མདེལ་གཉིས་སྐར་གཅིག་གི་སྙིང་སྟོབས་རྒྱུན་འཛིན་དར་སྤེལ་བྱས་ཏེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་འབྲི་དགོས།
2024.08.29 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 17

མདེལ་གཉིས་སྐར་གཅིག་གི་སྙིང་སྟོབས་རྒྱུན་འཛིན་དར་སྤེལ་བྱས་ཏེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་འབྲི་དགོས།

ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཁྲིན་ཀང་གིས།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་གཟིགས་ཞིབ་གནང་སྐབས་དང་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་སྐབས་སུ་མཚོ་སྔོན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས་སྐབས་གང་ཡིན་རུང“སྙིང་སྟོབས”ཞེས་པ་ཐེངས་གང་མང་ལ་གླེང་མྱོང་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“སྙིང་སྟོབས”ཐེངས་མང་གླེང་ཡོད།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ང་ཚོའི་ཏང་གིས་ལོ་བརྒྱའི་འབད་འཐབ་ཁྲོད་རང་སོ་སོའི་ཁྱད་ཆོས་ལྡན་པའི་གསར་བརྗེའི་སྙིང་སྟོབས་རབ་དང་རིམ་པ་སྐྱེད་སྲིང་བྱས་ནས་རིམ་གྱིས་གྲུབ་ཡོད་ཅིང་། “སྙིང་སྟོབས” དེ་དག་གིས་ཏང་གི་བློ་བརྟན་འགྱུར་མེད་ཀྱི་དད་སེམས་དང་རྩ་བའི་དམིགས་ཡུལ། སྤྱོད་ཚུལ་བཟང་པོ་བཅས་གཅིག་སྡུད་སྒོས་མཚོན་ཐུབ་ལ། ང་ཚོས་འབད་འཐབ་ལྷོད་མེད་བྱེད་པར་སྐུལ་མ་གཏོང་བའི་བསམ་པའི་རྒྱུ་ནོར་ཞིག་རྩ་ཆེན་ཞིག་ཀྱང་ཡིན”ཞེས་དང་། “བཅོས་སྒྱུར་གསར་གཏོད་སྲོག་ཤིང་དུ་འཛིན་པའི་དུས་རབས་ཀྱི་སྙིང་སྟོབས་དང་མཚོ་བོད་མཐོ་སྒང་གི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་གཏོང་དགོས”ཞེས་གསུངས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ནི། མཚོ་སྔོན་གྱི་མི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ཀྱིས་དཔའ་ངར་ཆེན་པོས་མདུན་སྐྱོད་ཀྱི་ལམ་བུའི་སྟེང་གི་དཀའ་ངལ་དང་ཉེན་ཁ་སྣ་ཚོགས་ལ་ཁ་གཏད་འཇལ་བ་དང་མཐའ་གཅིག་ཏུ་རྣམ་པར་རྒྱལ་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་འབད་པས་འབྲི་བར་སྐུལ་མ་གཏོང་བའི་བསམ་པའི་སྟོབས་ཤུགས་ཆེན་པོ་ཞིག་ཡིན། སྐྱོད་ལམ་གསར་པའི་སྟེང་དུ། ང་ཚོས“མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་ཤུགས་ཆེན་བཏང་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་འབྲི་དགོས།

