ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་ཚན་རྩལ་དེང་རབས་ཅན་གྱིས་འདེགས་སྐྱོར་བྱེད་དགོས་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་ཡོང་བར་ཚན་རྩལ་གསར་གཏོད་ལ་བརྟེན་ནས་སྒུལ་ནུས་གསར་པ་སྐྱེད་སྲིང་བྱེད་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་རྟོག་ཞིབ་མཛད་སྐབས“ཚན་རྩལ་ཞིབ་འཇུག་གསར་སྤེལ་དང་གྲུབ་འབྲས་རིགས་བསྒྱུར་གཉིས་དམ་འཛིན་བྱས་ཏེ། ལག་རྩལ་གསར་པ་རྒྱ་ཁྱབ་ཏུ་སྤྱོད་པ་དང་། ཡུལ་དུས་དང་འཚམ་པའི་སྒོ་ནས་སྲོལ་རྒྱུན་ཐོན་ལས་ལེགས་སྒྱུར་རིམ་སྤར་དང་འཐབ་ཇུས་རང་བཞིན་གྱི་ཐོན་ལས་གསར་པ་འཕེལ་རྒྱས་གཏོང་དགོས་ལ། ཐོན་སྐྱེད་ནུས་ཤུགས་གསར་མ་གསོ་སྐྱོང་བྱེད་དགོས་པ”ནན་གྱིས་བསྟན་ཡོད། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཚན་རྩལ་གསར་སྐྲུན་སྐོར་གྱི་གསུང་བཤད་གལ་ཆེན་དང་མཚོ་སྔོན་དུ་རྟོག་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དཔྱིས་ཕྱིན་དང་ལག་ལེན་མཐར་ཕྱིན་བྱས་ཏེ། མཚོ་སྔོན་གྱི་ཡུལ་གྲུ་ཆེན་མོ་དང་ཡུལ་ཁོངས་མཉམ་ལས་ཇེ་དྲག་ཏུ་གཏོང་བར་རྐང་བཙུགས་ནས། གསར་སྐྲུན་གྱི་གོ་སྐབས་ཁོང་དུ་ཆུད་པ་དང་ཚན་རྩལ་གྱི་མཐོ་ཚད་སྤོབས་པས་གཞལ་ཏེ། ཚན་རྩལ་གསར་སྐྲུན་དང་ཐོན་ལས་གསར་སྐྲུན་མཉམ་འདྲེས་གཏིང་ཟབ་གྱིས་ཚན་རྩལ་གསར་སྐྲུན་གྱི་སྟེགས་བུ་བསྐྲུན་པའི་ཐད་སྤུས་འདེགས་ཕྱོད་འདེགས་གཏོང་བར་ཏན་ཏིག་སྒོས་སྐུལ་འདེད་གཏོང་དགོས་ལ། ཚན་རྩལ་གྲུབ་འབྲས་ནུས་ལྡན་སྒོས་དངོས་ཡོད་ཀྱི་ཐོན་སྐྱེད་ནུས་ཤུགས་སུ་བསྒྱུར་བར་སྐུལ་འདེད་གཏོང་བ་དང་། མཚོ་སྔོན་གྱིས་ཐོན་སྐྱེད་ནུས་ཤུགས་གསར་མ་མགྱོགས་མྱུར་གྱིས་གསོ་སྐྱོང་དང་འཕེལ་རྒྱས་གཏོང་བར་རོགས་འདེགས་བྱེད་དགོས་ལ། ཁྱབ་ཁོངས་གསར་བ་དང་འགྲན་ལམ་གསར་བ་གསར་སྤེལ་དང་འཕེལ་རྒྱས་གཏོང་བ། སྒུལ་ནུས་གསར་པ་དང་ལེགས་བབ་གསར་པ་བཞེངས་སྐྲུན་དང་འཕེལ་རྒྱས་བཏང་སྟེ། མཚོ་སྔོན་གྱི་ཆུ་ཚད་མཐོ་བའི་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཚན་རིག་ལག་རྩལ་གྱི་གཞོགས་འདེགས་འདོན་སྤྲོད་བྱེད་དགོས།
