
སྟོན་དུས་ཀྱི་མཐོ་སྒང་ནམ་མཁའ་སྔོ་ཐིང་ཐིང་དུ་གྱུར་པ་དང་སྤྲིན་པ་དཀར་གཙང་སྲིང་བལ་དང་འདྲ་ལ་ཡུལ་ལྗོངས་སྙན་ངག་དང་རི་མོ་ལྟར་མཛེས། རྩྭ་ཐང་གི་ཁོང་གསེང་དུ་འཚོ་བ་རོལ་བཞིན་པའི་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་པད་མ་རྫོང་སེ་ལེ་ཐང་གྲོང་རྡལ་པད་ནག་སྡེ་བའི་སྡེ་མི་ཚེ་རིང་ཐར་གྱིས་དགོང་ཟས་ཟོས་རྗེས་ནམ་རྒྱུན་ལྟར་སྒྲ་སྡུད་འཕྲུལ་འཁོར་གྱི་ཁ་ཕྱེ་ནས་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ལས་ཁུངས་ཀྱི་བོད་སྐད་རླུང་འཕྲིན་ལ་ཉན་པ་ནི་ཁོའི་ལོ་བཅུ་ལྷག་ཙམ་རིང་འགྱུར་བ་མེད་པའི་གོམས་གཤིས་ཤིག་ཏུ་གྱུར་ཡོད།
ཏང་གི་གསུང་སྒྲ་གངས་ལྗོངས་མཐོ་སྒང་དུ་བསྒྲགས་ཐུབ་པ་དང་མི་རིགས་མཐུན་སྒྲིལ་གྱི་ས་བོན་རི་ཀླུང་དང་རྩྭ་ཐང་དུ་ཁྱབ་ཐུབ་པ་བྱུང་བ་དེར་མི་སྐོར་གཅིག་གིས་མངོན་མེད་གྲགས་མེད་པར་བརྟན་སྲུང་བྱེད་ཀྱིན་ཡོད། ཁོ་ཚོས་ཏང་གི་ཆབ་སྲིད་འཛུགས་སྐྱོང་སྤྱི་འདོམས་སུ་བྱེད་པ་དང་སྤུས་ཚད་འགག་སྒྲོལ་སྒུལ་ཤུགས་སུ་བྱེད་པ། རྩ་འཛུགས་ཀྱི་སྟོབས་ཤུགས་ཆེ་རུ་གཏོང་རྒྱུ་གཙོ་གནད་དུ་བྱས་ཏེ་བོད་སྐད་ཀྱི་གསར་འགྱུར་དྲིལ་བསྒྲགས་བྱ་གཞག་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུར་ཤུགས་སྣོན་བྱས་ནས་བྱ་སྤྱོད་ངོ་མའི་ཐོག་ནས་དུས་རབས་གསར་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་ལྷག་བསམ་རྣམ་དག་གི་ལག་ལེན་པ་ཞིག་བྱེད་བཞིན་ཡོད། ཚོགས་ཁག་དེ་ནི་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ལས་ཁུངས་ཀྱི་བོད་སྐད་རླུང་འཕྲིན་རེད།
ཐབས་མང་མཉམ་སྤྱོད་ཀྱིས་ཏང་གི་གསུང་སྒྲ་བརྒྱུད་བསྒྲགས་བྱེད་པར་འགོར་འགྱངས་མེད་པར་བྱས།
ཟླ10ཚེས9ཉིན་གྱི་དགོང་མོའི་ཆུ་ཚོད19ཡོལ་ཙམ་ལ་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ལས་ཁུངས་ཀྱི་བོད་སྐད་རླུང་འཕྲིན་གྱི་ཉིན་དེའི<<གསར་འགྱུར་མཉམ་སྒྲོག>>ལེ་ཚན་དུ། སྙན་སྒྲོན་པ་ཤ་བོ་གསེར་མཚོ་ཡིས་དྭངས་གཙང་ལྷད་མེད་ཀྱི་སྐད་ངག་དང་བོད་སྐད་དག་མའི་ལམ་ནས་བཤད་རྒྱུར། གཤམ་དུ་ཁྱེད་ལ་སྒྲ་ཕབ་ཀྱི་གནས་ཚུལ་ཏེ་བྱིས་པའི་ལྷད་མེད་ཀྱི་སེམས་སུ་མཐུན་སྒྲིལ་གྱི་སེ་འབྲུའི་ས་བོན་བཏབ་ཞེས་པ་གཏོང་རྒྱུ་ཡིན། མཚོ་སྔོན