སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གཟེངས་བསྟོད་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་སྐོར་གླེང་བ།
མི་དམངས་ཉིན་རེའི་ཚགས་པར་གྱི་དཔྱད་བརྗོད་པ།
མི་རིགས་མཐུན་སྒྲིལ་ནི་རང་རྒྱལ་གྱི་རིགས་སོ་སོའི་མི་དམངས་ཀྱི་སྲོག་རྩ་ཡིན། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ75འཁོར་བའི་འཁྲུངས་སྐར་ལ་རྟེན་འབྲེལ་ཞུ་བའི་སྐབས་སུ། རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གཟེངས་བསྟོད་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་བསྡུས།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཚོགས་ཆེན་ལ་ཞུགས་པར་མ་ཟད་གསུང་བཤད་གལ་ཆེན་གནང་སྟེ། ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ75འཁོར་བའི་རིང་དང་ལྷག་པར་དུ་དུས་རབས་གསར་པའི་ཚུན་ལ་རང་རྒྱལ་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་དོན་ལ་ཐོབ་པའི་རླབས་ཆེན་གྱི་གྲུབ་འབྲས་ལ་ཁྱོན་ཡོངས་ནས་ཕྱོགས་བསྡོམས་གནང་བ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་གྲུབ་པ་དང་འཕེལ་རྒྱས་ཀྱི་རྩ་བ་དང་བླ་སྲོག་ གསལ་སྟོན་གཏིང་ཟབ་གནང་བ། དུས་རབས་གསར་པའི་སྐྱོད་ལམ་གསར་པར་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པ་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་བའི་སྤྱིའི་བླང་བྱ་གསལ་པོར་བཏོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་པ་གཏིང་ཟབ་ཅིང་གཟིགས་རྒྱང་རིང་ལ། དེ་ནི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་བའི་རྩ་འཛིན་རང་བཞིན་གྱི་ཚད་ལྡན་ཡིག་ཆ་ཞིག་ཡིན།
ང་ཚོའི་ཏང་དབུ་བརྙེས་པའི་ཉིན་ནས་བཟུང་སྟེ། མི་རིགས་གནད་དོན་དང་མི་རིགས་ལས་དོན་ལ་མཐོང་ཆེན་དང་། མི་རིགས་འབྲེལ་བ་ཐག་གཅོད་ཡང་དག་བྱས་ཡོད། ཀྲུང་གོ་གསར་པ་དབུ་བརྙེས་རྗེས། ཏང་གིས་མི་རིགས་འདྲ་མཉམ་དང་། མི་རིགས་མཐུན་སྒྲིལ། མི་རིགས་ས་ཁོངས་རང་སྐྱོང་། མི་རིགས་སོ་སོ་མཉམ་དུ་དར་རྒྱས་ཡོང་བ་བཅས་ནང་དོན་གཙོ་བོར་འཛིན་པའི་མི་རིགས་ཀྱི་རིགས་པའི་གཞུང་ལུགས་དང་མི་རིགས་ལས་དོན་གྱི་བྱེད་ཕྱོགས་དང་སྲིད་ཇུས་གཏན་འཁེལ་བྱས་པ་དང་། མི་རིགས་སོ་སོ་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་འོག་ངེས་པ་དོན་གྱི་འདྲ་མཉམ་དང་། མཐུན་སྒྲིལ། ཡར་ཐོན་བཅས་མངོན་འགྱུར་བྱས། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པའི་གཙོ་རྐང་དེར་དམ་པོར་དམིགས་ནས། དུས་རབས་གསར་པའི་ཏང་གི་མི་རིགས་ལས་དོན་ཇུས་འགོད་དང་བཀོད་སྒྲིག་མཛད། མི་རིགས་རང་སྐྱོང་ས་གནས་སུ་གནས་པའི་རྫོང་དབུལ་པོ420ཚང་མ་དབུལ་ཞྭ་ཕུད་པ་དང་། མི་གྲངས་ཅུང་ཉུང་བའི་མི་རིགས28ཚང་མ་དབུལ་ཕོངས་ལས་ཐར་བ། མི་རིགས་ས་ཁུལ་རྒྱལ་ཡོངས་དང་མཉམ་དུ་དབུལ་ཐར་མཁྲེགས་གཏོར་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པ། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་བསྐྲུན་པའི་སྐྱོད་ལམ་གསར་པར་བསྐྱོད་པ་བཅས་ལས་རང་རྒྱལ་གྱི་གྲངས་ཉུང་མི་རིགས་ཀྱི་རྣམ་པ་དང་། མི་རིགས་ས་ཁུལ་གྱི་རྣམ་པ། མི་རིགས་འབྲེལ་བའི་རྣམ་པ། ཀྲུང་ཧྭ་མི་རིགས་ཀྱི་རྣམ་པ་བཅས་ལ་གནམ་ས་བླ་འོག་ཏུ་བརྗེ་བ་ལྟ་བུའི་ལོ་རྒྱུས་རང་བཞིན་གྱི་འགྱུར་ལྡོག་ཆེན་པོ་བྱུང་ཡོད།
ཏང་གི་ལོ་ངོ་བརྒྱ་ལྷག་གི་ལོ་རྒྱུས་བརྒྱུད་རིམ་ལ་ཕྱིར་བལྟ་བྱས་ཚེ། ཏང་གི་མི་རིགས་ལས་དོན་ལ་ཐོབ་པའི་གྲུབ་འབྲས་ཆེ་ཤོས་ནི། མར་ཁེ་སིའི་རིང་ལུགས་ཀྱི་མི་རིགས་རིགས་པའི་གཞུང་ལུགས་དང་ཀྲུང་གོའི་མི་རིགས་གནད་དོན་གྱི་བྱེ་བྲག་གི་དོན་དངོས་དང་ཟུང་འབྲེལ་དང་། ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་དང་ཟུང་འབྲེལ་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། གསར་གཏོད་རང་བཞིན་ལྡན་པའི་སྒོ་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་མི་རིགས་གནད་དོན་ཐག་གཅོད་བྱེད་པའི་བགྲོད་ལམ་ཡང་དག་ཅིག་བཏོད་པ་དེ་རེད། བགྲོད་ལམ་འདིའི་སྟེང་། ཏང་གིས་རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་མཛད་དེ་མི་རིགས་རང་བཙན་དང་མི་དམངས་བཅིངས་འགྲོལ་མངོན་གྱུར་བྱས་པ་དང་། མི་རིགས་སོ་སོ་འདྲ་མཉམ་མཐུན་སྒྲིལ་དང་རོགས་རེས་འཆམ་མཐུན་བཅས་ཀྱི་འབྲེལ་བ་འཕེལ་རྒྱས་གཏོང་བའི་རྣམ་པ་གསར་པ་བཏོད་དེ། མི་རིགས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་གྲངས་ཉུང་མི་རིགས་མང་ཚོགས་ཀྱི་འཚོ་བ་སྔ་ན་མེད་པའི་ཡར་རྒྱས་ཡོང་བར་སྐུལ་འདེད་བཏང་ཡོད། ཀྲུང་གོ་གུང་ཁྲན་ཏང་ཁོ་ནས་མ་གཏོགས་ཀྲུང་ཧྭ་མི་རིགས་ཀྱི་མཐུན་སྒྲིལ་ཆེན་པོ་མངོན་འགྱུར་བྱེད་མི་ཐུབ་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཁོ་ནས་མ་གཏོགས་མི་རིགས་སོ་སོ་གོང་བུར་བསྒྲིལ་མི་ཐུབ་ལ། མི་རིགས་སོ་སོ་འཕེལ་རྒྱས་གཏོང་བ་དང་མི་རིགས་སོ་སོ་དར་རྒྱས་གཏོང་མི་ཐུབ་ཅིང་། ཀྲུང་གོའི་ཁྱད་ཆོས་ཀྱི་མི་རིགས་གནད་དོན་ཐག་གཅོད་བྱེད་པའི་བགྲོད་ལམ་རྦད་དེ་ཡང་དག་ཡིན་པ་བཅས་ལོ་རྒྱུས་དང་ལག་ལེན་དངོས་ལས་ར་སྤྲོད་གང་ལེགས་བྱས་ཡོད།