ད་ལྟའི་མཚོ་སྔོན་གྱིས་ལོ་རྒྱུས་ཐོག་གི་འཕེལ་རྒྱས་ཀྱི་དུས་སྐབས་ཡག་ཤོས་བསུས་ཡོད། རྒྱལ་ཁབ་རིམ་པའི་ཚན་རྩལ་གསར་གཏོད་སྟེགས་བུ་ཆེ་གྲས་བཅུ་བསྐྲུན་པར་གོམ་སྟབས་བརྟན་པོའི་ངང་ནས་སྐུལ་སྤེལ་བཏང་བ་དང་། ལེང་ཧུའུ་གནམ་དཔྱད་ལྟ་ཞིབ་རྟེན་གཞིས་གནམ་དཔྱད་རྒྱང་ཤེལ་གསར་བ་བརྒྱད་ནང་འདྲེན་བྱས་ལ། “མོ་ཙི”ཡིས་གནམ་དཔྱད་ལྟ་ཞིབ་ཚད་ལེན་བྱེད་མགོ་ཚུགས་ཏེ། རྒྱལ་ཡོངས་ཀྱི་ཞིང་ཆེན་རིམ་པའི་གློག་ཤུགས་མ་ལག་གསར་པའི་ལག་རྩལ་གསར་གཏོད་ཀྱི་ལྟེ་གནས་མཚོ་སྔོན་དུ་བཙུགས་པ་དང་། རྒྱལ་ཁབ་རིམ་པའི་མཐོ་གསར་ལག་རྩལ་གྱི་ཁེ་ལས99དང་ཞིང་ཆེན་རིམ་པའི་ཚན་རྩལ་རྣམ་པའི་ཁེ་ལས188གསར་དུ་གཏན་འཁེལ་བྱས་མོད། འོན་ཀྱང་ད་ལྟ་ཞིབ་འཇུག་གསར་སྤེལ་ཐད་མ་དངུལ་གཏོང་བ་དང་། ཐོན་ཚད་མཐོན་པོ་མེད་པ། སྒྲིག་སྲོལ་བསྒྱུར་བཅོས་ཡག་པོ་མེད་པ་བཅས་ནི་སྔར་བཞིན་རང་ཞིང་གི་ཚན་རྩལ་ཆུ་ཚད་མཐོ་རུ་གཏོང་བར་ཚོད་འཛིན་ཐེབས་པའི་འགག་རྩའི་རྒྱུ་རྐྱེན་ཡིན་པ་གསལ་པོར་མཐོང་ཐུབ། ང་ཚོས་བཅོས་བསྒྱུར་སྒོ་འབྱེད་ཀྱི་འགག་རྩའི་བྱེད་ཐབས་འདི་བེད་སྤྱོད་ཡག་པོ་བྱེད་པ་དང་། རྨང་གཞིའི་ཞིབ་འཇུག་དང་ཉེར་སྤྱོད་ཞིབ་འཇུག་མཉམ་སྤེལ་རྒྱུན་འཁྱོངས་བྱེད་པ། ལྟེ་བའི་ལག་རྩལ་མཁྲེགས་གཏོར་བྱེད་ཤུགས་ཆེ་རུ་གཏོང་བ། གཙོ་གནད་རྣམ་གྲངས་ཀྱི་སྣེ་ཁྲིད་ནུས་པ་འདོན་སྤེལ་བྱེད་པ་བཅས་ཀྱིས་ཚན་རྩལ་གསར་གཏོད་ཀྱི་གྲུབ་འབྲས་རིགས་བསྒྱུར་ལ་སྐུལ་འདེད་གཏོང་དགོས། ཁེ་ལས་ཀྱི་དགོས་མཁོར་དམིགས་པ་དང་འཇོན་མིའི་བློ་བཀོད་ལ་བརྟེན་པ་རྒྱུན་འཁྱོངས་དང་། སྲིད་གཞུང་དང་ཁེ་ལས་ཀྱི་རྒྱུན་རྣམ་ཅན་གྱི་མཐུད་སྦྱོར་ནང་རྐྱེན་འཐུས་ཚང་དུ་གཏོང་བ། ལྟོས་བཅས་ཀྱི་ལེགས་བབ་ལ་དམིགས་ཏེ་གསར་སྐྲུན་རང་བཞིན་དང་རྟིང་སློག་རང་བཞིན་གྱི་ལག་རྩལ་ཞིབ་འཇུག་གསར་སྤེལ་བྱེད་པ། ཐོན་ལས“གནས་བཞི”དང་ཁྱད་ལྡན་ལེགས་ཆའི་ཐོན་ལས་ཀྱི་ཚན་རྩལ་གསར་གཏོད་ལ་ཤུགས་སྣོན་པ། སྲོལ་རྒྱུན་ཐོན་ལས་ལེགས་བསྒྱུར་རིམ་སྤར་དང་གསར་དར་ཐོན་ལས་