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཞིན་ཧེ་རྫོང་ལྟེ་བའི་བུ་བཅོལ་ཁང་དུ་རྒྱ་རིགས་དང་། བོད་རིགས། ཧོས་རིགས། ཏུང་ཞང་རིགས་བཅས་ཀྱི་རིགས་སོ་སོའི་བྱིས་པ་དག་ནི་འོད་དུ་འཚེར་བའི་སྐར་མ་ཆུང་ཆུང་དག་དང་འདྲ་བར་སྣ་མང་རིག་གནས་ཀྱི་མཁའ་ཁོངས་དེ་མཛེས་པར་རྒྱན་ཡོད། ཁོང་ཚོ་ཆུང་དུས་ནས་མཉམ་དུ་རྩེད་མོ་རྩེ་བ་དང་མཉམ་དུ་སློབ་སྦྱོང་བྱེད་པ། མཉམ་དུ་འཚོ་བ་རོལ་བ། མཉམ་དུ་འཚར་ལོངས་འབྱུང་བཞིན་ཡོད་ལ། སེ་འབྲུའི་འབྲུ་གུ་ལྟར་ཕན་ཚུན་དམ་པོར་འབྲེལ་ཡོད་ཅེས་སྒྲོག་བཞིན་ཡོད།
མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ལས་ཁུངས་བོད་སྐད་རླུང་འཕྲིན་གྱི་སྤྱི་ཁྱབ་ལྟ་སྐུལ་པ་དབང་གྲགས་ཚེ་རིང་གིས་བཤད་རྒྱུར། བོད་སྐད་རླུང་འཕྲིན་གྱིས་ཐོག་མཐའ་བར་གསུམ་དུ་ཏང་དང་སྲིད་གཞུང་གི་བླང་བྱ་དང་ལེན་ཧུར་ཐག་ཞུས་ནས་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་སྟེ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སྐད་སྒྲ་མཐོ་སྒང་གི་གྲུ་ཟུར་རེ་རེར་ཁྱབ་པར་བྱས་ཡོད། ང་ཚོས་ལོ་རེར་གཏོང་བཞིན་པའི་འབྲེལ་ཡོད་གསར་འགྱུར་གྱིས་བོད་སྐད་རླུང་འཕྲིན་གྱི་ལོ་ཧྲིལ་པོའི་གསར་འགྱུར་ཁྲི་ཕྲག་ཁ་ཤས་ཀྱི་གསུམ་ཆའི་གཅིག་ཡན་ཟིན་ཡོདཟེར།
མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ལས་ཁུངས་ཀྱི་བོད་སྐད་རླུང་འཕྲིན་ནི་ཀྲུང་གོ་གསར་པ་དབུ་བརྙེས་རྗེས་ཆེས་སྔ་མོར་བཙུགས་པའི་ཞིང་ཆེན་རིམ་པའི་བོད་སྐད་རླུང་འཕྲིན་ཡིན་ལ། ཨ་མདོའི་ཡུལ་སྐད་སྤྱད་དེ་རྒྱང་སྒྲོག་བྱེད་པའི་ཞིང་ཆེན་རིམ་པའི་རླུང་འཕྲིན་གཅིག་པུའང་ཡིན། ལེ་ཚན་རིགས་སྣ16ཡོད་པ་དང་ཉིན་ཧྲིལ་པོར་ཆུ་ཚོད17དང་སྐར་མ10ལ་སྒྲ་གཏོང་བཞིན་ཡོད་ཅིང་། མཚོ་སྔོན་དང་། བོད་ལྗོངས། ཀན་སུའུ། སི་ཁྲོན། ཡུན་ནན་བཅས་ཞིང་ཆེན་དང་རང་སྐྱོང་ལྗོངས་ལྔའི་ཉན་མཁན་ས་ཡ་གསུམ་ལྷག་ལ་ཁེབས་ཡོད་པ་དང་། དེས་རྒྱལ་ཡོངས་ཀྱི་བོད་རིགས་སྤྱིའི་མི་གྲངས་ཀྱི་ཕྱེད་ཀའི་ཡན་ཟིན་ཡོད།
བོད་སྐད་རླུང་འཕྲིན་གཏོང་འགོ་ཚུགས་ནས་ལོ72འགོར་བའི་རིང་ལ། ཐོག་མཐའ་བར་གསུམ་དུ་ཏང་གི་མི་རིགས་སྐད་ཡིག་སྨྱན་སྦྱོར་གྱི་འགན་འཁྲི་དང་ལས་འགན་ལྷག་བསམ་རྣམ་དག་ངང་ལག་བསྟར་བྱས་ཤིང་། བློ་བརྟན་འགྱུར་མེད་ངང་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་དེ་གསར་འགྱུར་དྲིལ་བསྒྲགས་ལས་དོན་གྱི་ས་ཁོངས་ཡོངས་དང་བརྒྱུད་རིམ་ཧྲིལ་བོར་བརྒྱུས་ཏེ། མཉམ་མྱོང་བཞིའི་ཐུན་མོང་ཚོགས་པའི་འདུ་ཤེས་དེ་གཙང་གསུམ་འབྱུང་ཡུལ་གྱི་རིགས་སོ་སོའི་བུ་དང་བུ་མོའི་སེམས་ཁོང་དུ་ཟུག་པར་བྱས། སྔ་རྗེས་སུ་རྒྱལ་ཡོངས་རྒྱང་སྒྲོག་གློག་བརྙན་བརྙན་འཕྲིན་ཁོངས་གཏོགས་ཀྱི་སྔོན་ཐོན་ཐུན་མོང་དང་། མཚོ་སྔོན་ཞིང་ཆེན་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སྔོན་ཐོན་ཐུན་མོང་སོགས་ཀྱི་མཚན་སྙན་ཐོབ་པ་དང་། བརྩམས་ཆོས30ཙམ་ལ་ཞིང་ཆེན་དང་པུའུ་རིམ་པ་ཡན་གྱི་བྱ་དགའ་ཐོབ་ཡོད།
མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ལས་ཁུངས་བོད་སྐད་རླུང་འཕྲིན་གྱི་སྤྱི་ཁྱབ་ལྟ་སྐུལ་པ་གཞོན་པ་ཕྱུག་ལོ་ཡིས་བཤད་རྒྱུར། བོད་སྐད་རླུང་འཕྲིན་གཏོང་འགོ་ཚུགས་པའི་ཚུན་ལ། བོད་སྐད་རླུང་འཕྲིན་གྱིས་ཐོག་མཐའ་བར་གསུམ་དུ་ཏང་གི་གཞུང་ལུགས་དང་ལམ་ཐིག བྱེད་ཕྱོགས། སྲིད་ཇུས་བཅས་དྲིལ་སྒྲོག་བྱེད་སའི་གཡུལ་ས་གསར་བསྐྲུན་བྱས་ཏེ། གཙོ་འཛིན་དགོངས་པ་དྲིལ་སྒྲོག་བྱེད་པ་དང་ཏང་ཀྲུང་དབྱང་གི་གསུང་སྒྲ་དྲིལ་སྒྲོག་བྱེད་པར་འགོར་འགྱངས་མི་བྱེད་པར་འབད་བརྩོན་བྱས། 2022ལོའི་ཟླ10པར། འཛམ་གླིང་ཡོངས་ཀྱིས་དོ་སྣང་བྱེད་པའི་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་པེ་ཅིང་ནས་གཟབ་རྒྱས་ངང་འཚོགས། ཚོགས་ཆེན་དེའི་དྲིལ་སྒྲོག་བྱ་བ་བཟང་བོར་བསྒྲུབས་ཆེད། བོད་སྐད་རླུང་འཕྲིན་གྱི་ལས་བྱེད་པ་དག་གིས་མྱུར་མོར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ཡང་དག་པར་ལོ་ཙཱ་བྱས་པ་དང་། སྒྲ་ལྡན་དང་གཟུགས་ལྡན་གསར་འགྱུར་དུས་མཉམ་དུ་སྤེལ་བར་མཉམ་དུ་ཤུགས་འདོན་བྱས། ཉིན་དེར་ཚོགས་ཆེན་གྱི་དགོངས་དོན་གངས་ལྗོངས་མཐོ་སྒང་གི་ཁྱིམ་ཚང་ཁྲི་སྟོང་མང་པོར་ཡང་དག་པར་བརྒྱུད་སྒྲོག་བྱས་པ་རེད། དེའི་རྗེས་སུ་དྲ་ཐོག་ལས་སྟེགས་ཀྱིས་དུས་ཐོག་ཏུ་རྗེས་སྙེགས་བྱས་ཏེ<<ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུ་སློབ་སྦྱོང་ཟུར་ཁྲིད་ཀྱི་དྲིས་ལན་བརྒྱ་པ>>ཞེས་པའི་ཡིག་འབྲུ་ཁྲི33བསྟུད་མར་ཡིག་སྒྱུར་བྱས་