______ སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱིས། རྒྱ་ཆེའི་ལུས་རྩལ་བྱ་བ་སྒྲུབ་མཁན་ཚོས་ལུས་རྩལ་ལས་དོན་འཕེལ་རྒྱས་སུ་གཏོང་བའི་གཟི་བརྗིད་གསར་བ་མུ་མཐུད་དུ་འབྲི་རྒྱུའི་སྐུལ་སློང་བཏང་།
ཀྲུང་གོའི་ལུས་རྩལ་འཐུས་ཚབ་ཚོགས་པའི་ཕུལ་བྱུང་གྲུབ་འབྲས་ནི། རང་རྒྱལ་གྱི་ལུས་རྩལ་ལས་དོན་གོང་འཕེལ་ཡར་ཐོན་བྱུང་བའི་གཅིག་བསྡུས་ཀྱི་མཚོན་བྱེད་ཡིན་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་གྱི་བསྡུས་གཟུགས་ཡང་ཡིན་ལ། དུས་རབས་གསར་བའི་ཀྲུང་གོའི་སྟོབས་ཤུགས་མངོན་པར་བྱས་ཡོད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚེས་ཉི་ཤུ་ཉིན་གྱི་ཕྱི་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་དབྱར་དུས་ཀྱི་ཨོ་ལེན་ཕིག་ལུས་རྩལ་འགྲན་ཚོགས་སྐབས་སོ་གསུམ་པར་ཞུགས་པའི་ཀྲུང་གོའི་ལུས་རྩལ་འཐུས་ཚབ་ཚོགས་པའི་ཁོངས་མི་ཡོངས་ལ་མཇལ་འཕྲད་གནང་བར་མ་ཟད་གསུང་བཤད་གལ་ཆེན་གནང་ནས། ལུས་རྩལ་པ་ཚོའི་བླངས་པའི་ཕུལ་བྱུང་གྲུབ་འབྲས་ལ་གདེང་འཇོག་མཐོན་པོ་མཛད་པ་དང་། དུས་རབས་གསར་བར་ལུས་རྩལ་གྱི་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་བྱེད་པའི་དོན་སྙིང་གལ་ཆེན་ལ་འགྲེལ་བཤད་ཟབ་མོ་བྱས་ལ། ལུས་རྩལ་ལས་དོན་སྔར་ལས་གོང་འཕེལ་གཏོང་བའི་ཐད་ཁ་ཕྱོགས་གསལ་བོ་བསྟན། རྒྱ་ཆེའི་ལུས་རྩལ་བྱ་བ་སྒྲུབ་མཁན་ཚོས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངག་བཅོལ་སེམས་ལ་བརྟན་པོར་འཛིན་པ་དང་། འགན་འཁྲི་ཕྲག་ཏུ་ལེན་པ་དང་དཔའ་ངར་ཆེན་པོས་སྔོན་ཐོན་བརྩོན་ལེན་བྱས་ནས། འགོ་ཚུགས་ས་གསར་བའི་སྟེང་ལུས་རྩལ་ལས་དོན་འཕེལ་རྒྱས་སུ་གཏོང་བའི་གཟི་བརྗིད་གསར་བ་འབྲི་དགོས་ཟེར།
གྲུབ་འབྲས་ཕུལ་དུ་བྱུང་བ་བླངས་བ་དེས། དུས་རབས་གསར་བའི་ཀྲུང་གོའི་སྟོབས་ཤུགས་མངོན་པར་བྱས་ཡོད་པ་དང་། རྒྱལ་བསོད་དར་ན་ལུས་རྩལ་དར་ཞིང་། རྒྱལ་ཁབ་སྟོབས་ལྡན་ཡིན་ན་ལུས་རྩལ་སྟོབས་ལྡན་ཡིན།
