལ་སྒྱུར་དང་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་འཛུགས་སྐྲུན་བྱེད་པའི”བརྗོད་བྱ་གཙོ་བོའི་བྱ་འགུལ་སྤེལ་ནས། སྤྱི་ཚོགས་ཡོངས་སུ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་རྣམ་པ་བཟང་པོ་ཞིག་ཆགས་ཡོད། སྤུས་ཚད་མཐོ་བའི་འཕེལ་རྒྱས་དོན་གཉེར་བྱེད་པའི་དེང་གི་དུས་འདིར། ང་ཚོ་ཚང་མས་སྐྱེ་ཁམས་དཔལ་ཡོན་གྱི་འདུ་ཤེས་ལྷག་བསམ་རྣམ་དག་གིས་ལག་ལེན་བྱེད་མཁན་བརྩོན་ལེན་བྱེད་དགོས། “སྔོ་ལྗང་རི་ཆུ་ནི་གསེར་རི་དངུལ་རི” ཡིན་པའི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་ཁོང་དུ་ཆུད་པར་བྱས་ཏེ། ཞིང་ཆེན་གྱི་གནས་ཚུལ་དངོས་དང་ཟུང་འབྲེལ་བྱས་ནས། ཡུལ་བབ་དང་བསྟུན་ནས་འཚོལ་ཞིབ་དང་ལག་ལེན་བྱེད་པ་དང་། སྐྱེ་ཁམས་དཔལ་ཡོན་གྱི་འདུ་ཤེས་དེ་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཕྱོགས་གང་ཅིའི་ཐད་ཁྱབ་པར་བྱ་དགོས། བྱེད་ཐབས་སྣ་ཚོགས་བརྒྱུད་དེ་མཚོ་སྔོན་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་གྲུབ་འབྲས་གསར་པ་དྲིལ་བསྒྲགས་གཏིང་ཟབ་བྱས་ཏེ། དཔེ་མཚོན་དཔེ་སྟོན་གྱི་སྣེ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་སྔོན་ཐོན་སྡེ་ཚོགས་དང་སྔོན་ཐོན་མི་སྒེར་ལ་གཟེངས་བསྟོད་བྱས་ནས། སྤྱི་ཚོགས་ཡོངས་ཀྱི་སྐྱེ་ཁམས་དཔལ་ཡོན་གྱི་འདུ་ཤེས་སྔར་ལས་ཆེ་རུ་བཏང་སྟེ་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་ཆ་ཤས་ཤིག་ཏུ་འགྱུར་བ་དང་། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱི་ཐུན་མོང་གི་རིན་ཐང་རེ་སྙེག་དང་སྤྱི་ཚོགས་ཡོངས་ཟབ་ཞུགས་བྱེད་པའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་ཧུར་བརྩོན་རང་བཞིན་དང་རང་འགུལ་རང་བཞིན་ལ་སྐུལ་སྤེལ་བྱེད་དགོས།
མདོ་དབུས་མཐོ་སྒང་དེ་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་ཞིག་ཏུ་འཛུགས་སྐྲུན་བྱ་རྒྱུ་ནི་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་མཚོ་སྔོན་ལ་སྤྲད་པའི་ཆབ་སྲིད་ཀྱི་འགན་འཁྲི་གལ་ཆེན་དང་ལོ་རྒྱུས་ཀྱི་ལས་འགན་གལ་ཆེན་ཞིག་རེད། ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་དུས་ཡུན་རིང་པོར་བྱས་རྗེས་འཇོག་པ་དང་མུ་མཐུད་དུ་སྟོབས་ཤུགས་བཏོན་ནས། སྤྱི་ཚོགས་ཡོངས་ཀྱིས་ཐུན་མོང་གིས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་མཉམ་ཤུགས་གཅིག་ཏུ་བསྒྲིལ་ཏེ་ཚད་གཞི་སྔར་ལས་མཐོ་བ་དང་། སྤུས་ཚད་སྔར་ལས་མཐོ་བ། བླང་བྱ་སྔར་ལས་མཐོ་བ་བཅས་ཀྱི་ཐོག་ནས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་སྐུལ་འདེད་བཏང་སྟེ། མི་དང་རང་བྱུང་འཆམ་མཐུན་མཉམ་གནས་ཀྱི་མཛེས་སྡུག་གི་ཀྲུང་གོ་འཛུགས་སྐྲུན་བྱ་ཆེད་མཚོ་སྔོན་གྱི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས།
ཤ་བོ་རིན་མཚོས་བསྒྱུར།