པ་དང་ལྟ་ཀློག་བྱེད་ཚད་མི་ཐེངས་ཁྲི100ལས་བརྒལ་ནས་བོད་སྐད་རླུང་འཕྲིན་གྱི་གཙོ་རྒྱུན་གླེང་ཕྱོགས་དྲིལ་སྒྲོག་གི་ལས་ཆོད་རང་བཞིན་དང་ཤུགས་རྐྱེན་ཇེ་ཆེར་བཏང་ཡོད། སྐབས་ཐོག་དེར་ལས་སྣོན་བྱས་ནས་གསར་འགྱུར་ལོ་ཙཱ་བྱས་ན་དཀའ་ཁག་ཡོད་རུང་། ཏང་གི་གསར་འགྱུར་བྱ་བ་བྱེད་མཁན་ཞིག་ཡིན་པའི་ངོས་ནས་ཏང་དང་རྒྱལ་ཁབ་ཀྱི་གསུང་སྒྲ་བཟང་པོ་དུས་ཐོག་ཏུ་མི་དམངས་མང་ཚོགས་ཚང་མར་བརྒྱུད་སྒྲོག་བྱེད་དགོས་པ་དང་། ལྷག་པར་དུ་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་བ་དང་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་དྲིལ་བསྒྲགས་ཁྲིད་སྟོན་བྱ་བ་བཟང་བོར་བསྒྲུབས་ཏེ། དུས་རབས་གསར་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་བསམ་པ་རྣམ་དག་གི་ལག་ལེན་པ་ཞིག་བྱེད་དགོས་ཟེར།
ཕྱོགས་མང་བོར་གྲུབ་འབྲས་བླངས་ནས་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་དར་སྤེལ་བཏང་།
ལོ་ངོ70ལྷག་གི་རིང་ལ། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ལས་ཁུངས་ཀྱི་བོད་སྐད་རླུང་འཕྲིན་གྱི་གློག་རླབས་མཚོ་བོད་མཐོ་སྒང་གི་ཕྱི་ནང་ཀུན་ཏུ་བར་མེད་དུ་གྲགས་བཞིན་ཡོད། 1986ལོར་བོད་སྐད་རླུང་འཕྲིན་གྱིས་སྔོན་ཆད་ཀྱི་ལོ་ཙཱ་དང་བཅར་འདྲིའི་རྣམ་པ་གཅིག་རྐྱང་དེར་བཅོས་བསྒྱུར་བྱས་ནས། ལོ་ཙཱ་དང་རྩོམ་སྒྲིག བཅར་འདྲི་བཅས་ཀྱི་རིམ་པ་འཕར་བ་མངོན་འགྱུར་བྱས། 2003ལོར་བོད་སྐད་རླུང་འཕྲིན་གྱིས་བདེ་བླག་ངང་ཐོག་དང་པོར་རིག་རྩལ་དགོང་ཚོགས་ཕྱི་རོལ་དུ་ཐད་གཏོང་བྱས་པ་དང་། 2004ལོར་མཚོ་སྔོན་གྱི་བོད་སྐད་རླུང་འཕྲིན་དྲ་ཚིགས་བཙུགས་ནས་རྒྱལ་ཡོངས་ཀྱི་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་གྱི་དྲ་ཚིགས་དང་པོར་གྱུར། 2006ལོར་བོད་སྐད་རླུང་འཕྲིན་ལེ་ཚན་དེ་ཨེ་ཤ་ཡའི་འཁོར་སྐར་ཨང6པ་བརྒྱུད་དེ་བརྡ་རྟགས་བོད་འབྲེལ་གྱི་ཞིང་ཆེན་དང་རང་སྐྱོང་ལྗོངས་ལྔ་དང་ཐ་ན་ཨེ་ཤ་ཡའི་ས་ཁུལ་ཧྲིལ་བོར་ཁྱབ་པ་བྱུང་། མཚོ་སྔོན་བོད་འབྲེལ་གྱི་ཁུལ་དང་རྫོང30ནས་བོད་སྐད་རླུང་འཕྲིན་འཕྲིན་ལམ་བརྒྱུད་གཏོང་བྱས། 2018ལོར་བོད་སྐད་རླུང་འཕྲིན་གཞུང་ཕྱོགས་ཀྱི་སྐད་འཕྲིན་སྤྱི་རྟགས་ཤར་གཏོང་ཐུབ་པ་དང་། 