ཕ་རི་སིའི་ཨོ་རྩལ་འགྲན་ཚོགས་སྟེང་། ཀྲུང་གོའི་ལུས་རྩལ་འཐུས་ཚབ་ཚོགས་པས་གསེར་གྱི་རྟགས་མ་བཞི་བཅུ་དང་དངུལ་གྱི་རྟགས་མ་ཉེར་བདུན། ཟངས་ཀྱི་རྟགས་མ་གོ་གཅིག་བཅས་བླངས་པ་དང་། དེ་ནི་རང་རྒྱལ་དབྱར་དུས་ཀྱི་ཨོ་ལེན་ཕིག་ལུས་རྩལ་འགྲན་ཚོགས་ཕྱི་རྒྱལ་གྱི་འགྲན་ཚོགས་ལ་ཞུགས་པའི་ལོ་རྒྱུས་སྟེང་གི་ཆེས་བཟང་བའི་གྲུབ་འབྲས་ཡིན།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ལུས་རྩལ་པ་ཚོས་འགྲན་བསྡུར་གྱི་གྲུབ་འབྲས་དང་བསམ་པའི་དཔལ་ཡོན་ཐད་ཀྱི་གྲུབ་འབྲས་བཟང་བོ་བླངས་ནས། མེས་རྒྱལ་དང་མི་དམངས་ལ་གཟི་བརྗིད་བརྩོན་ལེན་བྱས་ཞེས་བསྔགས་བརྗོད་མཛད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལ་ཉན་རྗེས། ཀྲུང་གོའི་ཕིང་ཕིང་སྤོ་ལོའི་ལུས་རྩལ་པ་མཱ་ལུང་གི་ངར་སེམས་དང་སྤོབས་པ་ཆེར་སྐྱེད་པ་དང་། སྐབས་འདིའི་ཨོ་ལེན་ཕིག་ལུས་རྩལ་འགྲན་ཚོགས་སྟེང་། མཱ་ལུང་ལ་ཨོ་ལེན་ཕིག་ལུས་རྩལ་འགྲན་ཚོགས་ཀྱི་གསེར་གྱི་རྟགས་མ་དྲུག་པ་ཐོབ་ནས། ཀྲུང་གོའི་ཨོ་ལེན་ཕིག་ལུས་རྩལ་འགྲན་ཚོགས་ཀྱི་ལོ་རྒྱུས་སྟེང་གི་གསེར་གྱི་རྟགས་མ་ཐོབ་མཁན་ཆེས་མང་བའི་ལུས་རྩལ་པར་གྱུར།
མཱ་ལུང་གིས་བཤད་རྒྱུར། ཏང་དང་རྒྱལ་ཁབ་ཀྱིས་ཚད་གཞི་འདི་འདྲ་མཐོན་པོས་ང་ཚོ་ཕྱིར་ལོག་པར་དགའ་བསུ་ཞུས་པ་དེས། ལུས་རྩལ་པ་ཚོར་སྐུལ་མ་ཆེན་པོ་ཐེབས་སུ་བཅུག ཐོབ་ཐང་ལ་འགྱུར་ལྡོག་ཅི་འདྲ་བྱུང་རུང་། ངས་མུ་མཐུད་དུ་ཀྲུང་གོའི་ལུས་རྩལ་ལས་དོན་འཕེལ་རྒྱས་སུ་གཏོང་བའི་ཐད་རང་ཉིད་ཀྱི་བྱས་རྗེས་འཇོག་རྒྱུ་ཡིན་ཟེར།
རང་རྒྱལ་འཛམ་གླིང་གི་ལུས་རྩལ་གྱི་རྒྱལ་ཁབ་ཆེན་པོ་དང་ཨོ་ལེན་ཕིག་ལུས་རྩལ་འགྲན་ཚོགས་ཀྱི་རྒྱལ་ཁབ་སྟོབས་ལྡན་གྱི་ཁྲོད་ཚུད་པའི་རྩ་བ་ནི། ཕྱོགས་བསྡུས་ཀྱི་རྒྱལ་ཤུགས་རྒྱུན་མ་ཆད་པར་ཇེ་ཆེར་སོང་བར་འབྲེལ་བ་ཡོད། ཀྲུང་གོའི་ལྗིད་འདེགས་རུ་ཁག་གི་རྩལ་ཁྲིད་པ་ཧྲོ་ཀའོ་ཆང་གིས། ཐེངས་འདིར་ཀྲུང་གོའི་ལྗིད་འདེགས་རུ་ཁག་གི་མི་དྲུག་པོ་འགྲན་བསྡུར་ལ་ཞུགས་ནས་གསེར་གྱི་རྟགས་མ་ལྔ་བླངས་པ་དེ། སྔོན་ཐོན་གྱི་ཚན་རྩལ་གྱི་འདེགས་སྐྱོར་དང་དངོས་པོའི་འགན་སྲུང་བརྟན་པོ་དང་འབྲལ་ཐབས་མེད་པ་དང་། ལུས་རྩལ་འཇོན་མི་སྐྱེད་སྲིང་བྱེད་པའི་འཚར་ལོངས་ཀྱི་ཁོར་ཡུག་བཟང་བོ་དང་རྒྱ་ཁྱབ་ཀྱི་མང་ཚོགས་ཀྱི་རྨང་གཞི་དང་ཡང་འབྲལ་ཐབས་མེད། ཀྲུང་གོའི་སྟོབས་ཤུགས་ཀྱི་འདེགས་སྐྱོར་གྱིས་ལྗིད་འདེགས་རུ་ཁག་གི་ལུས་རྩལ་པ་ཚོས་མང་ཚོགས་ཀྱི་རེ་བ་སྟོང་ཟད་དུ་མི་གཏོང་བར་འདེགས་སྐྱོར་བྱས་ཟེར།
