དབྱར་གཞུང་དུ་གསར་འགོད་པ་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཡུས་ཧྲུའུ་གྲོང་ཁྱེར་སྐྱེ་དགུ་སྲང་ལམ་རི་བོ་སྒེའུ་སྡེ་བའི་ཕྱོགས་བསྡུས་དུག་སེལ་གཙང་འཁྲུད་ཞབས་ཞུ་ཚད་ཡོད་ཀུང་སི་རུ་སོང་བ་ན། འཁྲུད་ཆས་དང་སྐམ་ཆས་རྒྱུན་མ་ཆད་པར་འཁོར་བཞིན་ཡོད་ལ། སྟོད་ལྭ་དམར་པོ་གྱོན་པའི་ལས་བཟོ་པ་རྣམས་ཀྱིས་ལག་ཕྱིས་དང་མལ་གདན་སོགས་འཕྲུལ་ཆས་ནང་དུ་འཁྲུད་པ་དང་སྐམ་པ། དུག་སེལ། ལྟེབ་པ་སོགས་བྱས་ཏེ། གོ་རིམ་མ་འཁྲུག་པར་ཁ་ཤས་ཀྱིས་རིགས་བཀར་བ་དང་ཁ་ཤས་ཀྱིས་སྐྱེལ་བ། ཁ་ཤས་ཀྱིས་ཞིབ་བཤེར་བྱེད་བཞིན་ཡོད།
རི་བོ་སྒེའུ་ཀུང་སི་ནི་སྐྱེ་དགུ་སྲང་ལམ་གྱི་ལོ་ལྔའི་འཆར་འགོད་བཅུ་བཞི་བའི་གྲོང་གསེབ་དར་སྤེལ་གྱི་གཙོ་གནད་ཐོན་ལས་ཀྱི་ལས་གཞི་ཡིན་པར་མ་ཟད། ཁོར་སྲུང་གི་ཆོག་མཆན་ཐོབ་ཅིང་བཟོ་ཚོང་དང་ཁྲལ་དོན་སོགས་ཀྱི་ཐོབ་ཐང་ཚང་མ་འཛོམས་པའི་ཀུང་སི་ཞིག་དང་། ཆུ་བཀྲུ་དང་སྐམ་བཀྲུ། སྐེམ་པ། དུག་སེལ་སོགས་ཀྱི་ཞབས་ཞུ་གཅིག་འདུས་ཀྱི་ཆེད་ལས་དུག་སེལ་གཙང་འཁྲུད་ཀྱི་རིམ་པ་མཐོ་བའི་ཀུང་སི་ཞིག་ཡིན་ཞིང་། དེས་ཡུས་ཧྲུའུ་གྲོང་ཁྱེར་གྱི་མགྲོན་ཁང་དང་གསོལ་ཁང་། ཟ་ཁང་། ལུས་འཁྲུད་ལྟེ་གནས་སོགས་ལ་གོས་བཀྲུ་ཞབས་ཞུ་འདོན་སྤྲོད་བྱེད་བཞིན་ཡོད།
ཡུས་ཧྲུའུ་གྲོང་ཁྱེར་ནི་ཁུལ་ཡོངས་ཀྱི་ཆབ་སྲིད་དང་དཔལ་འབྱོར། རིག་གནས་བཅས་ཀྱི་ལྟེ་གནས་ཡིན་ལ། རི་བོ་སྒེའུ་སྡེ་བ་ནི་ཡུས་ཧྲུའུ་གྲོང་ཁྱེར་གྱི་དཀྱིལ་སྙིང་དུ་ཡོད། 