རླབས་ཆེན་གྱི་དུས་རབས་ཀྱིས་རླབས་ཆེན་གྱི་སྙིང་སྟོབས་བསྐྲུན།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“རྒྱལ་ཡོངས་མི་རིགས་སོ་སོའི་མི་དམངས་ཀྱིས་ངེས་པར་དུ་རླབས་ཆེན་གྱི་མི་རིགས་སྙིང་སྟོབས་དང་དུས་རབས་ཀྱི་སྙིང་སྟོབས་དར་སྤེལ་གང་ལེགས་བཏང་ནས། མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་གྱི་བསམ་པའི་འབྲེལ་ཐག་དང་འབད་བརྩོན་ལྷོད་མེད་ཀྱི་བསམ་པའི་སྒུལ་ཤུགས་ཟམ་མི་ཆད་པར་ཆེ་རུ་བཏང་སྟེ། ནམ་ཡང་སྐྱེ་སྟོབས་ཀྱི་དཔལ་འབར་བའི་ངང་མ་འོངས་པའི་ཕྱོགས་སུ་བསྐྱོད་དགོས”ཞེས་གསུངས། མཚོ་སྔོན་རྡུལ་ཕྲན་གྲོང་གི་རྗེས་དྲན་ཁང་དུ་བསྐྱོད་སྐབས། འོད་འཚེར་བའི་མིང་ཡིག་དང་རྩ་ཆེ་བའི་པར་རིས། མི་སེམས་འགུལ་བའི་ཡུལ་གྱི་བཀོད་པ་བཅས་ཀྱིས་ང་ཚོ་སྤྲོ་སེམས་རབ་ཏུ་འཁོལ་བའི་ལོ་རབས་དེར་བསྐྱལ་བྱུང་། མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདའ་བཞི་རྫོང་གསེར་དངུལ་ཐང་རྩྭ་ཐང་དུ། རང་རྒྱལ་གྱི་རྡུལ་ཕྲན་འབར་མདེལ་དང་ཆིང་འབར་མདེལ་ཐོག་མ་ཞིབ་འཇུག་དང་གསར་བཟོ་ལེགས་འགྲུབ་བྱུང་ནས། རྒྱལ་ཁབ་ཀྱི་སྙན་གྲགས་དགུང་དུ་མཆེད་པར་བྱས་པ་དང་རྨང་གཞི་བརྟན་པོ་བཙུགས་པར་མ་ཟད། “མེས་རྒྱལ་ལ་དགའ་ཞེན་བཅངས་པ་དང་སྒེར་སེམས་སྤུ་ཙམ་ཡང་མེད་པའི་སྒོ་ནས་ལེགས་སྐྱེས་ཕུལ་བ། རང་སྟོབས་རང་སྤེལ་བྱས་པ། དཀའ་སྤྱད་འབད་འཐབ་བྱས་པ། མཉམ་ལས་ཤུགས་ཆེན་བྱས་པ། མཐོ་སར་འཛེག་ཕོད་པ”བཅས་ཀྱི“མདེལ་གཉིས་སྐར་གཅིག་གཅིག”གི་སྙིང་སྟོབས་གྲུབ་པར་བྱས་ཏེ། ཀྲུང་ཧྭ་མི་རིགས་ཀྱི་བསམ་པའི་སྒལ་ཚིགས་ཇེ་བཀན་དུ་བཏང་བ་དང་། མི་དམངས་ཀྱི་སེམས་སུ་དུས་ནམ་ཡང་ཡལ་མི་ཐུབ་པའི་བསམ་པའི་རྡོ་རིང་བསྐྲུན་ཡོད། རླབས་ཆེན་གྱི་སྙིང་སྟོབས་འདིས་ཀྲུང་ཧྭའི་བུ་དང་བུ་མོའི་རྒྱལ་གཅེས་བརྩེ་སེམས་དང་འགན་འཁྲི་འཁུར་སེམས་གང་ལེགས་སྒོས་མཚོན་ཐུབ་ཡོད་ཅིང་། ཚན་རིག་མཁས་ཅན་རྒན་རབས་པ་ཚོ་གནམ་ས་གཡོ་འགུལ་གྱི་ལས་དོན་ཁྲོད་ཞུགས་ཏེ་རང་མིང་དང་རང་ཁེ་ཅི་ཡང་མ་གཉེར་འདོད་མེད་པའི་གཤིས་སྤྱོད་ཆེན་པོ་མངོན་པར་མཚོན་ཐུབ་ཡོད་པས། “ཚན་རིག་ལས་དོན་ལ་རྒྱལ་མཚམས་མེད་ནའང་ཚན་རིག་མཁས་ཅན་ལ་མེས་རྒྱལ་ཡོད”ཅེས་པ་དོན་གྱིས་ཅི་ཞིག་ཡིན་པའི་ཐད་གསལ་བཤད་གསལ་ཐག་ཆོད་པ་ཞིག་བྱས་ཡོད། རླབས་ཆེན་གྱི་སྙིང་སྟོབས་འདིས་ཀྲུང་གོའི་མི་དམངས་ཀྱིས་དཀའ་སྤྱད་འབད་འཐབ་དང་སྒེར་སེམས་སྤུ་ཙམ་ཡང་མེད་པའི་སྒོ་ནས་ལེགས་སྐྱེས་འབུལ་འདོད་ཀྱི་བླ་ན་མེད་པའི་གོ་རྟོགས་དེ་གང་ལེགས་སྒོས་མངོན་ཐུབ་ཡོད་ལ། ཚན་རིག་མཁས་ཅན་དང་འཛུགས་སྐྲུན་པ་ཁྲི་ཕྲག་མང་པོས་ཞེ་བློ་བདེ་མོའི་ངང་ནས་བྱེ་ཐང་དུ་ལང་ཚོ་ཕུལ་ནས་རྩ་བ་ཚུགས་ཐུབ་པར་གྱུར་ཡོད་ལ།“བློས་གཏོང་ཆེན་པོ་ནི་བློ་སྟོབས་ཆེན་པོ་ཡིན་ལ་གནམ་ས་ཁ་ལོ་བསྒྱུར་ཕོད་པ”ཞེས་པ་དེ་དོན་དམ་ཅི་ཞིག་ཡིན་མིན་ཐད་འགྲེལ་བཤད་ཟབ་མོ་བརྒྱབ་ཡོད། རླབས་ཆེན་གྱི་སྙིང་སྟོབས་འདིས་འབད་བརྩོན་ལྷོད་མེད་ཀྱི་མི་རིགས་ཀྱི་སྙིང་སྟོབས་གང་ལེགས་སྒོས་མཚོན་ཐུབ་ཡོད་ལ། རྒུད་བརྒྱ་གསོ་རན་དང་དབུལ་ཕོངས་ཀྱི་རྨང་གཞིའི་སྟེང་དུ། དུས་ཡུན་ཐུང་ངུའི་ནང་རང་བཙན་རང་བདག་གིས་ཉིང་རྡུལ་མཚོན་ཆ་ཞིབ་འཇུག་དང་གསར་བཟོ་བྱེད་པའི་ཀྲུང་གོའི་ངོ་མཚར་གཏམ་རྒྱུད་བསྐྲུན་ཡོད་ཅིང་། སྙིང་སྟོབས་དེས་ཅི་ཞིག་ནི“ལས་དབང་རང་ཉིད་ཀྱི་ལག་ཏུ་དམ་པོར་བཟུང་བ”ཞེས་པར་གསལ་བཤད་ཟབ་མོ་བྱས་ཡོད། རླབས་ཆེན་གྱི་སྙིང་སྟོབས་འདིས་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་དགེ་མཚན་ཆེན་པོ་གང་ལེགས་སྒོས་མངོན་དུ་བཅུག་ཡོད་ཅིང་། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་བརྟན་པོའི་འོག་ཏུ། ཀྲུང་གོ་མི་དམངས་ཀྱིས་མི་ཁྲི་སེམས་གཅིག་དང་མཐུན་སྒྲིལ་མཉམ་ལས་བྱས་ཏེ། ཅི་ཞིག་ནི“སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱིས་སྟོབས་ཤུགས་གཅིག་སྡུད་སྒོས་བྱ་བ་ཆེན་པོ་བསྒྲུབས་པ”ཞེས་པར་གསལ་བཤད་ཡང་དག་བྱས་ཡོད།