སྐབས་འདིའི་ཨོ་ལེན་ཕིག་ལུས་རྩལ་འགྲན་ཚོགས་སྟེང་། ཀྲུང་གོའི་ཅོག་ཀྲུག་ལུས་རྩལ་པ་སུང་དབྱིན་ཧྲ་དང་ལས་གྲོགས་ཚོས་མཉམ་དུ་བུད་མེད་རུ་ཁག་གི་གསེར་གྱི་རྟགས་མ་བླངས་པ་དང་། དེ་ནི་ཀྲུང་གོའི་འཐུས་ཚབ་ཚོགས་པའི་དབྱར་དུས་ཀྱི་ཨོ་ལེན་ཕིག་ལུས་རྩལ་འགྲན་ཚོགས་ཀྱི་ལོ་རྒྱུས་སྟེང་གི་གསེར་གྱི་རྟགས་མ་སུམ་བརྒྱ་པ་ཡང་ཡིན།
སུང་དབྱིན་ཧྲ་ཡིས། གསེར་གྱི་རྟགས་མ་སུམ་བརྒྱས་སྦྲེལ་མཐུད་བྱས་པ་ནི་ཀྲུང་གོའི་ལུས་རྩལ་གྱི་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་བྱེད་པའི་ལམ་བུ་ཡིན་པར་མ་ཟད། གནའ་བོའི་མི་རིགས་ཤིག་གི་འཕུར་བསྐྱོད་ཀྱི་ལམ་བུ་ཡང་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུངས་བ་ལྟར། དུས་རབས་གསར་བའི་བསྐྱོད་ལམ་གསར་བར། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱིས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་བྱེད་པ་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་ལས་དོན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་དེས། རང་རྒྱལ་གྱི་ལུས་རྩལ་ལས་དོན་འཕེལ་རྒྱས་སུ་གཏོང་བའི་ཐད་ཆ་རྐྱེན་སྔར་ལས་བཟང་བོ་འདོན་སྤྲོད་བྱེད་པ་དང་སྒུལ་ཤུགས་སྔར་ལས་ཆེན་པོ་སྣོན་ཐུབ། མེས་རྒྱལ་གྱི་དར་རྒྱས་གོང་འཕེལ་ནི་ལུས་རྩལ་པ་ཚོས་སྤོབས་པ་ཆེན་པོས་ཕུགས་འདུན་འཚོལ་སྙེག་བྱེད་པའི་བློ་སྟོབས་ཀྱི་འབྱུང་ཁུངས་ཡིན་ཟེར།
ལུས་རྩལ་ནི་འགྲན་རའི་ནང་གི་རྩལ་འགྲན་ཡིན་པ་མ་ཟད། མང་ཚོགས་སྔར་ལས་མང་པོས་ཁས་ལེན་བྱེད་པའི་འཚོ་བའི་རྣམ་པ་ཡང་ཡིན།
དངུལ་ཁང་གི་བྱ་རིམ་པ་ཧོང་ཞུའེ་མེ་སྔོན་ཏག་ཏག་ལ་ལུས་རྩལ་པ་ཁྲི་བཞི་ལྷག་དང་མཉམ་དུ། ཨོ་ལེན་ཕིག་ལུས་རྩལ་འགྲན་ཚོགས་ཀྱི་ལོ་རྒྱུས་སྟེང་གི་མང་ཚོགས་ཀྱི་མཱ་ལ་སུང་ལམ་རིང་འགྲན་བསྡུར་སྐབས་དང་པོར་ཞུགས་པར་མ་ཟད། འགྲན་བསྡུར་ཁྲོད་ཨང་དང་པོའི་གྲུབ་འབྲས་ཐོབ།
