ཝུའུ་ལན་རྫོང་གིས་ཐོན་ཁུངས་ཀྱི་དགེ་མཚན་ལ་བརྟེན་ནས་ཚྭ་མཚོའི་ཐོན་ལས་ཀྱི་ཕྲེང་འབྲེལ་གསར་སྐྲུན་དང་རྒྱུན་བསྲིང་བྱས།
2024.08.20 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 24

ཚྭ་མཚོའི་སྟོབས་ཤུགས་དེ་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ཝུའུ་ལན་རྫོང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྟོབས་དང་ལྡན་པའི་འདེགས་སྐྱོར་རུ་འགྱུར་བཞིན་ཡོད། ཉེ་བའི་ལོ་འགའི་རིང་ལ། ཝུའུ་ལན་རྫོང་གིས་ཁྱད་དུ་འཕགས་པའི་ཚྭ་མཚོའི་ཐོན་ཁུངས་དང་དམིགས་བསལ་གྱི་ས་གཤིས་དགེ་མཚན་ལ་རྒྱབ་རྟེན་བྱས་པ་དང་། སྲིད་ཇུས་ཀྱི་རྒྱབ་སྐྱོར་དེ་རོགས་འདེགས་སུ་བྱེད་པ་རྒྱུན་འཁྱོངས་བྱས་ལ། ཚྭ་མཚོའི་ཐོན་ལས་ཚུལ་སྒྱུར་རིམ་སྤོར་བྱེད་པར་སྐུལ་འདེད་བཏང་ཞིང་། ཚྭ་མཚོའི་ཐོན་ཁུངས་ཕྱོགས་བསྡུས་གསར་སྤེལ་བྱེད་པའི་ཐོན་ལས་མ་ལག་བཙུགས་ནས། འཁོར་རྒྱུག་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བ་དང་ཐོན་ཁུངས་རྒྱུན་མཐུད་ངང་བེད་སྤྱོད་བྱེད་པར་སྐུལ་འདེད་བཏང་།

ཐོན་ལས་ཀྱི་ཕྲེང་འབྲེལ་གསར་བ་བཙུགས་ནས། ཐོན་འཚོང་གི་ཚོང་ར་གསར་བ་གསར་འབྱེད་བྱས།

ཝུའུ་ལན་རྫོང་གིས་གནས་མཐོ་ས་ནས་ཚྭ་མཚོའི་ཐོན་ལས་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་བཏང་བ་དང་། ཕྱོགས་བསྡུས་གསར་སྤེལ་དང་བེད་སྤྱོད་མ་ལག་བཙུགས། རྫོང་ཏང་ཨུ་དང་རྫོང་སྲིད་གཞུང་གིས་འགོ་ནས་མཇུག་བར་དུ་ཤུགས་བཏོན་པ་དང་། ཚྭ་མཚོའི་ཐོན་ལས་ཀྱི་ཕྲེང་འབྲེལ་གསར་སྐྲུན་དང་རྒྱུན་བསྲིང་བྱས་ལ། རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་ཟབ་མོ་བྱས་ཏེ། ཚྭ་མཚོའི་ཐོན་ཁུངས་ཕྱོགས་བསྡུས་གསར་སྤེལ་དང་བེད་སྤྱོད་བྱས། ད་ལོའི་ཟླ7པའི་བར་དུ། རྫོང་ཡོངས་ཀྱིས་རིགས་མི་འདྲ་བའི་ཚྭ་ཁུ་ཏུན་ས་ཡ་གཅིག་དང་འབུམ་བཞི་ཁྲི་ལྔ་ཐོན་སྐྱེད་བྱས་པ་མ་ཟད། ཏུན་འབུམ་གསུམ་ཅན་གྱི་སྣ་ཁ་མང་པའི་བཟའ་ཚྭ་ཐོན་སྐྱེད་བྱ་རིམ་དང་ཟས་སྨན་རིམ་པའི་ཁིལ་འགྱུར་ཅཱ་ཡི་ཐོན་རྫས་སོགས་ལས་གཞི་ཆེན་པོ་མང་པོ་ཡོངས་འགྲུབ་བྱས་ནས། མཐོ་རིམ་ཚྭ་ཁུ་ཐོན་རྫས་ཀྱི་གཞི་ཁྱོན་ཅན་གྱི་ཐོན་སྐྱེད་ལ་སྐུལ་འདེད་བཏང་།