མཚོ་སྔོན་ནི་ས་བབ་ཀྱི་ངོས་ནས་བཤད་ན་མཐོ་སྒང་ཡིན་ལ་བསམ་བློའི་མཐོ་ས་ཞིག་ཀྱང་ཡིན། ལོ་བཅུ་ཕྲག་འགའི་རིང་ལ། “མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱས་མྱོང་ཡོད་ཅིང་། བརྒྱུད་རིམ་དེའི་ཁྲོད་ཀྲུང་གོའི་སྙིང་སྟོབས་དང་ཀྲུང་གོའི་བློ་གྲོས། ཀྲུང་གོའི་སྟོབས་ཤུགས་བཅས་གང་ལེགས་སྒོས་འདུས་ཡོད་པར་བརྟེན། རླབས་ཆེན་གྱི་སྙིང་སྟོབས་འདིས་མཚོ་སྔོན་གྱི་མི་དམངས་མི་རབས་ནས་མི་རབས་བར་མཐོ་སར་བུད་དེ་རྒྱང་ལྟ་བྱེད་པ་དང་ རང་རློམ་དཀྱེལ་ཡངས་བྱེད་པ། མཐུན་སྒྲིལ་ལེགས་སྐྱེས་འབུལ་བ། འབད་འཐབ་ལྷོད་མེད་བྱེད་པ་བཅས་ཀྱི་ཐད་ཁྲིད་སྟོན་དང་སྐུལ་སློང་གང་ལེགས་བྱས་ཡོད། མཚོ་སྔོན་གྱིས་སྒྲུབ་ཕོད་པ་དང་དཀའ་ལས་རྒྱག་ཕོད་པ། བདེན་གཉེར་བྱེད་ཕོད་པ་བཅས་ཀྱི་སྙིང་སྟོབས་ལ་བརྟེན་ནས། བཅོས་སྒྱུར་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་གྱི་དུས་སྐབས་གསར་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དུས་རབས་གསར་པ་བཅས་གང་གི་སྐབས་ཡིན་ནའང་། བཅོས་སྒྱུར་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཞིག་འབད་པས་བསྐྲུན་དང་སྐྲུན་བཞིན་ཡོད།བསམ་པའི་སྟོབས་ཤུགས་དང་ཤེས་རིག་གི་གཟི་འོད་ལ་བརྟེན་ནས་མཚོ་སྔོན་གྱི་བསམ་པའི་མཐོ་ས་འབད་པས་འཛུགས་སྐྲུན་བྱས་ན། ད་གཟོད་དུས་རབས་གསར་པ་དང་སྐྱོད་ལམ་གསར་པའི་ཐོག་ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱིས་དཔའ་ངར་ཆེར་བསྐྱེད་ཀྱི་སྙིང་སྟོབས་ལ་བརྟེན་ནས་བྱས་རྗེས་འཇོག་པར་སྐུལ་སློང་དང་སྐུལ་ལྕག་ཆེན་པོ་གཏོང་ཐུབ་པ་དང་། མཚོ་སྔོན་ལ་རྒྱུས་ལོན་དང་། མཚོ་སྔོན་ལ་དགའ་བ། མཚོ་སྔོན་དར་སྤེལ་བཅས་ཀྱི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་བསྡུས་ཐུབ།

རླབས་ཆེན་གྱི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་གཏོང་བའི་ཁྲོད་བརྗིད་ཆེའི་འཆར་གཞི་མངོན་འགྱུར་བྱས།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“རླབས་ཆེན་བྱ་གཞག་གིས་རླབས་ཆེན་སྙིང་སྟོབས་གསོ་སྐྱོང་དང་། རླབས་ཆེན་སྙིང་སྟོབས་གྱིས་རླབས་ཆེན་བྱ་གཞག་ལ་སྣེ་ཁྲིད་བྱེད་ཐུབ”ཅེས་ནན་གསུང་གནང་ཡོད། “མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་ཀྱི་སྐུལ་ལྕག་ཆེན་པོའི་འོག  འཛུགས་སྐྲུན་དམག་དཔུང་ཆེན་པོ་ཁྲི་ཚོ་བརྒྱ་ཕྲག་ཁ་ཤས“ ལམ་ཐིག་གསུམ་”འཛུགས་སྐྲུན་ཁྲོད་ཧུར་ཐག་གིས་ཞུགས་ཤིང་། དཀའ་ཚེགས་ཧ་ཅང་ཆེ་བའི་གནས་བབ་འོག་དམག་འཐབ་དྲག་པོ་བྱེད་ཕོད་པ་དང་། “མཁྲེགས་གཏོར་ཆེན་པོ་བྱེད་ཕོད་པའི་”ངར་ཤུགས་ལ་བརྟེན་ནས།    རི་གཟར་གྲོག་རོང་དང་བྱེ་ཐང་ཆེན་པོར་གྲུབ་འབྲས་གལ་ཆེན་བླངས་ཡོད།  “ལམ་ཐིག་གསུམ”འཛུགས་སྐྲུན་བྱེད་པ་དེའང་མཚོ་སྔོན་དུ་ཚ་ཚ་འུར་འུར་ངང་སྤེལ་ནས་རྒྱལ་ཁབ་ཀྱི་བདེ་འཇགས་དང་བརྟན་བརླིང་སྲ་བརྟན་དུ་བཏང་། སྔོན་ཆད་ཀྱི་ཀོང་མེན་རྫས་འགྱུར་བཟོ་གྲྭས་ཐོན་སྐྱེད་བྱས་པའི་ཆུའི་རྒྱུ་ཆར་བརྟེན་ནས་རྒྱལ་ཁབ་ཀྱི་ཉིང་རྡུལ་བཟོ་ལས་འཕེལ་རྒྱས་གཏོང་བར་བྱས་རྗེས་ཆེན་པོ་བཞག་པ་དང་། སྔོན་ཆད་ཀྱི་མཚོ་སྔོན་རླངས་འཁོར་བཟོ་གྲྭས་ཐོན་སྐྱེད་བྱས་པའི་ཁྲའེ་སྣུམ་ས་མཐོའི་ལྗིད་འདེགས་རླངས་འཁོར་ནི་རྒྱལ་ཡོངས་ཀྱི་གསར་གཏོད་ཐོག་མ་དེ་ཡིན་ཞིང་།   སྔོན་ཆད་ཀྱི་མཚོ་སྔོན་བཟོ་སྐྲུན་འཕྲུལ་ཆས་བཟོ་གྲྭས་ཐོན་སྐྱེད་བྱས་པའིQT120ས་འཕུལ་འཕྲུལ་ཆས་ཀྱིས་ཀྲུང་གོའི་ལྷོ་སྣེའི་ལྕགས་རི་རིང་པོ་ས་ཚིགས་ཀྱི་གཞུང་ལམ་འཛུགས་སྐྲུན་ལ་འགན་ལེན་ནུས་ལྡན་བྱས་ཡོད།