ཧོང་ཞུའེ་མེ་ཡིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མི་དམངས་དཀྱིལ་སྙིང་དུ་འཛིན་པའི་ལུས་རྩལ་ལས་དོན་མུ་མཐུད་དུ་འཕེལ་རྒྱས་ཤུགས་ཆེན་གཏོང་དགོས་ཞེས་བསྟན་པ་དང་། ང་ཚོ་ལུས་རྩལ་ལ་དགའ་མཁན་ཚོ་དགའ་སྤྲོ་ཆེན་པོ་སྐྱེས་ཡོད། ལས་ཞོར་ལུས་རྩལ་པ་ཞིག་ཡིན་པའི་ཆ་ནས། གྲུབ་འབྲས་བཟང་བོ་བླངས་པ་དེ་འཚོ་བའི་ཁུལ་མཐའ་འཁོར་གྱི་ལུས་རྩལ་སྦྱོང་བརྡར་གྱི་ཁོར་ཡུག་ཇེ་བཟང་ནས་ཇེ་བཟང་དུ་སོང་བ་དང་འབྲལ་ཐབས་མེད་ལ། ཁོ་མོས་རང་ཉིད་ཨོ་ཕིག་འགྲན་ཚོགས་ལ་ཞུགས་པའི་བརྒྱུད་རིམ་རྩ་ཆེན་དང་མྱོང་ཚོར་ལས་གྲོགས་དང་གྲོགས་པོ་སྔར་ལས་མང་པོར་མཉམ་སྤྱོད་བྱས་ནས། མི་སྔར་ལས་མང་པོས་ལུས་རྩལ་གྱི་སྤྲོ་སྐྱིད་མྱོང་ཐུབ་པར་བྱེད་རྒྱུ་རེད།
རྒྱལ་ཁབ་ཀྱི་དོན་དུ་གཟི་བརྗིད་བརྩོན་ལེན་བྱས་ནས། དུས་རབས་གསར་བའི་ཀྲུང་གོའི་སྙིང་སྟོབས་འགྲེལ་བཤད་གསལ་བོ་བྱས།
རྒྱལ་གཅེས་འབད་བརྩོན་ནི་ལང་ཚོའི་རང་མདངས་ཡིན་པ་དང་། རྒྱལ་ཁབ་ཀྱི་དོན་དུ་གཟི་བརྗིད་བརྩོན་ལེན་བྱེད་རྒྱུ་ནི་ཀྲུང་ཧྭའི་ལུས་རྩལ་སྙིང་སྟོབས་ཀྱི་ནང་དོན་གཙོ་བོ་ཡིན། འགྲན་རའི་སྟེང་། རྒྱལ་ཁབ་ཀྱི་མཚན་སྙན་དེ་ནམ་ཡང་མི་སྒེར་གྱི་མཚན་སྙན་ལས་བརྒལ་བ་སོགས་ཀྱི་དམ་བཅའ་ལ་ཤུགས་ལྡན་ཞིང་། རྒྱལ་ཁབ་ཀྱི་དོན་དུ་འབད་འཐབ་བྱེད་པའི་བརྩེ་སེམས་ཀྱིས་མི་སེམས་འགུལ་བར་བྱེད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་ཁྲོད་ཀྲུང་གོའི་ཆུ་རྐྱལ་ལུས་རྩལ་པ་ཕན་ཀྲན་ལི་ཡིས་བཤད་པའི་ངས་གསེར་གྱི་རྟགས་མ་འདི་རླབས་ཆེ་བའི་མེས་རྒྱལ་ལ་འབུལ་བ་ཡིན་ཞེས་པའི་སྐད་ཆ་གླེང་མྱོང་། ཡུལ་དངོས་ན་ཡོད་པའི་ཕན་ཀྲན་ལི་ཡིས་སྤྲོ་ངར་ཆེན་པོས་སྐད་ཆ་འདི་ནི་ང་ཚོ་ལུས་རྩལ་པ་ཡོངས་ཀྱི་ཐུན་མོང་གི་སེམས་གཏམ་ཡིན་ཟེར།
ཕ་རི་སིའི་ཨོ་ལེན་ཕིག་ལུས་རྩལ་འགྲན་ཚོགས་ཀྱི་སྐྱེས་པའི་རྨིད་བརྒྱའི་སྐོར་བཞི་མཉམ་བསྲེས་ཆུ་རྐྱལ་མཐུད་རྒྱུག་རྟིང་རྩོད་འགྲན་བསྡུར་ཁྲོད། ཕན་ཀྲན་ལི་དང་ལུས་རྩལ་པ་ཚོས་གཞོགས་འདེགས་དམ་ཟབ་བྱས་ནས། ཀྲུང་གོའི་ལུས་རྩལ་རུ་ཁག་ལ་གསེར་གྱི་རྟགས་མ་ཐོག་མ་བརྩོན་ལེན་བྱས། ཕན་ཀྲན་ལི་ཡིས་བཤད་རྒྱུར། མེས་རྒྱལ་བླ་ན་མེད་པ་དང་རྒྱལ་ཁབ་ཀྱི་དོན་དུ་གཟི་བརྗིད་བརྩོན་ལེན་བྱེད་པའི་འགན་འཁྲི་འདུ་ཤེས་ཀྱིས། ང་ཚོར་དཔའ་ངར་ཞུམ་མེད་དང་མཐུན་སྒྲིལ་མཉམ་ལས་བྱེད་རྒྱུའི་སྤོབས་པ་སྦྱིན། མ་འོངས་པར