སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གཟེངས་བསྟོད་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུའི་སྐོར་གླེང་བ།
ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ནི་མི་རིགས་མཐུན་སྒྲིལ་གྱི་རྩ་བ་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གཟེངས་བསྟོད་ཚོགས་ཆེན་ཐོག་གསུང་བཤད་གལ་ཆེན་གནང་སྟེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་བྱུང་འཕེལ་ནི་མི་སེམས་འཁོར་ཕྱོགས་དང་། དུས་ཀྱི་འཕེལ་ཕྱོགས། ལོ་རྒྱུས་ཀྱི་འཕེལ་ཕྱོགས་ལྡོག་མེད་བཅས་ཡིན་པ་རྒྱས་བཤད་ཟབ་མོ་གནང་བ་དང་། དུས་རབས་གསར་པའི་སྐྱོད་ལམ་གསར་པར་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་བའི་སྤྱིའི་བླང་བྱ་གསལ་བོར་བཏོན་ཏེ། མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་དོན་ལ་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་བ་དང་། ཏང་གི་མི་རིགས་ལས་དོན་སྤུས་ཚད་མཐོན་པོས་འཕེལ་རྒྱས་འགྲོ་བར་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད།
དུས་རབས་གསར་པའི་སྐྱོད་ལམ་གསར་པར་ཏང་དང་རྒྱལ་ཁབ་ཀྱི་ལས་འགན་གཙོ་བོ་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་ཕྱོགས་ཡོངས་ནས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་། མི་རིགས་བསྐྱར་དར་ཡོང་བར་སྐུལ་འདེད་གཏོང་རྒྱུ་དེ་ཡིན་པས། རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ཀྱིས་མཉམ་དུ་མཐུན་སྒྲིལ་འབད་འཐབ་བྱེད་དགོས། རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་། མི་རིགས་བསྐྱར་དར་གྱི་འཕེལ་རིམ་ནི་མི་རིགས་སོ་སོས་མཉམ་དུ་མཐུན་སྒྲིལ་འབད་འཐབ་དང་། མཉམ་དུ་དར་རྒྱས་གོང་འཕེལ་གཏོང་བའི་བརྒྱུད་རིམ་ཞིག་ཡིན་པས། ངེས་པར་དུ་ཀྲུང་ཧྭ་མི་རིགས་ཀྱི་མཐུན་སྒྲིལ་ཆེན་པོའི་དར་ཆ་མཐོན་པོར་བསྒྲེངས་ཏེ། ཀྲུང་ཧྭ་མི་རིགས་ཀྱི་མཐུན་སྒྲིལ་ཆེན་པོར་བརྟེན་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་དགོས། ཀྲུང་ཧྭ་མི་རིགས་ཀྱི་མཐུན་སྒྲིལ་ཆེན་པོ་སྲ་བརྟན་དང་འཕེལ་རྒྱས་གཏོང་བའི་ཡུན་རིང་དང་རྩ་བ་ནི་ཀྲུང་ཧྭའི་རིག་གནས་ཀྱི་ངོས་འཛིན་གཅིག་མཐུན་ཆེ་རུ་གཏོང་བ་དང་། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་བསྐྲུན་པ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་དགོས་པ་དེ་ཡིན། ཏང་ཀྲུང་དབྱང་གིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་རྒྱུ་དེ་དུས་རབས་གསར་པའི་ཏང་གི་མི་རིགས་ལས་དོན་གྱི་གཙོ་གནད་དུ་འཛིན་པ་ནན་གྱིས་བསྟན་པ་ནི་ཀྲུང་ཧྭ་མི་རིགས་ཀྱི་མཐུན་སྒྲིལ་ཆེན་པོ་སྲུང་སྐྱོང་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་དམིགས་ནས་བཏོན་པའི་ཐབས་ཇུས་གལ་ཆེན་ཞིག་ཡིན། མདུན་སྐྱོད་ཀྱི་བགྲོད་ལམ་ཐོག་ང་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དང་ལྷག་པར་དུ་མི་རིགས་ལས་དོན་ལ་ཤུགས་སྣོན་དང་ལེགས་བཅོས་བྱེད་པའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་ཕྱོགས་ཡོངས་ནས་