དུས་རབས་གསར་པར་ཞུགས་རྗེས། ང་ཚོའི་འགན་འཁྲི་སྔར་ལས་གཟི་བརྗིད་ཆེ་བ་དང་། ལས་འགན་སྔར་ལས་དཀའ་ཚེགས་ཆེ་བ། དམིགས་འབེན་སྔར་ལས་བརྗིད་རྔམ་ཆེ་བ་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི“རིན་ཐང་ཆེ་ཤོས་སྐྱེ་ཁམས་ཡིན་པ་དང་། འགན་འཁྲི་ཆེ་ཤོས་སྐྱེ་ཁམས་ཡིན་པ།  སྦས་ཤུགས་ཆེ་ཤོས་ཀྱང་སྐྱེ་ཁམས་ཡིན་པའི” ཞིང་ཆེན་གྱི་ངེས་གནས་དང་།“སྐྱེ་ཁམས་ཀྱི་བདེ་འཇགས་གོ་གནས་དང་རྒྱལ་ཁབ་ས་ཁོངས་ཀྱི་བདེ་འཇགས་གོ་གནས། ཐོན་ཁུངས་དང་ནུས་ཁུངས་ཀྱི་བདེ་འཇགས་གོ་གནས་སྔར་ལས་མངོན་གསལ་ཡིན་པ”བཅས་ཀྱི་འཐབ་ཇུས་ངེས་གནས་གསལ་སྟོན་གནང་བ་དང་།  སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པ་དང་། “འཛམ་གླིང་རིམ་པའི་ཚྭ་མཚོའི་ཐོན་ལས་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བ། རྒྱལ་ཁབ་ཀྱི་ནུས་ཁུངས་གཙང་མའི་ཐོན་ལས་ཀྱི་མཐོ་ས་དང་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་བཅས་བསྐྲུན་པའི”འཕེལ་རྒྱས་ཀྱི་ཐབས་ལམ་གསལ་སྟོན་གནང་བ།“བཅོས་སྒྱུར་ཟབ་སྤེལ་དང་།  སྒོ་འབྱེད་རྒྱ་སྐྱེད་པ།  སྐྱེ་ཁམས་སྔོན་ལ་འཇོག་པ་རྒྱུན་འཁྱོངས། ལྗང་མདོག་འཕེལ་རྒྱས།  མི་རིགས་མཐུན་སྒྲིལ། ཐུན་མོང་ཕྱུག་འགྱུར་བཅས་རྒྱུན་འཁྱོངས”བྱེད་པའི་ལག་ལེན་བླང་བྱ་བཏོན་པར་མ་ཟད། “ མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་གྲུབ་འབྲས་སྔར་ལས་ཆེ་བ་བླངས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་ནུས་ཤུགས་ཡོད་རྒུས་འབྲི་དགོས”ཞེས་ནན་བཤད་གནང་བ་རེད།

མཚོ་སྔོན་གྱི་རིགས་སོ་སོའི་མི་དམངས་ཀྱིས་མངགས་བཅོལ་ཟབ་མོ་ཡིད་ལ་བརྟན་པོར་བཅངས་ཤིང་། དཔའ་མཛངས་རྟུལ་ཕོད་ཀྱིས་མདུན་དུ་སྐྱོད་པའི་སྟོབས་ཤུགས་བསྡུ་ལེན་བྱས་པ་དང་། རྒྱལ་ཁབ་ཀྱི་དགོས་མཁོ་དང་མཚོ་སྔོན་གྱི་ནུས་པར་གཞི་ཚུགས་ཏེ། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་སྐྲུན་པ་དང་།   ཐོན་ལས་ཀྱི“གནས་བཞི”འཛུགས་སྐྲུན་བྱེད་པར་དམིགས་ཏེ། ཧུར་ཐག་གིས་ས་གནས་ཀྱི་ཁྱད་ཆོས་ལྡན་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བགྲོད་ལམ་ཞིག་བཏོད་ཡོད།   རྒྱལ་ཁབ་ཀྱི་ཁྱོན་ཡོངས་དང་ཟུང་འབྲེལ་དམ་ཟབ་བྱེད་པ་དང་། རྒྱལ་ཁབ་ཀྱི་ཁྱོན་ཡོངས་ལ་ཞབས་འདེགས་ལེགས་པོ་ཞུ་བ།   འཆར་གཞི་ཆེན་པོ་རིས་སུ་བཀོད་ནས་རིམ་པ་རེ་རེ་བཞིན་ལེགས་སྒྲུབ་བྱས་ཚེ། ད་གཟོད་ལས་དོན་སྣ་ཚོགས་གོམ་སྟབས་ཆེན་པོས་མདུན་དུ་བསྐྱོད་པར་སྐུལ་འདེད་གཏོང་ཐུབ།

དུས་རབས་གསར་པའི་སྐྱོད་ལམ་གསར་པར་མཚོ་སྔོན་གྱིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་ལས་དོན་ལ་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ། བཅོས་སྒྱུར་གྱི་སྙིང་སྟོབས་ལ་བརྟེན་ནས་ཆབ་སྲིད་ཀྱི་ལྷག་བསམ་རྣམ་དག་སྦྱོང་བརྡར་བྱེད་པའི་ཐད་འཕེལ་རྒྱས་སྔར་ལས་ཆེན་པོ་ཡོང་བར་འབད་བརྩོན་བྱེད་པ།  སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་རྒྱུན་འཁྱོངས་བྱེད་པའི་ཐད་འཕེལ་རྒྱས་སྔར་ལས་ཆེན་པོ་ཡོང་བ། ས་གནས་ཀྱི་ཁྱད་ཆོས་དང་ཁྱད་སྟོབས་ལྡན་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་སྐྱེད་སྲིང་བྱེད་པའི་ཐད་འཕེལ་རྒྱས་སྔར་ལས་ཆེན་པོ་ཡོང་བ། མི་རིགས་ཆོས་ལུགས་ལས་དོན་ཐད་འཕེལ་རྒྱས་སྔར་ལས་ཆེན་པོ་ཡོང་བ། དམངས་འཚོ་འགན་ལེན་དང་ལེགས་བཅོས་བྱེད་པའི་ཐད་འཕེལ་རྒྱས་སྔར་ལས་ཆེན་པོ་ཡོང་བ། ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་ཐད་འཕེལ་རྒྱས་སྔར་ལས་ཆེན་པོ་ཡོང་བ་བཅས་བྱས་ནས། གོམ་པ་རེ་རེ་བཞིན་འཆར་གཞི་ཆེན་པོ་དེ་མཛེས་སྡུག་གི་དོན་དངོས་སུ་འགྱུར་བར་བྱེད་རྒྱུ་རེད།