2023ལོར་རི་བོ་སྒེའུ་སྡེ་བས་ཡུས་ཧྲུའུ་ཁུལ་ཡོངས་སུ་གོས་བཀྲུ་ཁེ་ལས་ཤིག་མེད་པའི་དོན་དངོས་ལ་དམིགས་པ་དང་། གནས་ཡུལ་གྱི་དགེ་མཚན་བེད་སྤྱོད་གང་ལེགས་བྱས་ཏེ། ཡུས་ཧྲུའུ་ཁུལ་གྱིས་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱེད་ས་བསྐྲུན་པའི་གོ་སྐབས་དམ་འཛིན་བྱེད་པ་དང་། རྒྱལ་ཡོངས་གཙང་འཁྲུད་མཐུན་ཚོགས་ཀྱི་ཁོངས་མི་ལས་ཁུངས་ཡིན་ཞིང་ལོ8ཀྱི་ཚོང་གཉེར་ཉམས་མྱོང་ཡོད་པའི་གཙང་འདྲུད་དུག་སེལ་ཞབས་ཞུ་ཀུང་སི་ཞིག་དང་མཉམ་ལས་བྱས་ཏེ། ཤར་ནུབ་རྒྱུད་མཐུན་སྦྱོར་གྱི་མ་དངུལ་སྒོར་ས་ཡ་གསུམ་བཏང་ ནས་ཀུང་སི་བཙུགས།
རི་བོ་སྒེའུ་ཡི་སྡེ་སྡོད་ཧྲུའུ་ཅི་དང་པོ་ཚེ་རིང་རྡོ་རྗེས་བཤད་རྒྱུར། “ལས་གཞི་འཛུགས་པའི་སྐབས་སུ་སྡེ་བས་སྒོར་ས་ཡ་གཉིས་ལྷག་བཏང་ལ། ལས་གཞི་ལག་བསྟར་མ་བྱས་གོང་སྡེ་བའི་ཨུ་ཡོན་ལྷན་ཁང་གཉིས་ཀྱིས་སྡེ་བའི་ནང་རྟོག་ཞིབ་བྱེད་སྐབས། སྡེ་མི་མང་ཆེ་བས་ལས་གཞི་འདིའི་དགེ་མཚན་མ་རྟོགས་པར་འཐད་པ་མ་བྱུང་། ང་ཚོ་སྡེ་བའི་ཨུ་ཡོན་ལྷན་ཁང་གཉིས་ཀྱི་ཚན་ཁག་དང་སྡེ་བའི་ཏང་ཡོན་རྒན་པ་རྣམས་ཀྱིས་ཡང་ནས་བསྐྱར་དུ་སྡོད་དམངས་ལ་ཁ་ཏ་སློབ་གསོ་བྱས་པ་ཡིན་ཟེར།
ཀུང་སིའི་ཚོང་གཉེར་པུའུ་ཡི་བདག་གཉེར་པ་བསྟན་པ་བཀྲ་ཤིས་ཀྱིས་བཤད་རྒྱུར། ད་ལོའི་ཟླ5པའི་ནང་ཀུང་སི་དངོས་སུ་ཚོང་གཉེར་བྱེད་མགོ་བརྩམས་ཤིང་། སྡེ་བས་ཐོག་མར་དབུལ་ཐར་ཁྱིམ་ཚང་ལ་བསམ་བློ་བཏང་སྟེ། ཁོ་ཚོ་ཀུང་སིའི་ནང་དུ་ལས་ཀ་གཉེར་དུ་ཡོང་བར་སྐུལ་སློང་བྱས། ད་ལྟ་ཀུང་སིའི་ནང་དུ་མི17ལས་ཀར་ཞུགས་ཡོད་ལ། དེའི་ནང་མི7ནི་དབུལ་ཐར་ཁྱིམ་ཚང་ཡིན་པ་རེད། ལས་བཟོ་པ་རེར་ཟླ་རེར་སྒོར་སྟོང་གསུམ་གྱི་གཏན་འཇགས་ཡོང་སྒོ་ཡོད་པ་དང་། ཀུང་སི་ཁྱིམ་ཚང་གི་སྒོ་ཁ་ན་ཡོད་པས། ཁྱིམ་ཚང་ལའང་བདག་སྐྱོང་བྱེད་ཐུབ། ཡུལ་སྐོར་དུས་གཞུང་ཐོན་དུས། ང་ཚོས་ལས་ནས་རྗེས་མི་ཆོད་པས། སྡེ་བའི་ནང་ནས་བཟོ་པ་འགའ་བཙལ་བ་ཡིན། ཐོན་ལས་འདིར་སྡེ་བའི་ཨུ་ཡོན་ལྷན་ཁང་གཉིས་ཀྱིས་སེམས་ཤུགས་མང་པོ་ཞིག་བཏོན་ཡོད། སྡེ་བའི་ཨུ་ཡོན་ལྷན་ཁང་གཉིས་ཀྱིས་སྣེ་ཁྲིད་དེ། སྡེ་བའི་ཏང་ཡོན་རྒན་པ་རྣམས་ཀྱིས་གྲུབ་པའི་མི10ཡི་ལྟ་སྐུལ་ཡན་ལག་རུ་ཁག་ཆུང་བ་བཙུགས་ཏེ། ཟླ་རེར་རེས་མོས་ཀྱིས་ལྟ་སྐུལ་ཞིབ་བཤེར་གྱི་འགན་ཁུར་ཡོད། དང་ཐོག་ལྟ་སྐུལ་པ་ཚང་མས་བྱ་བ་འདིའི་གལ་ཆེན་རང་བཞིན་མ་རྟོགས་པས་ཕན་ཚུན་གྱི་ཁ་ངོར་བལྟས་ནས་གནད་དོན་ཡོད་རུང་ཐད་ཀར་མི་བཤད་པ་དང་། ད་ལྟ་བསམ་བློ་དེ་འགྱུར་ཡོད་ལ། ལས་བཟོ་པ་རྣམས་ཀྱིས་ལྷོད་གཡེང་དང་འགན་འཁྲི་ལ་བྱོལ་བའི་གནད་དོན་ཡོད་ཚེ་དུས་ཐོག་ཏུ་བཤད་པ་དང་། སྡེ་བའི་ཏང་ཀྲི་པུའུ་ཡིས་སྣེ་ཁྲིད་དེ་ཐག་གཅོད་བྱེད་ཀྱིན་ཡོད།
སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་དོན་ཡག་གིས་བཤད་རྒྱུར། དཔེ་སྟོན་ཁེ་ལས་བསྐྲུན་པ་དང་སྡེ་དམངས་ཀྱི་ཡོང་འཕར་ལ་ཡར་སྐུལ་བྱེད་ཆེད། སྡེ་བའི་ཨུ་ཡོན་ལྷན་ཁང་གཉིས་ཀྱི་ཚན་ཁག་རང་འགུལ་གྱིས་ཡར་རྒྱུག་མར་རྒྱུག་གིས་མཉམ་ལས་གྲོས་མོལ་བྱས། “མཉམ་ལས་གྲོས་མོལ་མ་བྱས་གོང་། ང་ཚོས་གསོལ་ཁང་ལ་ཐེངས་གཅིག་གི་རིན་མེད་གཙང་འཁྲུད་བྱེད་པའི་གོ་སྐབས་བསྩལ་ལ། ཡིད་ཚིམས་རྗེས་ད་གཟོད་མུ་མཐུད་དུ་མཉམ་ལས་བྱས་པ་ཡིན། ད་ལྟ་གན་རྒྱ་བཞག་ཡོད་པའི་གསོལ་ཁང་གྲས་ཀྱི་གསོལ་ཁང3ངས་བརྩོན་ལེན་བྱས་པ་ཡིན། ང་ཚོས་བརྩོན་ལེན་བྱས་པ་ཇི་ལྟར་མང་ན་ཀུང་སིའི་ཕན་འབྲས་དེ་ལྟར་བཟང་བས། སྡེ་དམངས་ཀྱི་ཡོང་སྒོའང་སྔར་ལས་ཇེ་མང་དུ་འགྲོ་ཐུབ་ཟེར།