་ད་དུང་ང་དང་འདྲ་བའི་མི་སྟོང་ཕྲག་མང་པོ་འདེམས་སྒྲུག་དང་ཡང་ན་འགྲན་བསྡུར་ཁྲོད་ནུས་རྩལ་ཀུན་འདོན་བྱས་ནས། མུ་མཐུད་དུ་རྒྱལ་ཁབ་ཀྱི་དོན་དུ་གཟི་བརྗིད་བརྩོན་ལེན་བྱེད་ངེས་ཟེར།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོའི་ལུས་རྩལ་འཐུས་ཚབ་ཚོགས་པས་ཀྲུང་གོའི་ན་གཞོན་གྱི་རང་རྟོན་སྤྲོ་ལྡན་དང་སྤྲོ་སེམས་མཛའ་མཐུན་གྱི་གཤིས་ཉམས་མངོན་པར་བྱས་ཞེས་བསྔགས་བརྗོད་བྱས། སྐབས་འདིའི་ཨོ་ལེན་ཕིག་ལུས་རྩལ་འགྲན་ཚོགས་སྟེང་། ཀྲུང་གོའི་བྱ་སྒྲོའི་སྤོ་ལོའི་ལུས་རྩལ་པ་ཧི་པེན་ཅོ་ཡིས་སི་ཕན་ཨོ་ལེན་ཕིག་ལུས་རྩལ་འགྲན་ཚོགས་ཀྱི་མཚན་རྟགས་ཁྱེར་ནས་བྱ་དགའ་ལེན་པའི་སྟེགས་བུ་སྟེང་སོང་བ་དང་། རྨས་སྐྱོན་གྱི་དབང་གིས་འགྲན་བསྡུར་ནས་ཕྱིར་བུད་པའི་འགྲན་ཡར་གུས་འདུས་ཞུས་པ་དང་། དེར་རྒྱལ་ཁབ་ཕྱི་ནང་གིས་མཐའ་གཅིག་ཏུ་ཁས་ལེན་ཐོབ། ཧི་པེན་ཅོ་ཡིས་ཨོ་ལེན་ཕིག་ལུས་རྩལ་འགྲན་ཚོགས་ནི་རྩལ་འགྲན་གྱི་གསོལ་སྟོན་ཆེན་པོ་ཡིན་ལ། མཛའ་མཐུན་གྱི་ཕོ་བྲང་ཡང་ཡིན་པས། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྐུལ་མ་སེམས་ལ་བརྟན་པོར་བཟུང་ནས། འཛམ་གླིང་ལ་ཀྲུང་གོའི་མི་ཡི་སྤྲོ་སེམས་དང་མཛའ་བརྩེ་བརྒྱུད་སྒྲོག་བྱེད་དགོས་ཟེར།
ཨོ་ལེན་ཕིག་ལུས་རྩལ་འགྲན་ཚོགས་ནི་ལུས་རྩལ་པ་ཚོས་ལུས་རྩལ་གྱི་སྙིང་སྟོབས་འགྲེམ་སྟོན་བྱེད་པའི་སྟེགས་བུ་ཡིན་ལ། རིག་གནས་བརྗེ་རེས་ཀྱི་གསོལ་སྟོན་ཆེན་པོ་ཡང་ཡིན། ཀྲུང་གོའི་ལུས་རྩལ་རྟེན་མཛོད་གླིང་གི་གླིང་གཙོ་ཧོང་ཅིན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཁྱེད་ཚོས་འཛམ་གླིང་ཡོངས་ལ་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་རྫོང་སྟུག་པོ་འགྲེམ་སྟོན་བྱས་ཞེས་པའི་གསུང་བཤད་ལ་མྱོང་ཚོང་མང་པོ་སྐྱེས་པའི་ཚུལ་བསྟན། ཨོ་ལེན་ཕིག་ལུས་རྩལ་འགྲན་ཚོགས་སྐབས་སུ། ཀྲུང་གོའི་ཨོ་ལེན་ཕིག་ཨུ་ཡོན་ལྷན་ཁང་གིས་ཕ་རི་སི་ནས་ཀྲུང་ཧུའི་ལུས་རྩལ་རིག་གནས་འགྲེམ་སྟོན་བསྡུས་པ་དང་། དེ་ནི་ཀྲུང་གོའི་ཨོ་ལེན་ཕིག་ཨུ་ཡོན་ལྷན་ཁང་གིས་ཕྱི་རྒྱལ་གྱི་ཨོ་ལེན་ཕིག་ལུས་རྩལ་འགྲན་ཚོགས་སྐབས་སུ་ཆ་སྡེབས་ཀྱི་ལུས་རྩལ་རིག་གནས་འགྲེམ་སྟོན་བྱ་འགུལ་ཐེངས་དང་པོར་སྤེལ་བ་ཡིན་ལ། རྒྱལ་ཁབ་སོ་སོའི་ལྟད་མོ་བས་དགའ་བསུ་ཆེན་པོ་ཐོབ། ཧོང་ཅིན་གྱིས་ང་ཚོས་རིགས་འདི་འདྲའི་འགྲེམ་སྟོན་བསྡུས་པ་བརྒྱུད་དེ། ལུས་རྩལ་བྱེད་ཐབས་སུ་བྱས་ནས། རིག་གནས་ཀྱི་རྒྱབ་ལྗོངས་མི་འདྲ་བའི་མི་ཚོས་ཀྲུང་གོའི་ལུས་རྩལ་རིག་གནས་ཀྱི་རྫོང་སྟུག་པོ་མཐོང་ཐུབ་པར་བྱེད་པ་དང་། འཛམ་གླིང་གི་ཀྲུང་གོའི་སྲོལ་རྒྱུན་རིག་གནས་ཐད་ཀྱི་རྒྱུས་ལོན་ཇེ་ཟབ་ཏུ་གཏོང་རྒྱུའི་རེ་བ་བཅངས་ཡོད་ཟེར།
ཨོ་ལེན་ཕིག་ལུས་རྩལ་འགྲན་ཚོགས་ཀྱི་ངོ་མཚར་ནི་རྒྱལ་ཕམ་རྩོད་པ་ཁོ་ན་མིན་ལ། ལུས་རྩལ་གྱི་འགུག་ཤུགས་ཀྱང་འགྲན་ར་ཁོ་ནར་ཡོད་པ་ཞིག་མིན།
ཀྲུང་གོའི་ཆུ་རྐྱལ་རུ་ཁག་འགོ་ཁྲིད་པ་ཧོང་ཝེ་ཡིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ང་ཚོས་རྩལ་འགྲན་སྟེང་དང་ཀུན་སྤྱོད་སྟེང་། རང་གཤིས་སྟེང་བཅས་ཕྱོགས་ཡོངས་ནས་གསེར་གྱི་རྟགས་མ་བླངས་ཡོད་ཅེས་གསུང་བ་དང་། ད་དུང་ཁྱེད་ཚོ་ནི་མེས་རྒྱལ་དང་མི་དམངས་ཀྱི་ང་རྒྱལ་ཡིན་ཞེས་གསུངས་བ་མ་ཟད། ང་ཚོར་བསྔགས་བརྗོད་གནང་། གདེང་འཇོགས་འདི་འདྲ་མཐོན་པོས་ང་ཚོའི་སེམས་ལ་དྲོད་ཁོལ་དང་སྟོབས་ཤུགས་སྦྱིན་ཟེར།
འགྲན་རའི་སྟེང་། ང་ཚོའི་ཀྲུང་གོའི་ཨོ་ལེན་ཕིག་ལུས་རྩལ་པ་ཚོས་སྒྲིག་ལམ་བརྩི་སྲུང་དང་འགྲན་ཡར་བརྩི་བཀུར། ཤན་འབྱེད་པར་བརྩི་བཀུར། ལྟད་མོ་བར་བརྩི་བཀུར་བྱས་པ་དང་། ནམ་ཡང་རྒྱལ་ན་ང་རྒྱལ་མི་སྐྱེས་པ་དང་ཕམ་ན་སེམས་ཤུགས་མི་ཉམས་པར་བྱས་ནས། འགྲན་བསྡུར་གྱི་ཆུ་ཚད་ཇེ་མཐོར་སོང་བ་མ་ཟད། འགྲན་བསྡུར་གྱི་རང་གཤིས་དང་ཉམས་འགྱུར་མངོན་པར་བྱས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཁས་ལེན་ཐོབ་པ་དེས་ང་ཚོར་འབད་བརྩོན་དང་གཏོང་འབུལ་ཡོད་ཚད་ལ་རིན་ཐང་ལྡན་པའི་མྱོང་ཚོར་སྐྱེས་སུ་བཅུག
དཔའ་ངར་ཆེན་པོས་མདུན་དུ་བསྐྱོད་པ་དང་། དུས་རབས་གསར་བའི་ཀྲུང་གོའི་སྣང་བརྙན་འགྲེམ་སྟོན་བྱས། བྱ་དགའ་ལེན་པའི་སྟེགས་བུའི་སྟེང་ནས་སར་ཡོང་རྗེས། ཡོད་ཚད་ཡང་བསྐྱར་འགོ་རྩོམ་དགོས། ཨོ་ལེན་ཕིག་ལུས་རྩལ་འགྲན་ཚོགས་ལ་གྲ་སྒྲིག་བྱེད་པའི་འཁོར་ཡུན་གསར་བའི་འགོ་བརྩམས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚང་མར་ང་རྒྱལ་དང་འཚབ་འཚུབ་སྤང་ནས། མུ་མཐུད་དུ་འབད་འཐབ་བྱེད་དགོས་ཞེས་སྐུལ་མ་བཏང་།
མཇལ་འཕྲད་བྱ་འགུལ་ལ་ཞུགས་རྗེས། ཀྲུང་གོའི་དྲ་གྲུག་ལུས་རྩལ་པ་ཀྲིན་ཆེན་ཝུན་མཚན་གུང་ལ་ལམ་དུ་ཆས་ནས། གོམ་མཚམས་མི་བཞག་པར་འགྲན་བསྡུར་གསར་བའི་ཁྲོད་ཞུགས། སྐབས་འདིའི་ཨོ་ལེན་ཕིག་ལུས་རྩལ་འགྲན་ཚོགས་སྟེང་། ཀྲིན་ཆེན་ཝུན་གྱིས་བསྟུད་མར་འབད་འཐབ་བྱས་ནས། ཀྲུང་གོ་དང་ཨེ་ཤ་ཡའི་ཨོ་ལེན་ཕིག་ལུས་རྩལ་འགྲན་ཚོགས་ཀྱི་དྲ་གྲུག་རྐྱང་རྩེད་འགྲན་བསྡུར་གྱི་གསེར་གྱི་རྟགས་མ་ཐོག་མ་བླངས། གྲུབ་འབྲས་དེ་འདས་ཟིན་དུ་གྱུར་བ་དང་། མདུན་ཕྱོགས་སུ་ད་དུང་འགྲན་རྩོད་དང་ཕུགས་འདུན་སྔར་ལས་མང་པོས་ང་ལ་སྒུག་ཡོད། ངས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངག་བཅོལ་སེམས་ལ་བརྟན་པོར་བཟུང་བ་དང་། ཏན་ཏན་ཏིག་ཏིག་དང་དཀའ་སྤྱད་སྦྱོང་བརྡར་བྱས་ནས། མེས་རྒྱལ་ལ་གཟི་བརྗིད་སྔར་ལས་ཆེན་པོ་བརྩོན་ལེན་བྱེད་རྒྱུ་ཡིན་ཟེར།
ཕ་རི་སིའི་དབང་བོ་སྐྱོན་ཅན་གྱི་ཨོ་ལེན་ཕིག་ལུས་རྩལ་འགྲན་ཚོགས་བསྡུ་ལ་ཉེ་བ་དང་། ཀྲུང་གོའི་དབང་བོ་སྐྱོན་ཅན་ཨོ་ལེན་ཕིག་ལུས་རྩལ་འགྲན་ཚོགས་ཀྱི་ལྗིད་འདེགས་རུ་ཁག་གི་ལུས་རྩལ་པ་ཐན་ཡུས་ཅོ་ཡིས་འགྲན་བསྡུར་ལ་གྲ་སྒྲིག་བྱེད་པའི་བར་གསེང་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཨོ་ལེན་ཕིག་ལུས་རྩལ་འགྲན་ཚོགས་ལ་ཞུགས་པའི་ཀྲུང་གོའི་ལུས་རྩལ་འཐུས་ཚབ་ཚོགས་པར་མཇལ་འཕྲད་གནང་བའི་གསར་འགྱུར་ལ་བལྟས།
ཐན་ཡུས་ཅོ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཆེད་དུ་སྤུས་ཚད་མཐོ་བའི་སྒོ་ནས་འགྲན་བསྡུར་ལ་གྲ་སྒྲིག་བྱེད་པའི་བྱ་བ་བཟང་བོར་བསྒྲུབ་དགོས་ཞེས་གསུང་བ་དང་། དེ་མི་འགྱངས་པར་འགྲན་བསྡུར་ལ་ཞུགས་རྒྱུ་ཡིན་པའི་དབང་བོ་སྐྱོན་ཅན་གྱི་ལུས་རྩལ་པར་མཚོན་ན་དོན་སྙིང་ཆེན་པོ་ལྡན། གྲོགས་པོ་ཚོ་དང་མཉམ་དུ་འགྲན་བསྡུར་སྔོན་གྱི་གནད་འགག་གི་དུས་ཚོད་དམ་འཛིན་བྱེད་པ་དང་། རྣམ་པ་བསྒྱུར་བ་དང་གྲ་སྒྲིག་ནན་མོ་བྱས་ནས། ཀྲུང་གོའི་ལུས་རྩལ་གྱི་འོད་སྟོང་འབར་བའི་གྲུབ་འབྲས་ཧུར་ཐག་གིས་མཐུད་འབྲི་བྱེད་རྒྱུ་ཡིན་ཟེར།