རླབས་ཆེན་གྱི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་གཏོང་བའི་ཁྲོད་གསར་བརྗེའི་སྙིང་སྟོབས་མུ་མཐུད་དུ་རྒྱུན་འཛིན་བྱས།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་གསར་བརྗེའི་གཞི་རྒྱུ་རྒྱུན་འཛིན་དང་། བླ་ན་མེད་པའི་ཀུན་སྤྱོད་ཀྱི་གཤིས་རྒྱུད་གསོ་སྐྱོང་བྱེད་པར་ཁྲིད་སྟོན་བྱེད་དགོས”ཞེས་ནན་གསུང་གནང་ཡོད།  མཚོ་སྔོན་ལ་གསར་བརྗེའི་ཐོན་ཁུངས་མང་པོ་ཡོད་དེ། ཀྲུང་གོའི་ཉིང་རྡུལ་མཚོན་ཆ་ཞིབ་འཇུག་དང་བཟོ་སྐྲུན་རྟེན་གཞི་དང་པོ་དང་། ཀྲུང་གོའི་བཟོ་ཞིང་དམར་དམག་གི་ནུབ་ལམ་དམག་དཔུང་གི་དྲན་གསོ་ཁང་། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་པད་མ་རྫོང་གི་དམར་དམག་ལུང་བའི་གསར་བརྗེའི་ཤུལ་བཞག མཚོ་བོད་གཞུང་ལམ་འཛུགས་སྐྲུན་བཀོད་འདོམས་པུའི་གནས་ཡུལ་རྙིང་པ། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་བུའུ་ལན་རྫོང་གི་མོ་ཧོ་རྔ་མོང་ར་བ་སོགས་གསར་བརྗེའི་གནས་རྙིང་དང་།  གསར་བརྗེའི་རིག་དངོས་ཧ་ཅང་རྩ་ཆེ་བ།“ མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་སོགས་བསམ་པའི་རྒྱུ་ནོར་ལ་བཀྲག་མདངས་འཚེར་བཞིན་ཡོད། རྩ་ཆེ་བའི་གསར་བརྗེའི་ཐོན་ཁུངས་དང་བསམ་པའི་རྒྱུ་ནོར་འདི་ཁག་གི་ཁྲོད་དུ་བླ་མེད་ཀྱི་ཕུགས་འདུན་ཡིད་རྟོན་དང་རྫོང་མཐུག་པའི་སྔོན་ཐོན་རིག་གནས། བླ་མེད་ཀྱི་ཀུན་སྤྱོད་བསམ་ཚུལ་འདུ་ལ། དུས་ལས་བརྒལ་བའི་ཡིད་འགུག་ནུས་པ་དང་གཡོ་འགུལ་ནུས་པ་ལྡན་པ་དང་། ང་ཚོས་ཕུགས་འདུན་ཡིད་རྟོན་ཇེ་བརྟན་དུ་གཏོང་བ་དང་ཏང་གཤིས་བློ་སྦྱོང་ལ་ཤུགས་སྣོན་པའི་བསླབ་གཞི་གསོན་པོ་ཡིན། ཉེ་བའི་ལོ་འགའི་རིང་ལ། མཚོ་སྔོན་གྱིས་ཕུགས་འདུན་ཡིད་རྟོན་དར་སྤེལ་ཤུགས་ཆེན་བཏང་བ་དང་། ཕུལ་དུ་བྱུང་བའི་སྲོལ་རྒྱུན་རིག་གནས་ཀྱི་ཚེ་སྲོག་ནུས་ཤུགས་ཆེར་སྐྱེད་ལ། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དར་སྤེལ་བཟོ་སྐྲུན་ལག་བསྟར་བྱས་པ་བརྒྱུད་དེ། རྨ་ཙོང་རིག་གནས་དང་གླིང་གེ་སར་རྒྱལ་བོའི་ལོ་རྒྱུས་སྙན་རྩོམ་རིང་མོ། རེབ་གོང་སྒྱུ་རྩལ་སོགས་ཀྱི་དུས་རབས་ཀྱི་རིན་ཐང་སྔོག་འདོན་གཏིང་ཟབ་བྱས་པ་དང་། རི་ཆུའི་འགོ་ཁུངས་དང་རབ་མཛེས་མཚོ་སྔོན་གྱི་རིག་གནས་མཚོན་རྟགས་གསར་སྐྲུན་བྱས་ལ། མཚོ་སྔོན་གྱི་རིག་གནས་སྣ་མང་དང་རིག་གནས་ཀྱི་རྒྱུན་རིང་བའི་དགེ་མཚན་འདོན་སྤེལ་བྱས་པ་དང་། སྐྱེ་ཁམས་རིག་གནས་དང་གསར་བརྗེའི་རིག་གནས། ལོ་རྒྱུས་རིག་གནས། མི་རིགས་རིག་གནས། མཐོ་སྒང་རིག་གནས་ཀྱི་གཤིན་ས་ཟབ་རྨོ་བྱས་ཤིང་། ཏང་གི་གཏམ་རྒྱུད་དང་གསར་བརྗེའི་གཏམ་རྒྱུད། གནས་གཞིའི་ས་ཁུལ་གྱི་གཏམ་རྒྱུད། དཔའ་བོ་དང་སྔོན་གཤེགས་དཔའ་བོའི་གཏམ་རྒྱུད་བཟང་བོར་བཤད་དེ། མཚོ་སྔོན་གྱི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ཀྱིས་ཏང་ལ་དགའ་བ་དང་རྒྱལ་ཁབ་ལ་དགའ་བ། སྤྱི་ཚོགས་རིང་ལུགས་ལ་དགའ་བའི་བརྩེ་སེམས་ཟབ་མོ་ཇེ་བརྟན་དུ་བཏང། ཐོག་མའི་བསམ་འདུན་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱེད་པ་དང་། འགན་འཁྲི་ནམ་ཡང་ཕྲག་ཏུ་བླངས་ན། ད་གཟོད་གསར་བརྗེའི་ཁྲག་རྒྱུད་རྒྱུན་མཐུད་བྱེད་པའི་དུས་རབས་ཀྱི་ལེའུ་འབྲི་ཐུབ་པ་ལག་ལེན་དངོས་ཀྱི་སྟེང་ནས་ར་སྤྲོད་བྱས་ཡོད།