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་བ། ལྗང་མདོག་རྩིས་ནུས་ཀྱིས་སྣེ་ཁྲིད་པའི་ཐོན་སྐྱེད་ནུས་ཤུགས་གསར་མ་མགྱོགས་པོར་གོང་འཕེལ་གཏོང་བ་བཅས་ཀྱི་ཐད་ཐོད་བརྒལ་གསར་བ་མངོན་འགྱུར་བྱེད་དགོས་པ་དང་། ཚན་རྩལ་ལ་བརྟེན་ནས་འཕེལ་རྒྱས་ཀྱི་རང་འགུལ་འཐོབ་པར་བྱས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྔར་བས་ཁྱད་ཆོས་ལྡན་པ་དང་སྔར་བས་རང་མདངས་བཀྲ་བར་བྱེད་དགོས།
ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་འདྲེས་གཏིང་ཟབ་བྱེད་པར་སྔར་ལས་མཐོང་ཆེན་བྱས་ཏེ། གསར་གཏོད་སྦྲེལ་མཐུད་ཀྱི“ལག་རྩལ་བཟང་པོ”དེ་ཐོན་ལས་སྦྲེལ་མཐུད་ཀྱི“ཉེར་སྤྱོད་གསར་པ”རུ་འགྱུར་བར་བྱས་ན། ད་གཟོད་ཐོན་ལས་གསར་གཏོད་དང་འཕེལ་རྒྱས་ཀྱི་ལག་རྩལ་འདེགས་སྐྱོར་ནུས་པ་ཆེ་རུ་གཏོང་ཐུབ་པ་དང་། ལག་རྩལ་གསར་གཏོད་དང་ཐོན་ལས་ཀྱི་སྤུས་ཚད་མཐོ་རུ་གཏོང་བ་མཉམ་པོར་མངོན་འགྱུར་ཡོང་ཐུབ། ང་ཚོས་རང་འགུལ་ངང་རྒྱལ་ཁབ་ཀྱི་འཐབ་ཇུས་དང་ས་ཁོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་དགོས་པ་དང་། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པར་དམིགས་ནས་ནུས་པ་འདོན་སྤེལ་དང་ནུས་པ་བརྒྱུད་སྤྲོད་བྱེད་དགོས། ཤེས་ལྡན་མི་སྣ་དང་ཁེ་ལས་ཀྱིས་གསར་གཏོད་ཀྱི་རྒྱུ་རྐྱེན་གཙོ་བོ་བཀོད་སྒྲིག་བྱེད་པའི་སྲོག་ཤིང་གནས་བབ་ལ་ཤུགས་སྣོན་དགོས། ཚན་རྩལ་སྒྲིག་སྲོལ་བཅོས་བསྒྱུར་ཟབ་སྤེལ་བྱེད་པ་དང་། གསར་གཏོད་སྟེགས་བུའི་རྟེན་གཞི་འཛུགས་སྐྲུན། ཚན་རྩལ་གསར་གཏོད་ཀྱི་གཙོ་ཤུགས་སྟོབས་ཆེར་གཏོང་བ། ཚན་རྩལ་མཉམ་ལས་བརྗེ་རེས་རྒྱ་སྐྱེད་པ་བཅས་བྱས་ནས། ཚན་རྩལ་རང་ཚུགས་རང་སྟོབས་མངོན་འགྱུར་ཡོང་བར་བྱེད་དགོས། སྔར་ལས་ཆེ་བའི་ནུས་ཤུགས་ཀྱིས་གསར་གཏོད་ཀྱི་སྦྲེལ་མཐུད་ཇེ་དྲག་ཏུ་འགྲོ་བར་སྐུལ་འདེད་གཏོང་བ་དང་། སྔར་ལས་ལས་ཆོད་ལྡན་པའི་བྱེད་ཐབས་ལ་བརྟེན་ནས་ལེགས་བསྒྱུར་དང་སྤུས་འདེགས་ཇེ་མགྱོགས་སུ་གཏོང་བ། ཆུ་ཚད་སྔར་ལས་མཐོ་བའི་སྒོ་ནས་གྲངས་ཀའི་ནུས་པ་འདོན་སྤྲོད་བྱེད་ཤུགས་ཆེ་རུ་གཏོང་དགོས