2020ལོར་གཟུགས་ལྡན་རླུང་འཕྲིན(See·FM) དང་བོད་སྐད་རླུང་འཕྲིན་གཞུང་ཕྱོགས་ཀྱི་འཁྱུག་དབྱངས་ཨང་རྟགས་ཤར་གཏོང་ཐུབ་པ་དང་། 2021ལོར་བོད་སྐད་རླུང་འཕྲིན་གཞུང་ཕྱོགས་ཀྱི་བརྙན་རིས་ཨང་རྟགས་ཤར་གཏོང་ཐུབ་པ་བྱུང་། དེ་ལྟར་མཚོ་སྔོན་བོད་སྐད་རླུང་འཕྲིན་གྱིས་རླབས་འབྲིང་དང་། རླབས་ཐུང་། འཕྲིན་ལམ་བཅས་ལ་བརྟེན་ནས་ལེ་ཚན་བརྒྱུད་གཏོང་བྱས་པའི་རྨང་གཞིའི་ཐོག་མཉམ་འདྲེས་སྨྱན་སྦྱོར་ལ་བརྟེན་ནས་དྲ་ཐོག་བརྙན་ལམ་དང་། དུས་མཉམ་ཐད་གཏོང་། དྲ་ཚིགས་ཨང་སྒྲིག་བཅས་རྒྱལ་སྤྱི་ཅན་དུ་བསྒྱུར་བ་མངོན་འགྱུར་བྱུང་།
མཚོ་སྔོན་བོད་སྐད་རླུང་འཕྲིན་གྱིས་རང་གི་ཐུན་མོང་མ་ཡིན་པའི་ཤུགས་རྐྱེན་དང་གསོན་ཤུགས་ཆེན་པོར་བརྟེན་ནས་རྒྱལ་ཁབ་ཕྱི་ནང་གི་བོད་རིགས་སྤུན་ཟླར་དུས་ལྟར་ཏང་དང་སྲིད་གཞུང་གི་གསུང་སྒྲ་བརྒྱུད་གཏོང་དང་མེས་རྒྱལ་མི་དམངས་ཀྱི་སེམས་སྒྲ་བརྒྱུད་སྒྲོག་བྱེད་པའི་ཐད་ཚབ་བྱེད་ཐབས་བྲལ་བའི་འགག་རྩའི་ནུས་པ་འདོན་སྤེལ་བྱེད་བཞིན་ཡོད། དབང་གྲགས་ཚེ་རིང་གིས་མཚམས་སྦྱོར་བྱས་དོན། ཉེ་བའི་ལོ་འགའི་རིང་། བོད་སྐད་རླུང་འཕྲིན་གྱིས་ཀྲུང་དབྱང་རྒྱང་སྒྲོག་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱི་མི་རིགས་སྐད་ཡིག་ལྟེ་གནས་དང་ཀན་སུའུ། སི་ཁྲོན། ཡུན་ནན་བཅས་ཀྱི་རྒྱང་སྒྲོག་བརྙན་འཕྲིན་ལས་ཁུངས་དང་མཉམ་འབྲེལ་བྱས་ཏེ་ས་ཁོངས་བརྒལ་བའི་སྨྱན་སྦྱོར་ཡོངས་ཀྱི་མཉམ་འབྲེལ་བཅར་འདྲིའི་བྱ་འགུལ་ཆེ་གྲས་ཐེངས་བཅུ་ལྷག་ཙམ་སྤེལ་ནས། <<ལོ་རྒྱུས་ཀྱི་འཕོ་འགྱུར་ལས་བོད་འབྲེལ་ས་ཁུལ་འཕེལ་རྒྱས་གླེང་བ>>དང<<གངས་ལྗོངས་ཀྱི་བཞུད་ལམ་གསར་པ>>།<<ཤེས་དཔལ་གྱི་ལམ། བདེ་སྐྱིད་ཀྱི་གཏམ>>སོགས་ཕུལ་བྱུང་ལེ་ཚན་སྐོར་ཞིག་སེམས་ཞིབ་མོས་གསར་གཏོད་བྱས་ཤིང་། རྒྱལ་གཅེས་ཆོས་གཅེས་ཀྱི་དཔེ་མཚོན་དྲིལ་སྒྲོག་ཤུགས་ཆེན་བྱེད་པ་དང"མི་རིགས་མཐུན་སྒྲིལ་གྱི་སློབ་གསོ་སློབ་གྲྭར་བསྐྱོད་པ"སོགས་སྤྱི་ཚོགས་ཀྱི་བྱེད་སྒོ་སྤེལ་ནས། ཕྱོགས་ཡོངས་དང་གཏིང་ཟབ་ལ་མཐོང་རྒྱ་ཆེ་བའི་ལམ་ནས་མཐོ་སྒང་གི་མི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ཀྱི་བློ་སེམས་ཏང་ལ་ཕྱོགས་པ་དང་ཕྱར་བ་གྲུ་འདེགས་བྱེད་པའི་བརྗིད་ཆགས་མཛེས་སྡུག་ལྡན་པའི་རི་མོ་མངོན་པར་བྱེད་དགོས།
ད་ལོའི<<ཤེས་དཔལ་གྱི་ལམ། བདེ་སྐྱིད་ཀྱི་གཏམ>>ཞེས་པའི་མཉམ་འབྲེལ་བཅར་འདྲིའི་བྱ་འགུལ་ཆེན་མོའི་ནང་ཞུགས་པའི་བོད་སྐད་རླུང་འཕྲིན་གྱི་གསར་འགོད་པ་བན་དེ་སྐྱབས་ཀྱིས་གསར་འགོད་པར་བཤད་རྒྱུར། ང་རང་ལ་བོད་འབྲེལ་ས་ཁུལ་གྱི་མི་རིགས་སོ་སོའི་མང་ཚོགས་ཀྱིས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་ལག་རྡང་སྦྲེལ་ནས་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་མཉམ་སྐྲུན་བྱེད་པའི་ལག་ལེན་དང་སྙིང་སྟོབས་ཀྱིས་སེམས་འགུལ་ཡང་ཡང་ཐེབས་མྱོང་། དེས་ཀྱང་རང་གིས་རང་འཁྲིའི་ལས་དོན་སྔར་བས་ཡག་པོ་བསྒྲུབས་ནས་བོད་འབྲེལ་ས་ཁུལ་གྱི་དུས་རབས་གསར་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་སྔོན་ཐོན་བྱས་རྗེས་དྲིལ་སྒྲོག་བྱེད་པར་རང་ཉིད་ཀྱི་བྱས་རྗེས་འཇོག་པར་སྐུལ་ལྕག་ཐེབས་ཡོད་ཟེར།
ཐབས་བརྒྱ་ཇུས་སྟོང་གིས་མི་དམངས་ཀྱི་ལངས་ཕྱོགས་བརྟན་སྲུང་བྱེད་པ་རྒྱུན་འཁྱོངས་བྱས།
མཚོ་སྔོན་བོད་སྐད་རླུང་འཕྲིན་པ་རབས་མང་བོས་མི་དམངས་ཀྱི་ལངས་ཕྱོགས་བརྟན་སྲུང་བྱེད་པ་རྒྱུན་འཁྱོངས་བྱས་ཤིང་། གསར་འགྱུར་དྲིལ་སྒྲོག་གཙོ་ཁྲིད་དུ་བྱེད་པ་དང་། བརྒྱུད་སྒྲོག་དང་ཞབས་ཞུའི་ཁྲིད་སྟོན་མཉམ་དུ་གཙོར་འཛིན་པ་མཐའ་འཁྱོངས་བྱས་ཏེ། དུས་རབས་ཀྱི་དགོས་མཁོ་དང་མི་དམངས་ཀྱི་དགོས་མཁོར་གཞིགས་ནས<<གསར་འགྱུར་མཉམ་སྒྲོག>>དང<<གངས་ལྗོངས་གསེར་ཟམ>>། <<བར་སྣང་འཕྲིན་གྱི་ཕོ་ཉ>>། <<ན་ཆུང་བྱིས་པའི་དགའ་ཚལ>>སོགས་རྒྱ་ཆེའི་མང་ཚོགས་ཀྱིས་དགའ་མགུ་ཡི་རང་བྱེད་པའི་ཁྱད་ལྡན་ལེ་ཚན་ལ་བརྟེན་ནས། དུས་ཐོག་ཏུ་རྒྱ་ཆེའི་རོང་འབྲོག་མང་ཚོགས་ལ་ཆ་འཕྲིན་ཞབས་ཞུ་སྣ་ཚོགས་མཁོ་འདོན་བྱས་ནས་རྒྱ་ཆེའི་རོང་འབྲོག་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བར་གཞོགས་འདེགས་བྱེད་བཞིན་ཡོད།
ཕྱུག་ལོ་ཡིས་སྤོབས་སེམས་ཆེན་པོས་བཤད་རྒྱུར། "བོད་སྐད་རླུང་འཕྲིན་གྱིས་རིག་གནས་ལ་བརྟེན་ནས་སེམས་གསོ་བ་རྒྱུན་འཁྱོངས་བྱེད་པ་དང་། ཉན་མཁན་ཚོ་དགའ་ཞེན་ཆེ་བའི་བརྒྱུད་སྒྲོག་སྟེགས་བུ་ཞིག་ཤུགས་ཆེན་གྱིས་བསྒྲུབ་པ་དང་། སྔ་རྗེས་སུ<<ཡང་བསྐྱར་ཏང་ལ་གླུ་ཞིག་འབུལ>>ཅེས་པ་སོགས་བོད་སྐད་རླུང་འཕྲིན་ཟློས་གར་མང་པོ་གསར་རྩོམ་བྱས་པ་དང་། <<མཚོ་སྔོན་པོའི་བསྟོད་གླུ>>དང<<མདོ་ལ་ལྷ་ཡི་ཞིང་ཁམས>>སོགས་རིག་རྩལ་དགོང་ཚོགས་མང་པོ་བཏོན་ནས་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་འཛུགས་སྐྲུན་བྱེད་པར་རྣམ་པ་དང་ཚོར་སྣང་། ཕན་ནུས་བཅས་ལྡན་པར་བྱས་ཡོད། བསྟུད་མར་ལེ་ཚན་སྤུས་ལེགས་གསར་གཏོད་དང་ཕུལ་བྱུང་ཁྱད་ལྡན་གྱི་ལེ་ཚན་བསྒྲུབ་པར་སེམས་ནུས་ཡོད་རྒུ་བཏོན། གེ་སར་སྒྲུང་གི་དཔེ་ཆ54སྒྲ་ཕབ་བྱས་པ་དང་བསྡོམས་པས་རིང་ཚད་ཆུ་ཚོད500ཙམ་ཡོད་པ་དང་། ལ་གཞས་འགྲན་བསྡུར་དང་སྒྲ་སྙན་རྡུང་ལེན་འགྲན་བསྡུར་ཆེན་མོ་སྐབས་བརྒྱད་ལ་སྤེལ་ཡོད་ཅིང་། གཏམ་དཔེའི་གདན་ཞུའི་འགྲན་སྡུར་སྐབས་ལྔ་ལ་སྤེལ་ཏེ། མི་རིགས་སོ་སོའི་ཕུལ་བྱུང་རིག་གནས་ཀྱི་མཛེས་སྡུག་མངོན་པར་བྱས་པ་དང་མཛེས་སྡུག་མཉམ་རོལ་གྱི་སྣང་ཚུལ་ཁྲི་མ་འབུམ་གྲུབ་པར་བྱས་ཡོད་ཟེར།
མཚོ་སྔོན་བོད་སྐད་རླུང་འཕྲིན་པས་མི་རབས་ནས་མི་རབས་བར་མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏོང་བའི་བརྩམས་ཆོས་རྩེ་གྲ་རབ་དང་རིམ་པ་བཏོན་ཡོད། མཇུག་སྒྲིལ་མ་ཐག་པའི2024ལོའིསྒྲ་སྙན་རྡུང་ལེན་འགྲན་བསྡུར་ཆེན་མོའི་སྟེང་། ཀྲེ་ཅང་ཉིང་པོ་ནས་ཡོང་བའི་རྒྱ་རིགས་བུ་མོ་ཁྲིན་ཅཱ་ཝུའེ་ཡིས་ཐབས་རྩལ་བྱང་ཆུབ་པ་དང་གཞས་གདངས་དག་པའི་བོད་སྐད་ཀྱི་རྡུང་ལེན་བླངས་པར་ཡུལ་དངོས་ཀྱི་ལྟད་མོ་བ་དག་ལ་ཡིད་འགུལ་ཆེན་པོ་ཐེབས་པར་བྱས། དྲ་རྒྱའི་འཕྲིན་སྟེགས་ལ་རིམ་རྩིས་བྱས་ན་མི་ཁྲི300ལྷག་གིས་བལྟས་པ་དང་བསྔགས་བརྗོད་བྱེད་ཚད་མི་ཁྲི800ལས་བརྒལ་ཡོད་ལ། མཉམ་འབྲེལ་དྲ་རྒྱ་དེ་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་འཕར་ཚད་ཆེ་ཤོས་དང་སྤུས་ཚད་གསར་མའི་སྟོབས་ཤུགས་སུ་གྱུར་ཡོད།
བོད་རིགས་དྲ་གྲོགས་ཤིག་གིས་བོད་སྐད་རླུང་འཕྲིན་སྐད་འཕྲིན་སྤྱི་སྟེགས་སུ"སྐབས་རེ་རེའི་རྡུང་ལེན་འགྲན་བསྡུར་ཆེན་མོ་དག་ངས་གཅིག་ཀྱང་ཤོར་དུ་བཅུག་མྱོང་མེད། འགྲན་བསྡུར་ཆེན་མོ་སྤེལ་བའི་ཆུ་ཚད་ལོ་རེ་ལས་ལོ་རེར་ཇེ་མཐོར་འགྲོ་བཞིན་ཡོད་པ་དང་། ལེ་ཚན་ཀྱང་ཇེ་རྒྱས་ཇེ་ལེགས་རེད། རྒྱ་རིགས་གྲོགས་པོ་ཚོ་ཡང་བོད་རིགས་ཀྱི་རིག་གནས་ལ་དགའ་ཞེན་བྱེད་ཀྱིན་ཡོད་པ་དང་། ང་ཚོ་དང་མཉམ་དུ་བོད་རིགས་ཀྱི་རྡུལ་ལེན་སྒྱུ་རྩལ་ཐད་ནས་བརྗེ་རེས་བྱེད་བཞིན་ཡོད་པས། བོད་རིགས་ཤིག་ཡིན་པའི་ངོས་ནས་ངས་དེ་ང་རྒྱལ་དུ་རློམ་བཞིན་ཡོད་ཅེས་སྐད་བཞག་འདུག