དུས་རབས་གསར་བའི་བསྐྱོད་ལམ་གསར་པར། མཚོ་སྔོན་གྱིས་ཞི་ཅིན་ཕིང་གི་རིག་གནས་དགོངས་པ་ཁྲིད་སྟོན་དུ་བྱེད་པ་དང་། གསར་བརྗེའི་རིག་གནས་ཀྱི་དྲིལ་སྒྲོག་དང་འགྲེལ་བཤད་ལ་ཤུགས་བསྣན་ནས། གསར་བརྗེའི་དགོངས་པས་ཡིད་རྟོན་ཇེ་བརྟན་དུ་གཏོང་བ་དང་གཤིས་རྒྱུད་ལ་སྦྱོང་བརྡར་བྱེད་རྒྱུ་རེད། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་དོན་ལྔ་འཁོར་བར་རྟེན་འབྲེལ་ཞུས་ནས། མདེལ་གཉིས་སྐར་གཅིག་གི་སྙིང་སྟོབས་རྒྱུན་འཛིན་དར་སྤེལ་བྱེད་པའི་མུ་འབྲེལ་བྱ་འགུལ་སྤེལ་བ་དང་། རྒྱང་སྐྱོད་དང་ལྕགས་རི་རིང་བོ། རྨ་ཆུ། འབྲི་ཆུའི་རྒྱལ་ཁབ་རིག་གནས་སྤྱི་གླིང་གི་མཚོ་སྔོན་བར་མཚམས་འཛུགས་སྐྲུན་བྱེད་པ། རྒྱལ་གཅེས་རིང་ལུགས་སློབ་གསོའི་རྟེན་གཞི་གསར་སྐྲུན་བྱེད་པ། ཀྲུང་གོའི་རྡུལ་ཕྲན་མཁར་གྲོང་སོགས་གསར་བརྗེའི་གནས་སྐོར་ལྗོངས་རྒྱུ་ཁུལ་གྲགས་ཅན་དང་གསར་བརྗེའི་ཞིབ་སློབ་སྤུས་ལེགས་ལམ་ཐིག་དང་རིག་གནས་གསར་གཏོད་ཐོན་རྫས་སྐོར་ཞིག་བསྐྲུན་པ། ལོ་རྒྱུས་ཀྱི་གཏམ་རྒྱུད་དང་མི་སྣའི་བསམ་པ། རིག་གནས་མཚོན་རྟགས་སྔོག་འདོན་བྱས་པར་མ་ཟད་དེར་དུས་རབས་ཀྱི་གོ་དོན་གསར་བ་བསྩལ་ནས། གསར་བརྗེའི་རིག་གནས་ཐད་ནས་གོང་བུར་བསྒྲིལ་ཤུགས་དང་འགུག་ཤུགས་ཡོད་པར་བྱེད་པ་དང་། གསར་བརྗེའི་གཞི་རྒྱུ་རྒྱུན་འཛིན་བྱེད་པ་བརྒྱུད་དེ། གསར་བརྗེའི་ཚོང་རྟགས་གསར་སྐྲུན་དང་གསར་བརྗེའི་གཏམ་རྒྱུད་བཟང་བོར་བཤད་པ་དང་། གསར་བརྗེའི་རིག་གནས་དང་རླབས་ཆེན་གྱི་སྙིང་སྟོབས་ཀྱིས་དུས་རབས་ཀྱི་མཐུན་སྡེབ་གོང་འཕེལ་ཁྲོད་སྒྲ་གསལ་ཤུགས་ལྡན་གྱི་དུས་རབས་ཀྱི་སྒྲ་དྲག་པོ་འབྱིན་དུ་འཇུག་དགོས།

རླབས་ཆེན་གྱི་སྙིང་སྟོབས་རྒྱུན་འཛིན་དར་སྤེལ་བྱེད་པའི་ཁྲོད་ཐུན་མོང་ལ་དབང་བའི་བསམ་པའི་ཁྱིམ་གཞི་འཛུགས་དགོས།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། ཀྲུང་ཧྭ་མི་རིགས་ཀྱི་དེང་རབས་དཔལ་ཡོན་འཛུགས་སྐྲུན་བྱེད་པར་དམིགས་ནས། ཀྲུང་ཧྭ་མི་རིགས་ཐུན་མོང་ལ་དབང་བའི་བསམ་པའི་ཁྱིམ་གཞི་རྒྱུན་མ་ཆད་པར་འཛུགས་སྐྲུན་བྱེད་རྒྱུ་ནི་མཚོ་སྔོན་གྱི་ལོ་རྒྱུས་ཞིག་ཡིན་ལ། མཚོ་སྔོན་གྱི་མི་རིགས་སོ་སོའི་འགྲོ་འོང་བརྗེ་རེས་དང་མཉམ་བསྲེས་ཀྱི་ལོ་རྒྱུས་ཞིག་ཀྱང་ཡིན་ཞེས་ནན་སྟོན་བྱས། མདེལ་གཉིས་སྐར་གཅིག་གི་སྙིང་སྟོབས་མཚོན་བྱེད་དུ་བྱས་པའི་རླབས་ཆེན་གྱི་སྙིང་སྟོབས་དེ། མཚོ་སྔོན་གྱི་མི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ཀྱིས་བགྲོད་ལམ་རང་རྟོན་དང་གཞུང་ལུགས་རང་རྟོན། ལམ་ལུགས་རང་རྟོན། རིག་གནས་རང་རྟོན་ཇེ་བརྟན་དུ་གཏོང་བའི་སྒྲོན་ལྕོག་ཏུ་གྱུར་ཡོད། ལོ་ངོ་མང་པོའི་རིང་ལ། རེབ་གོང་ནས་མཚོ་སྔོན་པོའི་འགྲམ་ངོགས་དང་། རྨ་འབྲི་རྫ་གསུམ་འབྱུང་ཡུལ་ནས་ཚྭ་འདམ་གཞོང་། རྩྭ་ཐང་ཕྱུགས་ར་ནས་རྨ་ཙོང་འགྲམ་གཉིས་བཅས་ས་ཆའི་རིགས་སོ་སོའི་མང་ཚོགས་དང་ལས་བྱེད་པས་མཐུན་སྒྲིལ་དམ་ཟབ་དང་སོ་སྲུང་རོགས་རེས་བྱས་པ་དང་། ཏང་གི་བཀའ་ལ་ཉན་པ་དང་ཏང་གི་དྲིན་བསམ་པ། ཏང་གི་རྗེས་སུ་འབྲངས་པ། མཉམ་དུ་མཐུན་སྒྲིལ་འབད་འཐབ་དང་དར་རྒྱས་གོང་འཕེལ་བཏང་སྟེ། དུས་རབས་གསར་བའི་མི་རིགས་མཐུན་སྒྲིལ་གྱི་མཛེས་སྡུག་གི་རི་མོ་བྲིས། མཚོ་སྔོན་གྱིས་ཐོག་མཐའ་བར་གསུམ་དུ་མི་རིགས་མཐུན་སྒྲིལ་གྱི་དར་ཆ་མཐོན་པོར་བསྒྲེང་བ་དང་། ཞིང་ཆེན་གྱི་གནས་ཚུལ་དངོས་ལ་རྐང་བཙུགས་ལ། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ་གཙོ་གཞི་རུ་བྱས་པ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་གཏིང་ཟབ་བྱས་ནས། གྲོང་ཁྱེར་དང་ཁུལ་ཡོངས་རྫོགས་དང་། བརྒྱ་ཆའི་གོ་གསུམ་གྱི་རྫོང་དང་གྲོང་ཁྱེར། བརྒྱ་ཆའི་གྱ་གསུམ་གྱི་རྫོང་དང་གྲོང་ཁྱེར། ཆུའུ་དེ་རྒྱལ་ཁབ་རིམ་པའི་དཔེ་སྟོན་ཚད་གཞི་རུ་སླེབས་པར་བྱས་པ་དང་། ཞིང་ཆེན་ཡོངས་ཀྱི་སྟོབས་ཤུགས་གཅིག་ཏུ་བསྡུས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་མཚོ་སྔོན་གྱི་པར་གཞི་གསར་སྐྲུན་བྱས། ཅི་ཧྲི་ཧྲན་གྱི་ཚད་རིམ་དྲུག་དང་གྲངས་ཆུང་གཉིས་ཀྱི་ས་ཡོམ་ལ་ཁ་ཕྱོགས་ནས། མཚོ་སྔོན་གྱིས་མི་སེམས་ལ་དྲོད་ཁོལ་སྦྱིན་པའི་བྱ་བ་སྣ་ཚོགས་བཟང་བོར་བསྒྲུབས་པ་བརྒྱུད་དེ། རིགས་སོ་སོའི་མང་ཚོགས་ཀྱིས་མཛེས་སྡུག་གི་ཁྱིམ་གཞི་བསྐྱར་འཛུགས་བྱེད་པའི་ཡིད་ཆེས་དང་ཆོད་སེམས་གཅིག་ཏུ་བསྡུས། མི་རིགས་མཐུན་སྒྲིལ་ནི་རིགས་སོ་སོའི་མང་ཚོགས་ཀྱི་སྲོག་རྩ་ཡིན་པ་ལག་ལེན་ལས་ར་འཕྲོད་བྱུང་། ཏང་གི་འགོ་ཁྲིད་བརྟན་པོའི་འོག མི་རིགས་སོ་སོས་རླབས་ཆེན་མེས་རྒྱལ་དང་ཀྲུང་ཧྭ་མི་རིགས། ཀྲུང་ཧྭའི་རིག་གནས། ཀྲུང་གོ་གུང་ཁྲན་ཏང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བཅས་ཐད་ཀྱི་ཁས་ལེན་ཇེ་བརྟན་དུ་གཏོང་བ་དང་། ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་པོ་བཙུགས་ན། ད་གཟོད་དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་གྱི་མཉམ་ཤུགས་ཆེན་པོ་གྲུབ་པར་བྱེད་ཐུབ།