ཀྲུང་ཧྭ་མི་རིགས་ཁྱིམ་ཚང་ཆེན་པོ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་བ་སོགས་ཀྱི་འདུ་ཤེས་ནན་བཤད་བྱས་ཏེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་རྒྱུ་དེ་དུས་རབས་གསར་པའི་ཏང་གི་མི་རིགས་ལས་དོན་གྱི་གཙོ་གནད་དང་མི་རིགས་ས་ཁུལ་གྱི་ལས་དོན་སྣ་ཚོགས་ཀྱི་གཙོ་གནད་དུ་འཛིན་དགོས་པ་གསལ་བོར་བཏོན་ཡོད། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་གཅིག་རྒྱུན་གཅིག་འཛིན་དང་དུས་བསྟུན་མདུན་སྐྱོད་སྒོས་ཏང་གི་མི་རིགས་རིགས་པའི་གཞུང་ལུགས་དང་མི་རིགས་སྲིད་ཇུས་ལག་བསྟར་བྱས་ཏེ། ཀྲུང་གོའི་ཁྱད་ཆོས་ཀྱི་མི་རིགས་གནད་དོན་ཐག་གཅོད་བྱེད་པའི་སྐོར་གྱི་ཡང་དག་པའི་བགྲོད་ལམ་སྔར་ལས་རྒྱ་ཆེར་བཏང་བ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་རིགས་ལས་དོན་ལ་ཤུགས་སྣོན་དང་ལེགས་བཅོས་བྱེད་པའི་སྐོར་གྱི་དགོངས་པ་གལ་ཆེན་གྲུབ་པ་རེད། དགོངས་པ་གལ་ཆེན་འདིས་ཏང་གི་མི་རིགས་ལས་དོན་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་གསར་པ་ཐོབ་པར་ཁྲིད་སྟོན་གནང་པ་དང་། མར་ཁེ་སིའི་རིང་ལུགས་ཀྱི་མི་རིགས་རིགས་པའི་གཞུང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་དུ་འགྱུར་བའི་ཡུལ་ཁམས་གསར་པ་བཏོད་ཡོད། དེ་ནི་ཏང་གི་མི་རིགས་ལས་དོན་གྱི་རིགས་པའི་གཞུང་ལུགས་དང་ལག་ལེན་དངོས་ཀྱི་བློ་གྲོས་ཀྱི་སྙིང་བཅུད་ཡིན་ལ། དུས་རབས་གསར་པའི་ཏང་གི་མི་རིགས་ལས་དོན་གྱི་རྩ་བའི་གཞི་འཛིན་ས་ཡང་ཡིན་པས། ང་ཚོས་ནན་ཏན་སྒོས་སློབ་སྦྱོང་དང་གོ་བ་ཟབ་མོ་ལེན་པ་དང་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་དགོས།
ཀྲུང་གོའི་ཁྱད་ཆོས་ཀྱི་མི་རིགས་ཀྱི་གནད་དོན་ཐག་གཅོད་བྱེད་པའི་བགྲོད་ལམ་ནི་ལོ་རྒྱུས་ལ་བརྩི་འཇོག་དང་། རྒྱལ་ཁབ་ཀྱི་གནས་ཚུལ་དང་མཐུན་པ། མི་སེམས་དང་མཐུན་པ་བཅས་ཀྱི་གདམ་ག་ཡང་དག་ཅིག་ཡིན་པ་དང་། དེ་ལ་མངོན་གསལ་གྱི་ཁྱད་འཕགས་རང་བཞིན་ལྡན་ཡོད། བགྲོད་ལམ་འདིས་ཀྲུང་ཧྭ་མི་རིགས་ཀྱི་རྩ་བའི་ཁེ་ཕན་དང་སྤྱི་ཡོངས་ཀྱི་ཁེ་ཕན་ལ་དམིགས་ཏེ། ཚད་ངེས་ཅན་ཞིག་གི་ཐོག་ནས་མི་རིགས་སོ་སོ་གོང་བུ་གཅིག་ཏུ་བསྒྲིལ་བ་དང་། མི་རིགས་སོ་སོ་མཉམ་དུ་མཐུན་སྒྲིལ་འབད་འཐབ་དང་མཉམ་དུ་དར་རྒྱས་གོང་འཕེལ་ཡོང་བ་མངོན་གྱུར་བྱས་ཤིང་། བགྲོད་ལམ་འདིས་མི་རིགས་སོ་སོ་འདྲ་མཉམ་ཡིན་པ་རྒྱུན་འཁྱོངས་དང་། མི་རིགས་ལ་གཉའ་གནོན་དང་མི་རིགས་ལ་མཐོང་ཆུང་བྱེད་པར་ངོ་རྒོལ་བྱས་ཏེ། མི་རིགས་སོ་སོའི་མི་དམངས་ལ་འདྲ་མཉམ་གྱི་ཆབ་སྲིད་དབང་ཆ་དང་། མཉམ་དུ་རང་ཁྱིམ་རང་བདག་བྱེད་པར་ཁག་ཐེག་བྱས། བགྲོད་ལམ་འདིས་རྒྱལ་ཁབ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་ས་ཁོངས་རང་སྐྱོང་ལག་བསྟར་བྱེད་པའི་འབྲེལ་བ་ཡང་དག་པར་ཁོང་དུ་ཆུད་པ་དང་། གཅིག་གྱུར་དང་རང་སྐྱོང་ཟུང་འབྲེལ་དང་། མི་རིགས་ཀྱི་རྒྱུ་རྐྱེན་དང་ས་ཁོངས་ཀྱི་རྒྱུ་རྐྱེན་ཟུང་འབྲེལ་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། ཀྲུང་ཧྭ་མི་རིགས་ངོས་འཛིན་གཅིག་མཐུན་དང་གོང་བུར་འགྲིལ་ཤུགས་སྔར་ལས་ཆེ་བའི་ལས་སྐལ་གཅིག་མཐུན་ཚོགས་པ་ཞིག་ཏུ་འགྱུར་བར་སྐུལ་འདེད་བཏང་ཡོད། མ་འོངས་པར་ཀྲུང་གོའི་ཁྱད་ཆོས་ཀྱི་མི་རིགས་གནད་དོན་ཐག་གཅོད་བྱེད་པའི་བགྲོད་ལམ་ཡང་དག་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱེད་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པ་གཙོ་གནད་དུ་བཟུང་སྟེ། མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་དོན་ལ་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་བ་དང་། དུས་རབས་གསར་པའི་ཏང་གི་མི་རིགས་ལས་དོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་། མི་རིགས་བསྐྱར་དར་གྱི་རླབས་ཆེན་ལས་དོན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་འབད་བརྩོན་ལྷོད་མེད་བྱེད་དགོས།
“ང་ཚོས་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ཀྱི་མཐུན་སྒྲིལ་འབད་འཐབ་ལ་བརྟེན་ནས་ལོ་རྒྱུས་ཀྱི་དེབ་ཐེར་ལ་བཀྲག་མདངས་འཚེར་བའི་རླབས་ཆེན་གྱི་གྲུབ་འབྲས་བཏོད་ཡོད་ལ། རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ཀྱི་མཐུན་སྒྲིལ་འབད་འཐབ་ལ་བརྟེན་ནས་འོད་སྟོང་གསར་པ་མུ་མཐུད་དུ་གཏོད་དགོས”། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་སྔར་ལས་དམ་ཟབ་བྱས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དང་ལྷག་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་རིགས་ལས་དོན་ལ་ཤུགས་སྣོན་དང་ལེགས་བཅོས་བྱེད་པའི་སྐོར་གྱི་དགོངས་པ་གལ་ཆེན་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ། སེམས་ཤུགས་གཅིག་སྒྲིལ་དང་འབད་འཐབ་ཡར་བརྩོན་བྱས་ཚེ། མི་རིགས་སོ་སོས་མཐུན་སྒྲིལ་ཆེན་པོ་བྱེད་པའི་ཀྲུང་གོ་འདི་ཉིད་ཕྱོགས་གང་དུ་བསྐྱོད་ཀྱང་རྒྱལ་ཁ་ཆེན་པོ་ཐོབ་ངེས།
སྒྲོལ་མ་སྐྱིད་ཀྱིས་བསྒྱུར།