རྟག་བརྟན་དྲན་ཤེས་ཀྱིས་མཐུན་སྒྲིལ་གྱི་སྟོབས་ཤུགས་གཅིག་ཏུ་བསྒྲིལ།
2024.10.28 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 17

    མཚོ་སྔོན་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་མཚོན་བྱས་རྗེས་མུ་འབྲེལ་སྒྲོག་སྤེལ།

2010ལོའི་ཟླ4པའི་ཚེས14ཉིན་ནི། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གྱི་རིགས་སོ་སོའི་མི་དམངས་ཀྱི་དྲན་པའི་ངོས་ནས་ནམ་ཡང་བསུབ་ཐབས་བྲལ། ད་ལྟ། ལོ་ངོ་བཅུ་བཞི་འདས་ཟིན་ལ། སྔོན་གྱི་མཁར་གྱང་ཞིག་རོའི་སྟེང་། ཁོད་ཡངས་པའི་སྲང་ལམ་དང་། གྲལ་དག་པའི་ཁང་བརྩེགས་སོགས་འཛོམས་པའི་གྲོང་ཁྱེར་གསར་པ་ཞིག་ལྷམ་མེར་ཆགས་ཡོད། ལྷོ་ཕྱོགས་ནས་གྲོང་ཁྱེར་ནང་དུ་བསྐྱོད་པའི་འབྲི་ཆུའི་ལམ་དུ། རྣོ་ལྕགས་ཀྱིས་བཏེགས་ཤིང་བརྟན་པོར་བཟོས་པའི་ས་ཡོམ་རྗེས་ཀྱི“མཁར་གྱང་ཞིག་རོ”དེ་ལ་མི་རྣམས་ཀྱིས་ལྷག་ཏུ་དོ་སྣང་བྱེད།  ལོ་རྒྱུས་ཡིད་ལ་དམ་པོར་འཛིན་པ་དང་། བཀའ་དྲིན་ཚོར་བཞིན་ཧུར་བརྩོན་གྱིས་མདུན་དུ་བསྐྱོད་ཆེད། གནས་དེའི་ས་ཡོམ་རྗེས་ཤུལ་རྟག་ཏུ་སྲུང་སྐྱོབ་བྱས་ཡོད།  2013ལོའི་རྗེས་ནས།  རྗེས་ཤུལ་དེའི་ཉེ་འཁོར་དུ། སླར་ཡང་བཀའ་དྲིན་ཐང་ཆེན་དང་། བཀའ་དྲིན་རྗེས་དྲན་རྡོ་རིང་དང་རྗེས་དྲན་ཁང་བཅས་བསྐྲུན་ཏེ། ཡུས་ཧྲུའུ་ཡོམ་འགོག་རྒུད་སྐྱོབ་རྗེས་དྲན་ཁང་དེ་རུ་བཞེངས་ཡོད། རྗེས་དྲན་ཁང་གི་ཕྱི་ནང་དུ་བཀལ་བའི་འདྲ་པར་རྩ་ཆེན་རེ་རེ་དང་། དོན་དངོས་ཀྱིས་ཕྱུག་པའི་ལྗོངས་རྣམ་རེ་རེ་ནི། རིགས་སོ་སོའི་མི་དམངས་ཀྱི་སྤུན་ཟླའི་བརྩེ་བ་ཟབ་མོ་དང་། ལྟ་སྲུང་རོགས་རེས་བྱས་པའི་གསོན་ཉམས་དོད་པའི་དངོས་བྲིས་ཡིན་ལ། རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་མཐུན་སྒྲིལ་འབད་འཐབ་ཀྱིས་མདུན་དུ་སྐྱོད་པའི་སྟོབས་ཤུགས་ཆེན་པོ་དེ་བས་མངོན་ཡོད།