དུས་རབས་གསར་བའི་སྐྱོད་ལམ་གསར་བའི་སྟེང་། མཚོ་སྔོན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་རིགས་བྱ་བར་ཤུགས་སྣོན་དང་བསྒྱུར་བཅོས་བྱེད་པའི་ཐད་ཀྱི་དགོངས་པ་གཙོ་བོ་མཐའ་གཅིག་ཏུ་ལག་བསྟར་བྱེད་པ་དང་། མདེལ་གཉིས་སྐར་གཅིག་གི་སྙིང་སྟོབས་ལ་བརྟེན་ནས་མི་རིགས་མཐུན་སྒྲིལ་གྱི་སྟོབས་ཤུགས་གཅིག་སྡུད་བྱེད་ཅིང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་གཏོང་བར་ནུས་ལྡན་སྒོས་སྐུལ་འདེད་བཏང་སྟེ། གནང་བ་གཅིག་དང་ཕན་ཡོད་གཅིག་གི་བླང་བྱ་གལ་ཆེན་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་གཏོང་དགོས། གྱང་ངོས་གཅིག་དང་གར་སྟེགས་གཅིག སྲང་ལམ་གཅིག་སོགས་གཅིག་ཅན་མང་པོའི་ཐེག་བྱེད་བཀོལ་སྤྱོད་བཟང་པོ་བྱེད་པ་དང་། སྡེ་ཁུལ་དེ་སེའུ་འབྲུ་ལྟ་བའི་ཁྱིམ་གཞིས་ཤིག་ཏུ་འཛུགས་སྐྲུན་བྱས་ཏེ། མུ་མཐུད་དུ་ཀྲུང་ཧྭ་མི་རིགས་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་བསྐྲུན་པ་དང་། མི་རིགས་སོ་སོའི་དམངས་སེམས་གཅིག་མཐུན་ཡོང་བ་དང་། ཕན་ཚུན་གཅིག་ལ་གཅིག་བརྟེན། ཟོལ་མེད་འགྲོ་འོང་དང་། སེམས་དཀར་བརྗེ་རེས། བསམ་ཚུལ་ཟོལ་མེད་མཉམ་འདྲེས་བཅས་བྱེད་པར་སྐུལ་འདེད་བཏང་ནས། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ཆེས་ཆེ་བའི་སེམས་མཐུན་སྒོར་རིས་ལེགས་པོར་བྲིས་ཏེ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་མེ་ཏོག་ལྷུག་པོར་བཞད་པར་བྱེད་དགོས།

རླབས་ཆེན་གྱི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་གཏོང་བའི་ཁྲོད་དུས་རབས་ཀྱི་ཁག་ཁུར་ཕྲག་ཏུ་ལེན་དགོས།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་གཟིགས་ཞིབ་མཛད་སྐབས་གསུང་བཤད་གལ་ཆེན་གནང་བ་དེས་མཚོ་སྔོན་གྱིས་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་སྐྱོད་ལམ་གསར་བའི་ཁྲོད་ཀྱི་ལོ་རྒྱུས་ལས་འགན་གཏན་འཁེལ་གསལ་བོ་བྱས་པ་དང་། མཚོ་སྔོན་གྱིས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱུང་བའི་ལོ་རྒྱུས་འཕེལ་རིམ་ཁྲོད་དུ་ལས་འགན་གལ་ཆེན་གནང་བ་རེད། མདེལ་གཉིས་སྐར་གཅིག་གི་སྙིང་སྟོབས་ཀྱིས་མཚོ་སྔོན་གྱི་དཔའ་ངར་མདུན་སྐྱོད་ལ་གདིང་ཤུགས་དྲག་པོ་དང་ཡིད་ཆེས་བརྟན་པོ་བསྩལ་ཏེ། དུས་རབས་གསར་བའི་གསར་གཏོད་འཕེལ་རྒྱས་དང་དཔའ་ངར་མདུན་སྐྱོད་ཀྱི་སྒུལ་ཤུགས་དྲག་པོར་གྱུར་ཡོད། མིག་སྔར། མཚོ་སྔོན་དེ་དེང་རབས་ཅན་གྱི་མཚོ་སྔོན་གསར་བའི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་འགག་རྩའི་དུས་སྐབས་སུ་སླེབས་ཡོད་ལ། རླབས་ཆེན་སྙིང་སྟོབས་ཀྱི་མཛུབ་ཁྲིད་འོག མཚོ་སྔོན་གྱིས་བསྒྲུབ་འདོད་ཚེ་རང་འགུལ་གྱིས་བྱ་བ་བསྒྲུབ་པ་དང་ཡར་རྒྱས་བརྩོན་ལེན་བྱེད་པ། བསྒྲུབ་ཕོད་ན་དཀའ་བ་གདོང་གིས་བསུས་ཏེ་མདུན་སྐྱོད་བྱེད་པ་དང་དཀའ་སེལ་འགག་སྒྲོལ་བྱེད་པ། བསྒྲུབ་ཤེས་ཚེ། མཐོར་འཛེགས་རྒྱང་ལྟ་དང་ཏན་ཏན་ཏིག་ཏིག་བྱེད་དགོས། བྱ་བ་བསྒྲུབ་ན། ད་གཟོད་མཚོ་སྔོན་གྱི་བསྡུར་བའི་དགེ་མཚན་དེ་འཕེལ་རྒྱས་ཀྱི་དགེ་མཚན་དུ་ཚུར་སྒྱུར་བྱས་ནས། གོ་སྐབས་དེ་ཐོན་སྐྱེད་ནུས་ཤུགས་སུ་བསྒྱུར་ཐུབ། བྱ་བ་བསྒྲུབ་ན། ད་གཟོད་ས་ཁུལ་བར་གྱི་ཧེ་བག་ཇེ་ཆུང་དུ་བཏང་ནས། གོམས་སྟབས་ཆེན་པོས་དུས་རབས་འཕེལ་རྒྱས་ཀྱི་འགྲོས་དང་བསྟུན་ཐུབ། བྱ་བ་བསྒྲུབ་ན། ད་གཟོད་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་སྟོང་ཟད་དུ་མི་གཏོང་བར་རླབས་ཆེན་དུས་རབས་སུ་བསྐྱོད་དེ་མཚོ་སྔོན་མི་དམངས་དང་རྐང་འོག་གི་ས་གཞིའི་དྲིན་ལན་འཇལ་ཐུབ།