། གསར་གཏོད་ལས་སྐྲུན་གྱི་ཁོར་ཡུག་བཟང་པོ་བསྐྲུན་ནས་ཐོན་སློབ་ཞིབ་གསུམ་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་གཏོང་བ་དང་། རྒྱལ་ཁབ་རིམ་པའི་ཚན་རྩལ་གསར་གཏོད་སྟེགས་བུ་ཆེ་གྲས་བཅུ་གསོ་སྐྱོང་དང་འཛུགས་སྐྲུན་བྱེད་པ།“ཁུ་ནུའི་ཤེས་ལྡན་མི་སྣ”འགུལ་སྐྱོད་འཆར་གཞི་ལག་བསྟར་གཏིང་ཟབ་བཅས་བྱས་ཏེ། མཚོ་བོད་ཚན་རིག་རྟོག་ཞིབ་ཐེངས་གཉིས་པའི་གྲུབ་འབྲས་དོན་ཐོག་ཏུ་འཁྱོལ་བར་བྱེད་དགོས། གྲུབ་ཚུལ་རང་བཞིན་གྱི་དཔྱ་ཁྲལ་ཉུང་འཕྲི་གཏོང་བའི་སྲིད་ཇུས་དོན་འཁྱོལ་ཡག་པོ་བྱས་ཏེ། ཚན་རྩལ་གསར་གཏོད་དང་བཟོ་སྐྲུན་ལས་རིགས་འཕེལ་རྒྱས་གཏོང་བ་གཙོ་གནད་དུ་བཟུང་བ་དང་རྒྱབ་སྐྱོར་བྱེད་དགོས། དངུལ་རྩའི་ཞབས་ཞུའི་གཙོ་གཞི་དཔལ་འབྱོར་རྒྱུན་འཁྱོངས་བྱེད་པ་དང་། ཁེ་ལས་ཀྱིས་ཞིབ་འཇུག་གསར་སྤེལ་ལ་མ་དངུལ་གཏོང་ཤུགས་ཆེ་རུ་གཏོང་བར་སྐུལ་མ་གཏོང་དགོས། སློབ་གསོ་དང་སྨན་བཅོས། རིག་ནུས། ཐོན་ལས། ཚན་རྩལ་བཅས་ཀྱི“ཚོགས་སྒྲིག་རྣམ་པའི”མཚོ་སྔོན་ལ་རོགས་སྐྱོར་བྱ་རྒྱུར་གཅིག་འདོམས་སྐུལ་སྤེལ་གཏོང་བ་དང་། དམིགས་འབེན་ལ་ཕྱོགས་ཏེ་ཤུགས་འདོན་པ་དང་ནུས་སྟོབས་གཅིག་བསྡུས་སྒོས་འགག་སྒྲོལ་བྱེད་པར་སྐུལ་འདེད་གཏོང་བ། གསར་གཏོད་ཀྱི་གྲུབ་འབྲས་གསར་ཤོས་ཐོན་ལས་དང་ཐོན་ལས་སྦྲེལ་རྡང་སྟེང་དུས་ཐོག་ཏུ་ཉེར་སྤྱོད་བྱེད་པར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། དཔལ་འབྱོར་རྒྱུན་མཐུད་ངང་བསྐྱར་འཕར་དང་ཇེ་ལེགས་སུ་གཏོང་བར་རྨང་གཞི་སྔར་བས་བརྟན་པོ་འཇོག་པ་དང་། ཚན་རྩལ་གསར་གཏོད་ཀྱི་འདེགས་སྐྱོར་དང་སྣེ་ཁྲིད་ནུས་པ་ཆེ་རུ་གཏོང་བ། མཚོ་སྔོན་གྱིས་སྒུལ་ནུས་གསར་རྙིང་རིགས་བསྒྱུར་བྱས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྒུལ་ཤུགས་གསར་པ་འདོན་པར་སྐུལ་འདེད་བཏང་སྟེ། སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྔར་ལས་ལྷག་པའི་འཕེལ་རྒྱས་འབྱུང་བར་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་དགོས།
ཚེ་རིང་སྒྲོལ་མས་རྩོམ་སྒྲིག་བྱས།