མིག་སྔར། གསར་གཏོད་སྣེ་ཁྲིད་དང་ལྗང་མདོག་འཕེལ་རྒྱས་དེ། ཝུའུ་ལན་རྫོང་གི་ཚྭ་མཚོའི་ཐོན་ལས་ཚུལ་སྒྱུར་བྱེད་པ་དང་རྒྱུན་མཐུད་ངང་འཕེལ་རྒྱས་སུ་གཏོང་བའི་སྒུལ་ཤུགས་གཙོ་བོར་གྱུར་ཡོད། ཚྭ་མཚོའི་ཚྭ་ཆུ་ཕྱོགས་བསྡུས་བེད་སྤྱོད་བྱེད་པའི་མཐོ་གསར་ལག་རྩལ་ཐོན་ལས་ཅན་དུ་བསྒྱུར་བ་དང་བཟོ་ལས་ཚྭ་ཁུའི་ཚྭ་སྡུད་ལག་རྩལ་བསྒྱུར་བཀོད་དང་སྣ་མང་བཟའ་ཚྭ་སོགས་ལས་གཞི་ལག་བསྟར་བྱས་པ་བརྒྱུད་དེ། ཐོན་ཁུངས་ཕྱོགས་བསྡུས་བེད་སྤྱོད་ཀྱི་ལས་ཆོད་མཐོར་འདེགས་བཏང་བ་དང་། ཚྭ་ཁུ་ཐོན་རྫས་ཀྱི་རྒྱལ་སྤྱིའི་འགྲན་རྩོད་ནུས་པ་ཇེ་མཐོར་བཏང་ལ། ཚྭ་ཁའི་ཚྭ་ཁུ་ལ་ཨ་མེ་རུ་ཁའིfdaཡི་ཐོ་འགོད་ཆོག་མཆན་ཐོབ། སྲིད་གཞུང་དང་ཁེ་ལས་མཉམ་འབྲེལ་བྱས་པ་བརྒྱུད་དེ། བཟའ་ཚྭའི་གློག་རྡུལ་རྫུན་འགོག་ཁུངས་འཚོལ་མ་ལག་བཙུགས་ནས། ཐོན་རྫས་ཀྱི་སྤུས་ཚད་དང་བདེ་འཇགས་ལ་ཁག་ཐེག་བྱས། གློག་ཚོང་སྟེགས་བུ་ལ་བརྟེན་ནས་ཉོ་ཚོང་ལམ་བུ་རྒྱ་སྐྱེད་པ་དང་། འབྲེལ་ཡོད་གཙོ་གནད་ཚོང་ཁང་དང་བཟའ་ཚྭའི་ཚོང་ཁང་བཅུ་དྲུག་བཙུགས་ལ། འཁྱགས་བདར་ཚྭ་ཁུ་དང་ཤ་འཚོད་ཚྭ་ཁུ་སོགས་ཚྭ་སྣ་བཅུ་ལྷག་གསར་སྤེལ་བྱས། དེ་དང་མཉམ་དུ། ཚྭ་མཚོའི་ཟུང་འབྲེལ་འཕེལ་རྒྱས་ཀྱི་འཐབ་ཇུས་ལག་བསྟར་བྱས་པ་བརྒྱུད་དེ། ཚྭ་ཁའི་ཚྭ་མཚོ་སོགས་ལྗོངས་རྒྱུ་ཁུལ་གནས་སྐོར་བྱེད་ས་གཙོ་བོར་འགྱུར་བར་སྐུལ་འདེད་བཏང་ནས། ཐོན་ལས་འཕར་སྣོན་གྱི་སྣེ་གསར་བ་གྲུབ་པར་བྱས།

ཐོན་ལས་ཀྱི་སྣེ་ཁྲིད་གསར་བ་གསར་སྐྲུན་བྱས་ནས། གྲོང་གསེབ་ཀྱི་དཔལ་འབྱོར་གསར་བ་རྒྱ་སྐྱེད།

མཐོན་པོ་གྲོང་རྡལ་ཏུའུ་ལན་ཆུ་བོ་སྡེ་བ་ནི་དཔལ་འབྱོར་ཚུལ་སྒྱུར་མངོན་འགྱུར་བྱས་པ་མ་ཟད་ཡོང་འཕར་ཕྱུག་བསྒྱུར་གྱི་ལམ་དུ་ཞུགས་པའི་སྡེ་བ་གྲས་ཀྱི་གཅིག་ཡིན།

རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གི་རྒྱབ་སྐྱོར་ཆེན་པོའི་འོག ཏུའུ་ལན་ཆུ་བོ་སྡེ་བས་མེ་ཏོག་འདེབས་འཛུགས་དང་ཚྭ་ཁུ་ལས་སྣོན་ཉོ་ཚོང། ཞིང་སྡེའི་གནས་སྐོར་བཅས་ཐོན་གསུམ་མཉམ་བསྲེས་འཕེལ་རྒྱས་ལ་སྐུལ་འདེད་བཏང་། མ་དངུལ་སྒོར་ས་ཡ་གཉིས་བཏང་ནས་ཚྭ་ཁུ་ལས་སྣོན་བཟོ་གྲྭ་བཙུགས་ཏེ། སྡེ་དམངས་ཚོར་ལས་ཞུགས་ལས་རྐང་དྲུག་ཅུ་ལྷག་འདོན་སྤྲོད་བྱས་པ་དང་། མི་རེའི་ཆ་སྙོམས་ཀྱི་ཡོང་སྒོ་སྒོར་ཁྲི་གཅིག་དང་སྟོང་གཉིས་ལ་སླེབས་པར་བྱས། ཚོང་འགུག་དངུལ་འདྲེན་དང་སྡེ་བ་དང་སྡེ་བ་མཉམ་འབྲེལ་བྱས་ནས། དྲོན་ཆུའི་ཁྱིམ་གཞི་སོགས་སྤུས་ལེགས་དམངས་ཁྲོད་མགྲོན་ཁང་དང་ཁྱད་ལྡན་སྒར་ས་སོགས་ཞབས་ཞུ་ལས་གཞི་གསར་སྐྲུན་བྱས་པ་དང་། ཚྭ་ཁུ་ལས་སྣོན་དང་དམངས་ཁྲོད་དཔལ་འབྱོར་གྱི་སྣེ་ཁྲིད་ལ་ཤུགས་སྣོན་པ་བརྒྱུད་དེ། ཐོན་ལས་མཉམ་བསྲེས་དང་སྡེ་བའི་གནས་ཚུལ་དང་མཐུན་པའི་འཕེལ་རྒྱས་ཀྱི་ལམ་བུ་རུ་ཞུགས།

ཚྭ་ཁ་གྲོང་རྡལ་པཱ་དབྱིན་སྡེ་བ་ནི་མི་རིགས་མང་པོ་འདུས་སྡོད་བྱེད་པའི་ཞིང་ལས་སྡེ་བ་ཞིག་ཡིན་པ་དང་། ཚྭ་ཁའི་ཚྭ་མཚོའི་ཐོན་ཁུངས་ཀྱི་དགེ་མཚན་ལ་བརྟེན་ནས། ཉེ་བའི་ལོ་འགའི་རིང་ལ། དམངས་ཁྲོད་ཀྱི་མགྲོན་ཁང་དང་མགྲོན་ཁང་། ཞིང་བའི་སྤྲོ་ཁྲིམ་སོགས་ལས་རྣམ་གསར་བ་མང་པོ་འཕེལ་རྒྱས་སུ་བཏང་བ་དང་། དམངས་ཁྲོད་ཀྱི་མགྲོན་ཁང་ཐོན་ལས་གཏིང་ཟབ་ཏུ་འཕེལ་རྒྱས་གཏོང་བར་སྐུལ་འདེད་བཏང་ལ། ཐབས་མང་མཉམ་སྤྱོད་དང་ལས་མང་མཉམ་འབྲེལ་གྱིས་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་བཏང་བས། 2023ལོའི་སྡེ་བའི་ཐུན་མོང་དཔལ་འབྱོར་གྱི་ཡོང་སྒོ་སྒོར་འབུམ་གཅིག་དང་ཁྲི་གཅིག་སྟོང་ལྔ་དྲུག་བརྒྱར་སླེབས།

ཝུའུ་ལན་རྫོང་གིས་གནས་མཐོ་ས་ནས་ཇུས་འགོད་དང་ཚན་རིག་དང་མཐུན་པའི་སྒོ་ནས་བཀོད་སྒྲིག་བྱས་པ་བརྒྱུད་དེ། ཚྭ་མཚོའི་ཐོན་ཁུངས་ཀྱི་ཕན་ལྡན་བེད་སྤྱོད་ལ་སྐུལ་འདེད་བཏང་བ་མ་ཟད། ཚྭ་མཚོ་ཐོན་ལས་ཀྱི་ཕྱོགས་སྡུས་འགྲན་རྩོད་ནུས་པ་ཇེ་དྲག་ཏུ་བཏང་། རྫོང་དེས་ཚྭ་མཚོའི་ཐོན་ཁུངས་རྒྱུན་མཐུད་ངང་ཕྱོགས་བསྡུས་བེད་སྤྱོད་བྱས་པ་དང་། ཐོན་ལས་ཀྱི་གྲུབ་ཚུལ་ལེགས་བསྒྱུར་བྱས་ལ། ཁྱད་ལྡན་གནས་སྐོར་ཚོང་རྟགས་གསར་སྐྲུན་བྱས་ཤིང་། ཁུལ་ཁོངས་དཔལ་འབྱོར་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་བཏང་ནས། ཚྭ་མཚོ་ཐོན་ལས་ཀྱི་ཕྲེང་འབྲེལ་དེ་ཟུར་སྣོན་རིན་གྲངས་སྔར་ལས་མཐོ་བའི་ཁྱབ་ཁོངས་སུ་རྒྱུན་བསྲིང་ཐུབ་པར་བྱས།

རིན་ཆེན་མཚོས་བསྒྱུར།