ལག་ལེན་ལས་མཚོ་སྔོན་གྱི་འཕེལ་རྒྱས་ལ་རྣམ་པ་བཟང་པོ་བླངས་པ་ནི་མཚོ་སྔོན་མི་དམངས་ཀྱིས་རྒྱུན་འཛིན་དར་སྤེལ་བྱས་པའི་རླབས་ཆེན་གྱི་སྙིང་སྟོབས་ཡིན་ལ། དུས་རབས་ཀྱི་ཁག་ཁུར་ཕྲག་ཏུ་བླངས་ནས་འབད་འཐབ་བྱས་པ་ཡིན་ཏེ། ངར་ཤུགས་སྒྲིམ་ནས་ཞུམ་མེད་མདུན་སྐྱོད་བྱས་ཚེ། ད་གཟོད་རྒྱུགས་ལམ་གསར་བའི་སྟེང་སྔར་ལས་མཛེས་སྡུག་ལྡན་པའི་མ་འོངས་པ་བསྐྲུན་ཐུབ་པ་ར་སྤྲོད་བྱས་ཡོད།

དུས་རབས་གསར་བའི་སྐྱོད་ལམ་གསར་བའི་སྟེང་། མཚོ་སྔོན་གྱིས་གཏན་ཕབ་གཉིས་ཀྱི་ཐག་གཅོད་རང་བཞིན་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ་དང་། སྲུང་སྐྱོང་གཉིས་ལེགས་པོར་བསྒྲུབ་སྟེ། མདེལ་གཉིས་སྐར་གཅིག་གི་སྙིང་སྟོབས་ཀྱིས་ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་ལས་བྱེད་མང་ཚོགས་ཀྱི་ལས་སྒྲུབ་ལས་གཏོད་ཀྱི་བརྩོན་སེམས་རང་བཞིན་དང་དཀའ་སེལ་འགག་སྒྲོལ་གྱི་གསར་གཏོད་རང་བཞིན་སྐུལ་སྤེལ་བྱེད་པ་དང་། ཤུགས་ཆེན་པོས་བཅོས་སྒྱུར་གསར་གཏོད་སྲོག་ཤིང་དུ་བྱས་པའི་དུས་རབས་ཀྱི་སྙིང་སྟོབས་དང་མཚོ་བོད་མཐོ་སྒང་གི་སྙིང་སྟོབས་དར་སྤེལ་བཏང་ནས། རླབས་ཆེན་སྙིང་སྟོབས་དེ་མདུན་སྐྱོད་སྟོབས་ཤུགས་སུ་བསྒྱུར་བ་དང་། ནུས་ཤུགས་ཡོད་རྒུས་ལས་བྱེད་པས་བསྒྲུབ་དགོས་པའི་ཐད་སྔོན་ཐོན་བརྩོན་ལེན་བྱེད་པ་དང་། དཀའ་ཁག་གི་ཁྲོད་དུ་ལེགས་སྐྱེས་འབུལ་བ་དང་། འབད་འཐབ་བྱས་ནས་གྲུབ་འབྲས་ཆེན་པོ་ལེན་དགོས། བསམ་ཕྱོགས་གསལ་དགོས་པའི་ཐད་སྔོན་ཐོན་བརྩོན་ལེན་བྱས་ཏེ། ཐོག་མཐའ་བར་གསུམ་དུ་མི་དམངས་ཀྱི་ལངས་ཕྱོགས་བརྟན་སྲུང་བྱེད་ཅིང་། ཁྱོན་ཡོངས་ལ་ཕྱོགས་པའི་ལངས་གནས་མཐོན་པོ་རྒྱུན་འཁྱོངས་བྱེད་པ་དང་། སློབ་སྦྱོང་ལ་བརྟེན་ནས་གནས་བབ་ལེགས་སྒྱུར་བྱེད་དགོས། རང་གཅུན་དམ་དགོས་པའི་ཐད་སྔོན་ཐོན་བརྩོན་ལེན་བྱས་ཏེ། སྒྲིག་ཁྲིམས་བརྩི་སྲུང་བྱེད་པ་སེམས་ལ་བཟུང་ནས་ལག་ལེན་དུ་བསྟར་བ་དང་། ཏང་གཤིས་བློ་སྦྱོང་བརྟན་པོ་སྦྱོང་བརྡར་བྱེད་ཅིང་། རང་གཅུན་ནན་མོས་རྟོགས་པ་སྐྱེད་སྲིང་བྱས་ནས། བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་ལ་ཕྱོགས་ནས་དཔའ་ངར་ཆེན་པོས་མདུན་དུ་བསྐྱོད་དགོས།

བན་དེ་སྐྱབས་དང་སྒྲོལ་མ་སྐྱིད། རིན་ཆེན་མཚོ། ལྷ་མོ་འཚོ་བཅས་ཀྱིས་བསྒྱུར།