སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་ཧྭ་མི་རིགས་ནི་མི་རིགས་སོ་སོའི་བར་འགྲོ་འོང་དང་བརྗེ་རེས། མཉམ་འདྲེས་བཅས་ཀྱི་ཁྲོད་ནས་བྱུང་བ་ཞིག་ཡིན་པས། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཡང་མི་རིགས་སོ་སོའི་བར་འགྲོ་འོང་དང་བརྗེ་རེས། མཉམ་འདྲེས་བཅས་ཀྱི་ཁྲོད་དུ་མངོན་འགྱུར་འབྱུང་ངེས། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་དེ་དུས་རབས་གསར་པའི་ཏང་གི་མི་རིགས་བྱ་བའི་གཙོ་ཐིག་དང་། མི་རིགས་ས་ཁུལ་གྱི་བྱ་བ་སོ་སོའི་གཙོ་གནད་དུ་བརྩིས་ནས། ཀྲུང་གོའི་ཁྱད་ཆོས་ཀྱི་མི་རིགས་གནད་དོན་ཐག་གཅོད་བྱེད་པའི་ཡང་དག་པའི་ལམ་བུ་སྔར་ལས་རྒྱ་ཆེར་བཏང་བས་ཏང་གི་མི་རིགས་བྱ་བར་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་གསར་པ་ཐོབ་ཡོད། དུས་རབས་གསར་པའི་ཀྲུང་གོར་རིགས་སོ་སོའི་སྤུན་ཟླས་རྡོག་རྩ་གཅིག་སྒྲིལ་གྱིས་ཐུན་མོང་གིས་མཐུན་སྒྲིལ་འབད་འཐབ་དང་། ཐུན་མོང་གིས་དར་རྒྱས་གོང་འཕེལ་ཡོང་བར་བྱས་ཏེ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་གཟི་མདངས་རྒྱས་ཤིང་མཛེས་སྡུག་ལྡན་པའི་ལེའུ་མཉམ་དུ་བརྩམས་ཡོད།
ཡུན་ནན་ཕུའུ་ཨར་མི་རིགས་མཐུན་སྒྲིལ་གླིང་དུ1951ལོར་ཕུའུ་ཨར་མི་རིགས་མཐུན་སྒྲིལ་གྱི་དམ་བཅའི་རྡོ་རིང་བཙུགས་ཡོད་པ་དང་། དེ་ལས་རིགས་སོ་སོའི་མི་དམངས་ཀྱིས“བློ་གཅིག་སེམས་གཅིག་གིས་ཏང་གི་རྗེས་སུ་འབྲངས་བའི”སེམས་པ་གཅིག་མཐུན་ངང་ཏང་ལ་ཕྱོགས་པའི་དམ་ཚིག་མཚོན་ཡོད་ལ། དུས་རབས་གསར་པའི་ཕུའུ་ཨར་ཡི་རིགས་སོ་སོའི་མི་དམངས་ཀྱི་འཚོ་བར་འཕོ་འགྱུར་ཆེན་པོ་བྱུང་ཡོད་པ་བདེན་དཔང་བྱས་ཡོད།
ཉེ་ལམ་མནའ་མཐུན་དེས་མི་རབས་རྗེས་མའི་ཚབ་བྱས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་འཕྲིན་ཡིག་སྤྲིངས་པ་དང་། དམ་ཚིག་བློ་ལ་བརྟན་པོར་བཅངས་ནས་ཏང་གི་རྗེས་སུ་འབྲངས་བ་དང་། མི་རིགས་མཐུན་སྒྲིལ་དང་མཐའ་མཚམས་དར་རྒྱས་གོང་འཕེལ་ཡོང་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུའི་ཆོད་སེམས་མཚོན་པར་བྱས། སྤྱི་ཁྱབ་ཧྲུའུ་ཅིས་ཚང་མར་འཕྲིན་ལན་སྤྲིངས་ནས་མི་རབས་སྔོན་མའི་གཟི་བརྗིད་སྲོལ་རྒྱུན་དར་སྤེལ་བཏང་སྟེ། དམ་ཚིག་རྡོ་རིང་གི་གཏམ་རྒྱུད་སྔར་ལས་ལྷག་པའི་སྒོ་ནས་མུ་མཐུད་དུ་བྲིས་ཏེ་མི་རིགས་མཐུན་སྒྲིལ་གྱི་གཏམ་སྙན་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱེད་དགོས་པའི་སྐུལ་ལྕག་གནང་།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན།“ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ནི་མི་རིགས་མཐུན་སྒྲིལ་གྱི་རྩ་བ་ཡིན།”
ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ། ཐེན་ཧྲན་རི་བོའི་ལྷོ་བྱང་ནས་ལྷོ་ནུབ་ཀྱི་མཐའ་མཚམས་བར་དང་མེས་རྒྱལ་གྱི་བྱང་རྒྱུད་ནས་གངས་ལྗོངས་མཐོ་སྒང་བར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མི་རིགས་ས་ཁུལ་དུ་བརྟག་ཞིབ་ཐེངས་མང་གནང་ནས་རིགས་སོ་སོའི་མང་ཚོགས་དང་བྱམས་བརྩེའི་ངང་བསམ་བློ་བརྗེ་རེས་གནང་སྟེ། “ཕྱོགས་ཡོངས་ནས་འབྱོར་འབྲིང་མངོན་འགྱུར་ཡོང་བར་བྱེད་པ་ནས་གྲངས་ཉུང་མི་རིགས་གཅིག་ཀྱང་མི་ལུས་པ་དང་གཅིག་ཀྱང་རྗེས་ལུས་ལུས་མི་རུང”ཞེས་གསུངས། “སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སྟོབས་ལྡན་རྒྱལ་ཁབ་ཕྱོགས་ཡོངས་ནས་འགྲུབ་པར་བྱེད་པར་མི་རིགས་གཅིག་ཀྱང་ལུས་མི་རུང་བ”དང་། ཚང་མས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་བཙུགས་ཏེ་སེ་འབྲུ་ལྟར་རྡོག་རྩ་གཅིག་སྒྲིལ་བྱེད་དགོས་པའི་སྐུལ་ལྕག་གནང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་ཡོང་བ་བྱེད་པར་རིགས་སོ་སོའི་མི་དམངས་ཀྱིས་ལག་གདང་སྦྲེལ་ནས་དཔུང་པ་མཉམ་གཤིབ་ཀྱིས་ཐུན་མོང་གིས་འབད་བརྩོན་བྱེད་དགོས།
མི་རིགས་སོ་སོ་ཕན་ཚུན་འགྲོ་འོང་དང་བརྗེ་རེས། མཉམ་འདྲེས་བཅས་བྱེད་པ་ནི་མི་རིགས་མཐུན་སྒྲིལ་གཏིང་ཟབ་ཏུ་གཏོང་བ་དང་། ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ངེས་བརྒྱུད་ལམ་བུ་ཞིག་རེད། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ། སྡེ་ཁག་མང་པོས་མཉམ་འབྲེལ་སྒོས་རིགས་སོ་སོའི་མང་ཚོགས་ཕན་ཚུན་ཟུང་འབྲེལ་རྣམ་པའི་འཕེལ་རྒྱས་འཆར་གཞི་ལག་བསྟར་བྱས་ཏེ། རིགས་སོ་སོའི་མང་ཚོགས་ས་ཁོངས་བརྒལ་ནས་ཕན་ཚུན་འགྲོ་འོང་བྱེད་པ་དང་། བྱ་བ་སྒྲུབ་པ། འཚོ་བ་རོལ་བ་བཅས་ལ་སྐུལ་འདེད་གཏོང་དགོས། ཡུལ་སྐོར་ལ་བརྟེན་ནས་རིགས་སོ་སོའི་འགྲོ་འོང་དང་བརྗེ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་བའི་འཆར་གཞི་ལག་བསྟར་བྱས་ཏེ། རིགས་སོ་སོའི་མང་ཚོགས་ཚོས་ཡུལ་སྐོར་ཁྲོད་ཀྲུང་ཧྭའི་ཁྱིམ་གཞིས་ཀྱི་མཛེས་སྡུག་དང་དཔལ་ཡོན་གྱི་མཛེས་སྡུག་ཚོར་ཐུབ་པ་བྱས་ནས། རིགས་སོ་སོའི་གཞོན་ནུ་ལོ་ཆུང་གི་བརྗེ་རེས་འཆར་གཞི་ལག་བསྟར་བྱས་ཏེ། ས་ཁོངས་མི་འདྲ་བ་དང་མི་རིགས་མི་འདྲ་བའི་བྱིས་པ་ལག་གདང་སྦྲེལ་ནས་ལས་རིགས་གཅིག་མཚུངས་ཡོང་བར་བྱེད་པ་དང་། ཆུང་བྱིས་པའི་དུས་ནས“ཀྲུང་ཧྭ་ལ་དགའ་བའི”བག་ཆགས་འཇོག་པ་སོགས་རིགས་སོ་སོའི་བར་རྒྱ་ཁྱབ་ངང་འགྲོ་འོང་དང་བརྗེ་རེས། མཉམ་འདྲེས་བཅས་བྱེད་པའི་ཁྲོད། རང་ཁྱིམ་བསྐྱུར་ནས་མི་རིགས་མང་པོའི་ཁྱིམ་གཞིས་སུ་འདྲེས་པར་བྱས་ཏེ་མཐུན་སྒྲིལ་དམ་པོར་བྱེད་དགོས།
ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ། ཀྲུང་གོའི་ཕུགས་འདུན་མཉམ་དུ་སྒྲུབ། མཚོ་འཕང་མུས4600ལྷག་ཙམ་ཡོད་པའི་བོད་ལྗོངས་ལྷ་སའི་རི་མདོ་ཡུལ་ཚོའི་རྒྱ་རིགས་དགེ་རྒན་སུང་ཡུས་ཀང་གཞི་རིམ་སློབ་ཆུང་དུ་གཞི་ཚུགས་ནས་སློབ་མ་ཚོར་ཤེས་བྱ་སློབ་ཁྲིད་བྱེད་ཀྱིན་ཡོད། ཉིང་པོའོ་སློབ་ཆེན་ནས་མཐར་ཕྱིན་པའི་ཡུ་གུར་རིགས་ཀྱི་བུ་མོ་མུས་ན་ཝའར·ཨའེ་ལིས་ཡིས་རང་འགུལ་ངང་ནང་ལོག་གི་མཐོ་རིམ་སློབ་ཆེན་དུ་ཆེད་ལས་ཟུར་ཁྲིད་པའི་འགན་འཁུར་ནས། རིགས་སོ་སོའི་སློབ་མས་སྔར་ལས་ལེགས་པའི་ངང་འཚོ་བ་རོལ་ཐུབ་པ་དང་འཚར་ལོངས་དང་འཇོན་ཐང་ཅན་དུ་འགྱུར་རྒྱུར་རོགས་རམ་བྱ་རྒྱུའི་རེ་བ་ཞུས།
ཀྲུང་ཧྭ་མི་རིགས་ཀྱི་མཐུན་སྒྲིལ་ཆེན་མོར་ཤུགས་སྣོན་པ་དང་། ཕུགས་དང་རྩ་བ་ནི་རིག་གནས་ཀྱི་ངོས་འཛིན་གཅིག་མཐུན་དུ་བཏང་ནས་ཀྲུང་ཧྭ་མི་རིགས་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་བསྐྲུན་དགོས། རྒྱལ་ཁབ་མི་རིགས་དོན་གཅོད་ཨུ་ཡོན་ལྷན་ཁང་གིས《ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་རགས་བཤད》ཅེས་པའི་གཅིག་གྱུར་རྩོམ་སྒྲིག་སློབ་གཞི་སྒྲིག་འཛུགས་བྱས་ནས་རྩོམ་སྒྲིག་བྱས་ཏེ། མི་རིགས་སོ་སོའི་སློབ་མ་ཚོར“མོས་མཐུན་ལྔ”ཇེ་བརྟན་དུ་གཏོང་བའི་སློབ་གསོ་ཁྲིད་སྟོན་དང་། “མཉམ་དུ་བཞིའི”ཐུན་མོང་གི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་དེ་རེད། མི་རིགས་རིག་གནས་ཕོ་བྲང་དུ་རིག་དངོས་གནའ་གཞུང1500ལྷག་ཙམ་གྱི་དངོས་དཔང་གི་ལོ་རྒྱུས་ཐོག་ནས་ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པ་ཆགས་ཚུལ་དང་འཕེལ་རྒྱས་བྱུང་ཚུལ་བརྗོད་ཡོད། རྒྱལ་ཡོངས་ཀྱི་རྟེན་མཛོད་ཁང་བརྒྱ་ཙམ་གྱིས“མཉམ་དུ་ལོ་ངོ་ལྔ་སྟོང་ལ་བསྐྱོད”ཅེས་པའི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཀྱི་སྤུས་རྟགས་ཞིབ་འཇུག་སློབ་སྦྱོང་ཐོན་ཁུངས་ཀྱི་འོས་སྦྱོར་ལས་གཞི་བསྐྲུན་ཏེ། ལོ་རྒྱུས་ལ་བརྟེན་ནས་ཡིད་ཆེས་ཆེ་རུ་གཏོང་བ་དང་རིགས་སོ་སོའི་མང་ཚོགས་ཀྱིས“ཡོང་ས་ཤེས་པ་དང་འགྲོ་ས་གསལ་པོ་ཡིན་པ”བྱས་ཡོད། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ། རིགས་སོ་སོའི་ཕུལ་བྱུང་རིག་གནས་རྒྱུན་འཛིན་དང་སྲུང་སྐྱོབ་ཀྱི་གཞི་ཁྱོན་སྔར་ན་མེད་པ་དང་གསར་གཏོད་དང་མཉམ་འདྲེས་ལྡབ་འགྱུར་གྱིས་ཇེ་ཆེར་སོང་ཡོད་ལ། དེ་ལས་ཀྲུང་ཧྭའི་རིག་གནས་འབྱུང་ཁུངས་གཅིག་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་ཁྱིམ་གཞིས་ཆེན་མོ་གཅིག་ལ་གཅིག་བརྟེན་ཡིན་པ་དང་། ཕན་ཚུན་ཁ་འབྲལ་ཐབས་མེད་པའི་སྣ་མང་གཞི་གཅིག་གི་རྣམ་པ་མངོན་ཡོད།
འཕེལ་རྒྱས་ནི་མི་རིགས་ས་ཁུལ་གྱི་གནད་དོན་སྣ་ཚོགས་ཐག་གཅོད་པའི་འགག་རྩ་ཡིན། བོད་རིགས་ཀྱི་མཐོ་འབྲིང་སློབ་མ་ངེས་དོན་ལྷ་མོས་ཕ་ཡུལ་གྱི་འགྱུར་ལྡོག་རི་མོར་བཀོད་ཡོད། རི་མོའི་ཁྲོད་ངེས་དོན་ལྷ་མོས་བཟའ་མི་གང་བོས་དྲོད་འཁོལ་ལྡན་པའི་གཞིས་གསར་བྲིས་ཡོད་པ་དང་། ཁྱིམ་སྤྱོད་གློག་ཆས་ཚང་མ་ཁྱིམ་དུ་སྒྲིག་ཡོད། ཁང་པོའི་ཕྱི་རོལ་གྱི་ནོར་གནག་གི་ཁྱུ་ཚོགས་དང་མི་མེད་གནམ་གྲུ་ལས་ཕྱུགས་འཚོ་བའི་རྣམ་པ་བྲིས་ཡོད་ལ། དེ་ནི་མཚོ་སྔོན་མགོ་ལོག་ཁུལ་གྱི་འབྲོག་པའི་འཚོ་བ་གསར་པ་རེད།
ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ། ཁ་གཏད་རོགས་སྐྱོར་དང་ཤར་ནུབ་རོགས་ལས་ཀྱི་མཐུན་སྦྱོར་རྐྱེན་སྲོལ་མུ་མཐུད་འཐུས་ཚང་དུ་གཏོང་བ་དང་ཤུགས་སྣོན་དགོས། “སྔོན་ལ་ཕྱུག་པོ་འགྱུར་མཁན་གྱིས་རྗེས་སུ་ཕྱུག་པོར་འགྱུར་མཁན་ལ་སྣེ་ཁྲིད་བྱེད”ཅེས་པ་ལས་འོད་སྟོང་འཕྲོ་བའི་མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་བཞད་ཡོད།
དུས་རབས་གསར་པའི་ཀྲུང་གོ་རུ། མི་རིགས་སོ་སོའི་སྤུན་ཟླའི་བརྩེ་འདང་དང་ལྟ་སྐྱོང་རོགས་རེས་བྱས་ནས། ཀྲུང་ཧྭ་མི་རིགས་ཀྱི་ལྟེ་བར་ཕྱོགས་ཤུགས་ཆེན་པོ་མིག་མཐོང་ལག་ཟིན་བྱུང་བ་དང་། ཀྲུང་ཧྭའི་བུ་བུ་མོའི་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་། ངར་སེམས་ཆེར་སྐྱེད་ཀྱི་དཔའ་ཉམས་ཆེ་བའི་ཉམས་འགྱུར་མིག་མཐོང་ལག་ཟིན་བྱུང་ཡོད།
ཤ་བོ་རིན་མཚོས་བསྒྱུར།