ད་ལྟ། རི་བོ་སྒེའུ་ཀུང་སིས་ཡུས་ཧྲུའུ་གྲོང་ཁྱེར་གྱི་མགྲོན་ཁང་དང་གསོལ་ཁང23ལ་གན་རྒྱ་བཞག་ཡོད་ལ། 2024ལོའི་ཟླ1པ་ནས་ཟླ4པའི་བར་ཚོད་ལྟའི་ཚུལ་དུ་ཚོང་གཉེར་བྱས་པའི་རིང་ལ། ཚོང་གཉེར་ཡོང་འབབ་སྒོར་འབུམ་གཉིས་ལྷག་ལ་སླེབས་པ་དང་། ཟླ5པའི་ཚོང་གཉེར་ཡོང་འབབ་སྒོར་ཁྲི་བརྒྱད་ལྷག་ལ་སླེབས། རྒྱུས་ལོན་པ་ལྟར་ན། ཀུང་སིའི་ལོ་རེའི་ཡོང་སྒོའི60%སྡེ་བ་ཐུན་མོང་ལ་དབང་བས། དེ་དག་སྡེ་བའི་ཐུན་མོང་དཔལ་འབྱོར་རྒྱ་ཆེར་གཏོང་བ་དང་སྡེ་བ་ཡོངས་ཀྱི་ཁྱིམ་ཚང214ཡི་མི609ལ་ཁེ་སྤོགས་བགོ་བའི་ཐད་བཀོལ་རྒྱུ་རེད།
བསྟན་པ་བཀྲ་ཤིས་ཀྱིས་བཤད་རྒྱུར། ཁེ་ལས་ཀྱི་མ་འོངས་པར་འཆར་གཞི་འགོད་བཞིན་ཡོད།ཚོང་གཉེར་ཡོང་འབབ་ཟླ་རེར་ཇེ་མང་ཡིན་པས། མ་འོངས་པར་ཀུང་སིའི་གཞི་ཁྱོན་ཇེ་ཆེར་གཏོང་བའི་སྐབས་སུ་ང་ཚོསAppགསར་གཏོད་བྱས་ཏེ། དམངས་སྤྱོད་དངོས་རྫས་ཀྱི་གཙང་འཁྲུད་དུག་སེལ་གྱི་ཚོང་ཡང་གཉེར་ནས་སྒོ་ཁར་ཐོན་པའི་ཞབས་འདེགས་ཞུ་རྩིས་ཡོད། ཡུས་ཧྲུའུ་གྲོང་ཁྱེར་མ་གཏོགས་ད་རུང་རྫོང་གཞན་ལའང་ཁེབས་སུ་བཅུག་སྟེ་ཡུས་ཧྲུའུ་ཁུལ་གྱི་ཆེས་ཆེ་བའི་གཙང་འཁྲུད་ཁེ་ལས་ཤིག་ཏུ་གཏོང་རྒྱུ་ཡིན་ཟེར།
ཚེ་རིང་རྡོ་རྗེས་བཤད་རྒྱུར། སྡེ་བའི་ཨུ་ཡོན་ལྷན་ཁང་གཉིས་ཀྱི་ཚན་ཁག་གིས་ཉིན་རྒྱུན“ལྟ་སྐུལ་ལས་བཟོ་ཚོགས་པའི”ནང་དུ་ལྟ་སྐུལ་པས་བསྐུར་བའི་བརྙན་ཐུང་དང་འདྲ་པར་དུས་ཐོག་ཏུ་སྡེ་མི་རྣམས་ལ་བསྐུར་བཞིན་ཡོད། ང་ཚོ་ཏང་འཛུགས་སྣེ་ཁྲིད་ཀྱི་རོགས་རམ་པ་བཟང་པོ་དང་སྡེ་གསར་ཐུན་མོང་ཕྱུག་བསྒྱུར་གྱི་སྣེ་ཁྲིད་པ། མཛེས་སྡུག་སྡེ་གསར་གྱི་མཛེས་སྤྲས་པ། མང་ཚོགས་ཀྱི་ཚེགས་ལས་པ་བཅས་བྱས་ཏེ། མང་ཚོགས་ཀྱིས་མཐོང་བའི་རང་ཉིད་ཀྱི་ཁེ་ལས་འདི་ཚུལ་མཐུན་ཞིག་ཏུ་གཏོང་རྒྱུ་ཡིན་ཟེར། །
རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།