ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་སྐོར་གླེང་བ།
རྒྱལ་ཁབ་བཅོས་སྐྱོང་བྱེད་ན་ཐོག་མར་ཏང་བཅོས་སྐྱོང་བྱེད་དགོས་ལ། ཏང་དར་ན་ད་གཟོད་རྒྱལ་ཁབ་དར། སྤྱོད་གཙང་དྲང་གཞག་གི་ཆབ་སྲིད་ཁོར་ཡུག་རྒྱུན་འཁྱོངས་བྱེད་པ་ནི། དར་ཆ་གསལ་སྒྲེང་གིས་ཆབ་སྲིད་གླེང་བ་དང་། ཏང་གི་ཕྱོགས་ཡོངས་འགོ་ཁྲིད་རྒྱུན་འཁྱོངས་དང་ཤུགས་སྣོན་པའི་དགོས་ངེས་ཀྱི་ཆ་རྐྱེན་ཡིན། ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པས“ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་ཐད་ནས་གྲུབ་འབྲས་གསར་པ་ལེན་པར་ཤུགས་སྣོན་པ་དང་། ཏང་གི་སློབ་སྦྱོང་སློབ་གསོ་རྒྱུན་རྣམ་ཅན་དང་ཡུན་ཕན་ཅན་ཡོང་བར་སྐུལ་འདེད་བྱས་ཏེ། སྲོལ་བཟང་སྤྱོད་གཙང་གི་ཆབ་སྲིད་ཁོར་ཡུག་བསྐྲུན་དགོས་པ”དང“‘སྲུང་སྐྱོང་གཉིས’མཐའ་གཅིག་ཏུ་སྒྲུབ་ཐུབ་པ་རྩ་བར་བྱས་ཏེ། ཏང་འཛུགས་སྐྲུན་ཁྱབ་ཁོངས་ཀྱི་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་དགོས་པ”ནན་གྱིས་བསྟན་ཡོད། ཏང་གི་འགོ་ཁྲིད་ནི་བཅོས་བསྒྱུར་སྔར་ལས་ཟབ་སྤེལ་བྱེད་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལག་ལེན་ལ་སྐུལ་འདེད་བྱེད་པའི་རྩ་བའི་འགན་ལེན་ཡིན། ང་ཚོས་ཚང་འཛོམས་གྲོས་ཚོགས་ཀྱི་བཀོད་སྒྲིག་ལྟར། ཏང་གི་རང་ངོས་གསར་བརྗེ་ཡིས་སྤྱི་ཚོགས་གསར་བརྗེ་ལ་སྣེ་ཁྲིད་པའི་ཚད་མཐོའི་རང་རྟོགས་རྒྱུན་འཁྱོངས་དང་། གསར་བརྗེ་ཡི་སྙིང་སྟོབས་དང་གཟབ་ནན་གྱི་ཚད་གཞི་ཡིས་ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་བྱེད་པ་རྒྱུན་འཁྱོངས་དང་། “ལས་བྱེད་པས་བསྒྲུབ་དགོས་པ་དང་། བསམ་ཕྱོགས་གསལ་དགོས་པ། རང་གཅུན་དམ་དགོས་པ”བཅས་ལ་རྒྱུན་མཐུད་ནས་སྐུལ་འདེད་བཏང་སྟེ། ཏང་ཡོན་དང་ལས་བྱེད་པས་འགན་འཁྲི་གསར་པ་དང་བྱས་རྗེས་གསར་པ་འཇོག་པར་སྔར་ལས་སྐུལ་འདེད་དང་སྐུལ་སློང་བྱེད་དགོས། ཏང་གི་ཕྱོགས་ཡོངས་ནས་སྔར་ལས་བཅོས་བསྒྱུར་ཟབ་སྤེལ་བྱེད་པར་འགོ་ཁྲིད་པར་ཤུགས་སྣོན་དང་། ཏང་འཛུགས་སྐྲུན་གྱི་ལམ་ལུགས་ལམ་སྲོལ་འཐུས་ཚང་དུ་གཏོང་བ། ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་སུངས་ལ་རྒོལ་བའི་འཐབ་རྩོད་ལ་གཏིང་ཟབ་སྒོས་སྐུལ་འདེད་གཏོང་བ། སྲོལ་བཟང་སྤྱོད་གཙང་གི་ཆབ་སྲིད་སྐྱེ་ཁམས་ཀྱིས་སྣེ་ཁྲིད་དེ་སྤྱོད་ཚུལ་ལེགས་པོའི་སྤྱི་ཚོགས་ཀྱི་སྐྱེ་ཁམས་གྲུབ་ཏུ་འཇུག་པ། ཕྱོགས་སོ་སོའི་བརྩོན་སེམས་སྐུལ་སྤེལ་ཅི་ཐུབ་བྱེད་པ། བཅོས་བསྒྱུར་འཕེལ་རྒྱས་ལས་འགན་གྱི་རྩ་འཛུགས་ལག་བསྟར་ཤུགས་ཆེན་པོས་ནན་འཛིན་བྱེད་པ་བཅས་ཀྱིས། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་མཚོ་སྔོན་ནས་དོན་འཁྱོལ་དང་ཕན་འབྲས་མངོན་པར་ཁག་ཐེག་བྱེད་དགོས།
ཅི་ཞིག་བཅོས་བསྒྱུར་བྱེད་པ་དང་། བཅོས་བསྒྱུར་བྱས་ནས་ཚད་གང་ལ་ཐོན་ཡང་། ཚང་མར་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་བྱེད་དགོས། འདི་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྒྱུན་པར་ནན་སྐུལ་བྱེད་པའི་བརྟག་ཐབས་སྨྲ་བ་གཙོ་བོ་ཡིན། ཆབ་སྲིད་ཁོར་ཡུག་དྭངས་གཙང་དང་སྲོལ་བཟང་སྤྱོད་གཙང་གི་ཆབ་སྲིད་ཁོར་ཡུག་རྒྱུན་འཁྱོངས་བྱེད་པ་ནི་ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་འགན་འཁྲི་གཙོ་བོ་ཡིན་ལ། འཕེལ་རྒྱས་ཀྱི་གནས་སྟངས་ལེགས་པོ་རྒྱུན་འཁྱོངས་བྱེད་པའི་རྨང་གཞི་གཙོ་བོ་དང་། བཅོས་བསྒྱུར་དང་འཕེལ་རྒྱས་ཀྱི་དམིགས་འབེན་བདེ་ལེགས་ངང་མངོན་འགྱུར་བྱེད་པའི་འགན་སྲུང་གལ་ཆེན་ཡང་ཡིན་པ་ལག་ལེན་ལས་ར་སྤྲོད་གང་ལེགས་བྱས་ཡོད། མིག་སྔར་དང་མ་འོངས་པའི་དུས་སྐབས་ནི། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་གནད་འགག་གི་དུས་རིམ་ཡིན་པས། དུས་རབས་ཀྱི་འཕེལ་ཕྱོགས་ཆེན་པོ་དང་མཐུན་པ་དང་། འཕེལ་རྒྱས་ཀྱི་ཆོས་ཉིད་དང་མཐུན་པ། མཚོ་སྔོན་གྱི་དོན་དངོས་དང་མཐུན་པ། རྒྱལ་ཁབ་ཀྱི་སྤྱི་ཡོངས་ལ་ཞབས་ཞུ་སྒྲུབ་པ་བཅས་ཀྱི་བཅོས་བསྒྱུར་འཕེལ་རྒྱས་ཀྱི་བགྲོད་ལམ་དུ་བསྐྱོད་པ་དང་། ཆེས་གལ་ཆེ་བ་ནི“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་། “འདུ་ཤེས་བཞི”ཇེ་དྲག་དང་།“རང་རྟོན་བཞི”ཇེ་བརྟན། “སྲུང་སྐྱོང་གཉིས”བསྒྲུབ་ཐུབ་པ་བཅས་བྱེད་པ་དང་། རང་འགུལ་གྱིས་བསམ་བློ་དང་ཆབ་སྲིད། འགུལ་སྐྱོད་བཅས་ཀྱི་ཐད་ནས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་བྱེད་པ་དང་། ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་རྒྱུན་འཁྱོངས་དང་། ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་བསྡུས་གཅིག་གྱུར་གྱི་འགོ་ཁྲིད་བློ་བརྟན་འགྱུར་མེད་ཀྱིས་སྲུང་སྐྱོང་བྱེད་པ། ཏང་གིས་ཁྱོན་ཡོངས་སྤྱི་འདོམས་དང་ཕྱོགས་ཡོངས་མཐུན་སྦྱོར་བྱེད་པའི་འགོ་ཁྲིད་ཀྱི་སྲོག་ཤིང་བྱེད་ནུས་འདོན་སྤེལ་དང་། ཏང་གི་འགོ་ཁྲིད་བཅོས་བསྒྱུར་གྱི་ཕྱོགས་སོ་སོ་དང་གོ་རིམ་ཡོངས་ལ་ཁྱབ་པར་བྱེད་པ་བཅས་ཀྱིས། བཅོས་བསྒྱུར་ནམ་ཡང་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་དེད་ནས་མདུན་དུ་བསྐྱོད་པར་ཁག་ཐེག་བྱེད་དགོས།
ཏང་གི་སྔོན་སྐྱོད་རང་བཞིན་དང་ལྷད་མེད་རང་བཞིན་ནམ་ཡང་རྒྱུན་འཁྱོངས་བྱེད་དགོས་ན། གཅིག་བསྡུས་རང་བཞིན་གྱི་སྒོ་ནས་གད་བདར་དང་གཙང་འཁྲུད་བྱེད་རྒྱུ་ནི་ཧ་ཅང་དགོས་ངེས་ཆེ་བ་ཞིག་ཡིན་མོད། འོན་ཀྱང་ཡུན་རིང་གི་འཆར་འགོད་ནི་སྔར་བཞིན་བཅོས་བསྒྱུར་དང་ལམ་ལུགས་ལ་བརྟེན་དགོས། ཏང་གི་འཛུགས་སྐྲུན་ལམ་ལུགས་བཅོས་བསྒྱུར་ནི་ཕྱོགས་ཡོངས་ནས་བཅོས་བསྒྱུར་ཟབ་སྤེལ་བྱེད་པའི་ནང་དོན་གལ་ཆེན་ཡིན་ལ། འགན་སྲུང་གལ་ཆེན་ཡང་ཡིན། ཏང་གི་འཛུགས་སྐྲུན་ལམ་ལུགས་བཅོས་བསྒྱུར་གཏིང་ཟབ་བྱེད་པར། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བར་བཏོན་པའི་བླང་བྱ་གལ་ཆེན་ངེས་པར་ཏན་ཏིག་སྒོས་དོན་འཁྱོལ་བྱེད་པ་དང་། རིག་ལམ་གསལ་པོ་དང་འགན་འཁྲི་མངོན་གསལ། སེམས་ཤུགས་བརྟན་པོ་བཅས་ཀྱིས། བཅོས་བསྒྱུར་གྱི་ཇུས་གཞི་དང་བྱེད་ཐབས་ཅི་ནུས་ཀྱིས་ཕྱོགས་ཡོངས་ལ་ཁྱབ་པ་དང་ཚན་རིག་དང་མཐུན་པར་སྐུལ་འདེད་བྱེད་པ་དང་། ཚད་གཞི་ཆེས་ཆེ་བའི་སྒོ་ནས་བཅོས་བསྒྱུར་གྱི་ཐུན་མོང་འདུ་ཤེས་གཅིག་སྡུད་དང་བཅོས་བསྒྱུར་གྱི་གསོན་ཤུགས་སྐུལ་སྤེལ། བཅོས་བསྒྱུར་གྱིས་ལག་ལེན་དང་མི་དམངས། ལོ་རྒྱུས་བཅས་ཀྱི་བརྟག་ཞིབ་ཉམས་སད་ཐེག་ཐུབ་པར་ཁག་ཐེག་བྱེད་དགོས་པའི་བླང་བྱ་བཏོན་ཡོད། ང་ཚོས་ཁྱད་དབང་གི་བསམ་བློ་དང་ཁྱད་དབང་གི་བྱ་སྤྱོད་མཐའ་གཅིག་ཏུ་གཏོར་བ་དང་། རུལ་སུངས་མི་ཕོད་པ་དང་རུལ་སུངས་མི་རུང་བ། རུལ་སུངས་མི་འདོད་པའི་བྱ་བའི་ལམ་སྲོལ་འཐུས་ཚང་ཡོང་བར་གཞི་གཅིག་ཏུ་སྐུལ་འདེད་གཏོང་བ། གཙོ་གནད་ཁྱབ་ཁོངས་ཀྱི་རུལ་སུངས་གནད་དོན་དང་མང་ཚོགས་ཉེ་འགྲམ་གྱི་སྤྱོད་ངན་ཚུལ་ངན་གཏིང་ཟབ་སྒོས་ལེགས་བཅོས་བྱེད་དགོས་པའི་བླང་བྱ་བཏོན་ཡོད། ང་ཚོས་ཡང་དག་པའི་ཆབ་སྲིད་ཀྱི་གྲུབ་འབྲས་ལྟ་བ་འཛུགས་པ་དང་ལག་བསྟར་བྱེད་པ། ཆབ་སྲིད་ཀྱི་གྲུབ་འབྲས་ལྟ་བར་ནོར་འཛོལ་འབྱུང་བ་སྔོན་འགོག་དང་ཡོ་བསྲང་བྱེད་པའི་བྱ་བའི་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། སློབ་གསོའི་གསོ་སྦྱོང་དང་ཁྲིད་ཕྱོགས་མངོན་གསལ་འཛུགས་པ། དཔྱད་འཇོག་དཔྱད་འདེམས་འཐུས་ཚང་དུ་གཏོང་བ། ལྟ་ཞིབ་འགན་འཁྲི་གཟབ་ནན་བྱེད་པ་བཅས་ཀྱི་ཐད་ཕྱོགས་བསྡུས་ཐབས་ཇུས་བཀོལ་བར་ཤུགས་སྣོན་པ་དང་། རྨང་གཞི་སྲ་བརྟན་དུ་བཏང་ནས་ཡུན་རིང་ལ་ཕན་པའི་བྱ་བ་དངོས་གནས་ནན་འཛིན་བྱེད་དགོས་པའི་བླང་བྱ་བཏོན་ཡོད། ང་ཚོས་གཞི་རིམ་ཏང་རྩ་འཛུགས་ཀྱི་ཆབ་སྲིད་བྱེད་ནུས་དང་རྩ་འཛུགས་བྱེད་ནུས་ཇེ་དྲག་ཏུ་གཏོང་བ་དམ་དུ་འཛིན་པ་དང་། རྨང་བརྟན་རྩ་བརྟན་གྱི་ཆབ་སྲིད་འགན་འཁྲི་ནན་འཛིན་དང་། གཞི་རིམ་ཏང་རྩ་འཛུགས་འཐུས་ཚང་དང་སྟོབས་ལྡན་གཏོང་བར་ཤུགས་སྣོན་པ། གཞི་རིམ་ཏང་འཛུགས་སྐྲུན་གྱི“གཅིག་ཅན་དྲུག”གི་བྱ་བའི་བླང་བྱ་དོན་འཁྱོལ་དང་། གཞི་རིམ་ཏང་འཛུགས་སྐྲུན་གྱི་བྱ་བའི་ཕན་འབྲས་ཕྱོགས་ཡོངས་ནས་མཐོར་འདེགས་གཏོང་དགོས་པའི་བླང་བྱ་བཏོན་ཡོད། ང་ཚོས་འཐབ་རྩོད་བྱེད་ཕོད་པ་དང་། འཐབ་རྩོད་བྱེད་མཁས་པ། འཐབ་རྩོད་ཀྱི་སྙིང་སྟོབས་དྲག་པོས་བཅོས་བསྒྱུར་ལ་སྐུལ་འདེད་དང་། བཅོས་བསྒྱུར་གསར་གཏོད་ལ་བརྟེན་ནས་ལས་དོན་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཕྱེ་བ་དང་། དོན་དག་རང་ལ་འབྲེལ་བ་མེད་ན་རྒྱང་དུ་གཡུགས་པ་དང་མི་འགྲིག་པ་ཤེས་ཀྱང་ཁ་མི་གྲག་པའི་ཐ་མལ་རིག་པ་དང་མི་བཟང་རིང་ལུགས་ལ་མཐའ་གཅིག་ཏུ་ངོ་རྒོལ་དང་། མང་ཚོགས་ཀྱི་རེ་འདུན་དང་འགལ་ཞིང་མང་ཚོགས་ཀྱི་ཁེ་ཕན་ལ་གནོད་པའི་བྱ་སྤྱོད་མཐའ་གཅིག་ཏུ་ལེགས་བཅོས་དང་། “ཕྱོགས་གཉིས་མ”དང“ངོ་གཉིས་མ”ལ་མཐའ་གཅིག་ཏུ་ངོ་རྒོལ། ཏང་གཤིས་དྲག་པོས་བསམ་བློར་སྟོབས་ཤུགས་བསྩོལ་བ་དང་གཤིས་རྒྱུད་སྦྱོང་བརྡར་བྱེད་པ། འབད་བརྩོན་ཆེན་པོས་བཅོས་བསྒྱུར་ལ་བྱས་རྗེས་འཇོག་པ་བཅས་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལག་ལེན་སྤེལ་བར་ཤུགས་ཆེན་པོས་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན་ཡོད།
རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།