ཟི་ལིང་གྲོང་ཁྱེར་ཧོང་ཀྲུང་ཆུས་ཏཱ་ཚའེ་ཧུའེ་རིགས་ཡུལ་ཚོ་ཧྲང་པའེ་ཡཱ་སྡེ་བ་ནི་ཧུའེ་རིགས་སྡེ་བ་ཞིག་རེད། བོད་སྐད་རླུང་འཕྲིན་གྱིས2015ལོ་ནས་བཟུང་སྡེ་བ་དེའི་བར་ཁ་གཏད་རོགས་སྐྱོར་བྱེད་མགོ་བརྩམས་པའི་ཚུན་ལ། གྲང་ངར་ཆེ་བའི་དགུན་དུས་ཀྱི་འཚམས་འདྲི་ནས་དཔྱིད་དུས་ཀྱི་འཚམས་འདྲིའི་བར་དང་། སྲིད་ཇུས་སྒྲོག་འགྲེལ་ནས་རིག་རྩལ་དམངས་ཕན་བར། ཐོག་མཐའ་བར་གསུམ་དུ་ཡུལ་མི་ཚོ་དང་སྐྱིད་སྡུག་མཉམ་མྱོང་བྱས། མི་རིགས་མི་འདྲ་བའི་བར་ཕན་ཚུན་བཟོད་སྒོམ་དང་ཕན་ཚུན་རྒྱུས་ལོན་བྱས་པ་དང་། གཉེན་ཉེ་མིན་ཡང་གཉེན་ཉེ་ལས་ལྷག་པའི་འདང་རྩིས་ཡོད། དོན་དངོས་བྱ་སྤྱོད་སྟེང་ནས་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་ནང་དོན་ཟབ་མོར་འགྲེལ་བཤད་བྱས་པ་དང་། མི་རིགས་མཐུན་སྒྲིལ་ལས་བྱུང་བའི་འཆམ་མཐུན་དང་བདེ་སྐྱིད་ཀྱི་རྣམ་པ་གསལ་རྗེན་དུ་མངོན་པར་བྱས་ཡོད།
སྡེ་མི་མཱ་ཡིའུ་མའེ་ཡིས་བཤད་རྒྱུར། རྒྱ་རིགས་དང་། བོད་རིགས། ཧུའེ་རིགས་བཅས་ཁྱིམ་ཚང་གཅིག་ལྟར་བརྩེ་བས་བོད་སྐད་རླུང་འཕྲིན་གྱིས་ལོ་དགུ་ལ་བསྟུད་མར་ང་ཚོར་རོགས་སྐྱོར་བྱས་པ་ཡིན། ཏང་གི་སྲིད་ཇུས་བཟང་པོར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་བཞིན་ཡོད་ཟེར།
ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་ཁྲོད་དུ་ཁ་སང་གི་འོད་སྟོང་འབར་བའི་རྦ་རླབས་འཕྱུར་བཞིན་ཡོད་ལ། དུས་རབས་ཀྱི་རྒྱུད་སྐུད་ལས་དེ་རིང་དཔའ་མཛངས་རྟུལ་ཕོད་ཀྱིས་མདུན་དུ་སྐྱོད་པའི་དབྱངས་རྟ་དཀྲོལ་བཞིན་ཡོད། དུས་རབས་གསར་པའི་མདུན་སྐྱོད་ཀྱི་རླབས་རྒྱུན་ནང་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ལས་ཁུངས་བོད་སྐད་རླུང་འཕྲིན་གྱིས་སྤོབས་སེམས་ཆེན་པོས"ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ་བ་དང་བློ་སེམས་གཅིག་མཐུན་གྱིས་ཀྲུང་གོའི་ཕུགས་འདུན་མཉམ་སྐྲུན་བྱེད"ཅེས་པའི་དཔའ་ངར་ཆེར་བསྐྱེད་ཀྱི་བརྗོད་དོན་གཙོ་བོ་མཆོག་ཏུ་བཟུང་ནས་མི་སེམས་གཅིག་སྒྲིལ་དང་མཐུན་སྒྲིལ་ཡར་བརྩོན་གྱི་བསམ་པའི་སྦྲེལ་ཐག་སྔར་ལས་ཇེ་དམ་དུ་གཏོང་སྲིད།