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་རྒྱུན་ཆད་མེད་པར་བརྟན་པོར་འཛུགས་པ། རིགས་སོ་སོའི་མི་དམངས་ཀྱི་སེམས་པ་དམ་པོར་སྦྲེལ་བ། ཕྱོགས་སོ་སོའི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་བ་བཅས་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་མཉམ་དུ་སྐུལ་འདེད་གཏོང་བ་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཀྱི་ལག་ལེན་ཆེན་པོ་མཉམ་དུ་སྤེལ་དགོས་པ་ནན་གྱིས་བསྟན་ཡོད།
ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བ་ནི་དུས་རབས་གསར་པའི་ཏང་གི་མི་རིགས་ལས་དོན་གྱི“རྩ་འཛིན”ཡིན་པ་དང་། ཏང་ཡོངས་དང་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ཀྱི་ཐུན་མོང་གི་ལས་འགན་ཡིན། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བ་ནི་རིགས་སོ་སོའི་མང་ཚོགས་ཀྱིས་རླབས་ཆེན་མེས་རྒྱལ་དང་། ཀྲུང་ཧྭ་མི་རིགས། ཀྲུང་ཧྭའི་རིག་གནས། ཀྲུང་གོ་གུང་ཁྲན་ཏང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བཅས་ལ་བཅངས་པའི་ངོས་འཛིན་གཅིག་མཐུན་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བར་ཁྲིད་སྟོན་བྱས་ཏེ། སྐྱིད་སྡུག་མཉམ་མྱོང་དང་། གཟི་བརྗིད་དང་བརྙས་བཅོས་མཉམ་མྱོང་། ཤི་གསོན་མཉམ་གནས། ལས་སྐལ་གཅིག་མཐུན་བཅས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་དེ་ཡིན། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་རྒྱུ་ནི་མི་རིགས་སོ་སོའི་རྩ་བའི་ཁེ་ཕན་སྲུང་སྐྱོབ་བྱེད་པའི་ལྡོག་མེད་ཀྱི་བླང་བྱ་ཡིན་པ་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པའི་ལྡོག་མེད་ཀྱི་བླང་བྱ་ཡིན་པ། འདྲ་མཉམ་དང་། མཐུན་སྒྲིལ། རོགས་རེས། འཆམ་མཐུན་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་འབྲེལ་བ་སྲ་བརྟན་དང་འཕེལ་རྒྱས་གཏོང་བའི་ལྡོག་མེད་ཀྱི་བླང་བྱ་ཡིན་པ། ཏང་གི་མི་རིགས་ལས་དོན་གྱི་རྣམ་པ་གསར་པ་གསར་གཏོད་བྱེད་པའི་ལྡོག་མེད་ཀྱི་བླང་བྱ་ཡིན་པ་བཅས་ལ་ངེས་པར་ངོས་འཛིན་ཟབ་མོ་བྱེད་དགོས། ང་ཚོས་བསམ་བློ་དང་བྱ་སྤྱོད་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་བྱེད་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པ་གཙོ་གནད་དུ་འཛིན་པ་རྒྱུན་འཁྱོངས་བྱས་ཏེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་བ་དང་། ཀྲུང་ཧྭ་མི་རིགས་ཀྱི་མཐུན་སྒྲིལ་ཆེན་པོ་སྲ་བརྟན་དང་འཕེལ་རྒྱས་གཏོང་དགོས།
ཀྲུང་གོ་གུང་ཁྲན་ཏང་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལས་དོན་གྱི་འགོ་ཁྲིད་སྲོག་ཤིང་ཡིན་ལ། རིགས་སོ་སོའི་མི་དམངས་ཀྱི་ཆེས་ཡིད་རྟོན་རུང་བའི་སྲོག་ཤིང་ཡང་ཡིན་པས། ཐོག་མཐའ་བར་གསུམ་དུ་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་དང་། མི་རིགས་སོ་སོས་མཐུན་སྒྲིལ་འབད་འཐབ་བྱེད་པའི་ཐུན་མོང་གི་བསམ་བློ་དང་ཆབ་སྲིད་ཀྱི་རྨང་གཞི་རྒྱུན་ཆད་མེད་པར་སྲ་བརྟན་དུ་གཏོང་དགོས། རིག་གནས་ཀྱི་ངོས་འཛིན་གཅིག་མཐུན་ནི་ཆེས་གཏིང་ཟབ་པའི་ངོས་འཛིན་གཅིག་མཐུན་ཡིན་ཞིང་། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྣེ་ཁྲིད་དུ་བྱེད་པ་དང་། རྒྱལ་གཅེས་རིང་ལུགས་དང་། ཐུན་མོང་རིང་ལུགས། སྤྱི་ཚོགས་རིང་ལུགས་བཅས་ཀྱི་སློབ་གསོ་གཏིང་ཟབ་ཏུ་གཏོང་བ། རིགས་སོ་སོའི་མང་ཚོགས་ལ་ཡང་དག་པའི་རྒྱལ་ཁབ་ཀྱི་ལྟ་བ་དང་། ལོ་རྒྱུས་ཀྱི་ལྟ་བ། མི་རིགས་ཀྱི་ལྟ་བ། རིག་གནས་ཀྱི་ལྟ་བ། ཆོས་ལུགས་ཀྱི་ལྟ་བ་བཅས་བརྟན་པོར་འཛུགས་པར་ཁྲིད་སྟོན་བྱེད་པ། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ལ་དབང་བའི་བསམ་པའི་ཁྱིམ་གཞིས་འཛུགས་པར་ཤུགས་སྣོན་པ་བཅས་བྱས་ནས། མི་རིགས་སོ་སོའི་སེམས་པ་གཅིག་ཏུ་སྒྲིལ་བ་དང་སྙིང་སྟོབས་གཅིག་ཏུ་བསྡུས་ཏེ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་པར་བསམ་པའི་རིག་གནས་ཀྱི་འདེགས་སྐྱོར་ཆེན་པོ་འདོན་སྤྲོད་བྱེད་དགོས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བ་དང་། མཉམ་དུ་ཕྱུག་པོར་འགྱུར་བ་མངོན་འགྱུར་བྱེད་པར་མི་རིགས་གཅིག་ཀྱང་མ་ལུས་པ་བྱས་ཏེ། མི་རིགས་ས་ཁུལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བ་དང་། མི་རིགས་སོ་སོ་མཉམ་དུ་ཕྱུག་པོར་འགྱུར་བར་སྐུལ་འདེད་ཏན་ཏིག་གཏོང་དགོས། ཡོངས་ཁྱབ་ཏུ་འགྲོ་འོང་དང་བརྗེ་རེས། མཉམ་འདྲེས་བཅས་བྱེད་པ་ནི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་བའི་ཐབས་ལམ་གལ་ཆེན་ཞིག་ཡིན་པས། མི་རིགས་སོ་སོ་ཕྱོགས་ཡོངས་ནས་མཉམ་འདྲེས་བྱེད་པར་སྐུལ་འདེད་གཏོང་བ་དང་། མི་རིགས་སོ་སོ་འགྲོ་འོང་དང་། བརྗེ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་ཆེན་པོ་གཏོང་བ། མི་རིགས་སོ་སོ་སེ་འབྲུ་ལྟར་དམ་པོར་འབྲེལ་བར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། བཅའ་ཁྲིམས་ཀྱི་མདུན་དུ་མི་རིགས་སོ་སོའི་སྤྱི་དམངས་ཡོངས་འདྲ་མཉམ་ཡིན་པས་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བ་དང་། ཁྲིམས་ལྟར་མི་རིགས་ལས་དོན་བཅོས་སྐྱོང་བྱས་ཏེ། མི་རིགས་ལས་དོན་བཅོས་སྐྱོང་གི་ནུས་པ་དང་ཆུ་ཚད་རྒྱུན་ཆད་མེད་པར་ཇེ་མཐོར་གཏོང་དགོས།
ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པར་མི་རིགས་སོ་སོས་ལག་གདང་སྦྲེལ་ནས་མཉམ་དུ་འབད་བརྩོན་བྱེད་དགོས། མ་འོངས་པར་ཁ་ཕྱོགས་ནས། ང་ཚོས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་སྔར་ལས་དམ་ཟབ་བྱས་ཏེ། ཀྲུང་གོའི་ཁྱད་ཆོས་ཀྱི་མི་རིགས་གནད་དོན་ཐག་གཅོད་བྱེད་པའི་བགྲོད་ལམ་ཡང་དག་ཐོག་བསྐྱོད་པ་རྒྱུན་འཁྱོངས་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་ལས་དོན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་བརྗིད་རྔམ་ལྡན་པའི་སྟོབས་ཤུགས་གཅིག་ཏུ་སྒྲིལ་དགོས། མི་རིགས་སོ་སོའི་མཐུན་སྒྲིལ་ཆེན་པོའི་ཀྲུང་གོ་འདི་ཉིད་ཕྱོགས་གང་དུ་བསྐྱོད་ཀྱང་མི་རྒྱལ་བ་མེད་པ་དང་། འོད་སྟོང་འབར་བའི་མ་འོངས་པ་ཡོད་ངེས་ཡིན་ཞིང་། ང་ཚོའི་བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་རྒྱལ་ཁའི་ངང་མངོན་འགྱུར་བྱེད་ཐུབ་པ་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་ཐུབ་ངེས་ཡིན།
སྒྲོལ་མ་སྐྱིད་ཀྱིས་བསྒྱུར།