ན་གཞོན་ལོ་ཆུང་ནི་མེས་རྒྱལ་གྱི་མ་འོངས་པ་དང་མི་རིགས་ཀྱི་རེ་བ་ཡིན།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་ནང་ན་གཞོན་ལོ་ཆུང་གི་ལུས་རྩལ་དབྱར་མཚོ་རྒྱས་པ་ལྟར་སྤེལ་བར་སྣེ་ཁྲིད་བྱེད་དགོས་ཞེས་བཏོན་ཡོད། ལོ་ངོ་སོ་གཉིས་ལ་རིང་ལ་སློབ་རའི་རྐང་རྩེད་སྤོ་ལོའི་སློབ་གསོའི་བྱ་བ་བསྒྲུབས་པསི་ཝུའུ་ཧན་གྲོང་ཁྱེར་ཝན་སུང་ཡོན་ལམ་སློབ་ཆུང་གི་དགེ་རྒན་ཏིན་ཧྲི་ཅུན་གྱིས་འགན་འཁྲི་ཧ་ཅང་ལྕི་སྙམ།
ཏིན་ཧྲི་ཅུན་གྱིས། ལུས་པོ་བདེ་ཐང་དེ་བྱིས་པའི་དུས་ནས་བཟུང་དམ་འཛིན་དགོས་པ་དང་། མུ་མཐུད་དུ་རང་འགན་བྱ་བར་རྐང་བཙུགས་ནས། བྱིས་པ་སྔར་ལས་མང་པོས་ལུས་རྩལ་ལ་དགའ་ཞེན་བྱེད་པ་དང་ལུས་རྩལ་དང་འདྲེས་པར་བྱེད་པར་སྣེ་ཁྲིད་བྱེད་པ། ལུས་རྩལ་དང་སློབ་གསོ་མཉམ་བསྲེས་བྱེད་པ་བྱེད་ཐབས་སུ་བྱས་ཏེ། ན་གཞོན་ལོ་ཆུང་སྔར་ལས་མང་པོའི་ལུས་སྟོབས་བདེ་ཐང་ཡོང་བར་རོགས་རམ་བྱེད་པ་དང་། ཀྲུང་གོའི་རྩལ་འགྲན་ལུས་རྩལ་ཐད་ཆེད་ལས་མི་སྣ་སྔར་ལས་མང་པོ་རྒྱུན་མཐུད་ངང་བརྒྱུད་སྐྱེལ་བྱེད་རྒྱུ་ཡིན་ཟེར།
མི་དུང་ཕྱུར་གསུམ་འཁྱགས་དར་ལུས་རྩལ་ཁྲོད་ཞུགས་པར་སྣེ་ཁྲིད་བྱེད་པའི་གྲུབ་འབྲས་གཡུར་དུ་ཟ་བ་བླངས་པ་ནས། ས་ཆ་སོ་སོ་རུ་སྐར་མ་བཅོ་ལྔའི་ལུས་སྦྱོང་ཁྱུ་ཚོགས་གསར་སྐྲུན་བྱེད་པ། དེ་ནས་རིགས་མི་འདྲ་བའི་མང་ཚོགས་རང་བཞིན་གྱི་འགྲན་བསྡུར་བྱ་འགུལ་འཕྲོ་རིམ་འཕྲོར་སྤེལ་བ་བཅས་ཀྱིས། ཀྲུང་ཧྭའི་ས་གཞི་ཆེན་མོའི་སྟེང་མང་ཚོགས་ཀྱི་ལུས་སྦྱོང་གི་ཚ་རླབས་འཕྱུར་བ་མཚོན་ཐུབ།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྩལ་འགྲན་ལུས་རྩལ་དང་མང་ཚོགས་ཀྱི་ལུས་རྩལ་བར་གཅིག་འདེགས་གཅིག་རོགས་བྱེད་དགོས་ཞེས་ནན་གྱིས་བསྟན་ཡོད་པ་དང་། ཅང་སུའུ་ཞིང་ཆེན་ལུས་རྩལ་ཅུའུ་ཡི་རིམ་པ་གཉིས་པའི་སྐོར་ཞིབ་པ་ཞུས་ཆིའུ་ཧུང་གིས་བཤད་རྒྱུར། རྩལ་འགྲན་ལུས་རྩལ་ཐད་ཀྱི་དམིགས་བསལ་སྙིང་སྟོབས་ཀྱི་འགུག་ཤུགས་དང་སྐུལ་སློང་ཕན་ནུས། སྣེ་ཁྲིད་ཀྱི་ཕན་འབྲས་བེད་སྤྱད་དེ། མང་ཚོགས་སྔར་ལས་མང་པོ་ནང་འགུག་བྱས་པ་དང་། མི་སྔར་ལས་མང་པོས་ལུས་རྩལ་གྱི་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་བྱེད་པའི་ཁྲོད་བདེ་ཐང་ཐོབ་པ་དང་སྟོབས་ཤུགས་བསྡུ་ལེན་བྱེད་དགོས་ཟེར།