དྲིལ་སྒྲོག་སློབ་གསོ་སྔོན་ལ་སྤེལ་ཏེ་གཡུལ་སའི་ནུས་པ་འདོན་སྤེལ་བྱས།

ཟླ9པའི་ཚེས23ཉིན། ཡུས་ཧྲུའུ་ཡོམ་འགོག་རྒུད་སྐྱོབ་རྗེས་དྲན་ཁང་དུ་སོང་བ་ན། གྲངས་ཀ་རེ་རེ་དང་། དངོས་རྫས་རེ་རེ། ཡུལ་ལྗོངས་རེ་རེས་མི་སེམས་ལ་གཡོ་འགུལ་ཟབ་མོ་ཐེབས་སུ་འཇུག ལོ་ངོ་བཅུ་བཞིའི་རིང་ལ། མི་བགྲང་ལས་འདས་པ་ཞིག་ཡུས་ཧྲུའུ་ཡོམ་འགོག་རྒུད་སྐྱོབ་རྗེས་དྲན་ཁང་དུ་ཡོང་ནས། ཁུ་སིམ་དང་གཟབ་ནན་ངང་གདུང་སེམས་མཉམ་བསྐྱེད་བྱེད་ལ། ཡུས་ཧྲུའུ་གསར་པ་དང་འཚོ་བ་གསར་པར་རེ་སྨོན་གསར་པ་འཆང་བར་བྱེད། ལོ་དེའི་ས་ཡོམ་ཁྲོད་བསྐྱབས་པའི་བུ་མོ་ཆུང་ཆུང་ཞིག་གི་འདྲ་པར་གྱིས་མི་རྣམས་ཀྱི་གོམ་མཚམས་བཞག་སྟེ་མིག་གིས་ཡང་ཡང་བལྟ་དགོས་པའི་གནས་སུ་གྱར་ལ། “འདྲ་པར་དབུས་ཀྱི་བུ་མོ་དེའི་མིང་ལ་ཚེ་རིང་གཡང་སྐྱིད་ཟེར་ཞིང་། ཁྱེད་རང་མིང་འདི་ལ་ཆ་རྒྱུས་མེད་ཀྱང་སྲིད་མོད། འོན་ཀྱང་ཁྱེད་ཀྱིས‘ལག་ཏུ་སྦྲང་གོར་བསྡམས་པའི་གཅེས་ཕྲུག’དེ་ཐོས་ཡོད་ངེས། ལོ་ངོ་བཅུ་བཞིའི་གོང་གི་ས་ཡོམ་དྲག་པོ་དེས། སྐབས་དེར་ཟླ་བདུན་ལྷག་ལོངས་པའི་ཚེ་རིང་གཡང་སྐྱིད་དུས་ཚོད་ཞེ་བརྒྱད་ཙམ་ལ་ས་འོག་ཏུ་མནན་ཀྱང་། རོགས་སྐྱོབ་མི་སྣས་སྟོབས་ཤུགས་ཡོད་རྒུ་བཏོན་ཏེ་མཁར་གྱང་ཞིག་རོའི་གསེབ་ནས་བསྐྱབས་པ་རེད། ངོ་གདོང་ཁྲག་གིས་བཟོས་ཀྱང་། མིག་ཟུང་དྭངས་མོ་ལས་འཇིགས་སྐྲག་གི་ཤུལ་ཙམ་ཡང་མངོན་མེད་ལ། རོགས་སྐྱོབ་རུ་མིས་མོ་ལ་སྦྲང་གོར་ཞིག་སྤྲད་པའི་མོད་ལ། མོས་དེ་ཉིད་ལག་ཏུ་དམ་པོར་བསྡམས། ”འདྲ་པར་དེ་ཉིད་ངོ་སྤྲོད་བྱེད་ཐེངས་རེར། འགྲེལ་བཤད་པ་ཚེ་རིང་དཔལ་མོར་སེམས་འགུལ་ཐེབས་བཞིན་ཡོད།  ཚེ་རིང་དཔལ་མོས་བཤད་རྒྱུར། “རྗེས་དྲན་ཁང་དུ་ཡོད་པའི་འདྲ་པར་དང་། དངོས་པོ་དང་མཛད་རྗེས་རེ་རེ་ནི་མི་རིགས་སོ་སོའི་བར་ལ་རོགས་རེས་དང་བརྩེ་སེམས་ཟབ་མོ་བཅངས་པའི་དན་རྟགས་ཡིན། མི་རྣམས་ལ་ཐད་ཀར་མྱོང་ཐུབ་པའི་ཚོར་བ་དང་སློབ་གསོའི་རྒྱུ་ཆ་འདོན་སྤྲོད་བྱས་ཡོད། རྗེས་དྲན་ཁང་སྒོ་ཕྱེ་བའི་ཚུན་ལ། རིམ་རྩིས་བྱས་ན་སློབ་མ་ཁྲི6ལྷག་རྗེས་དྲན་ཁང་དུ་ཕྱིན་ཏེ།  སེམས་པར་བྱབས་ཁྲུས་བྱས་ཤིང་འཛད་མེད་ཀྱི་བརྩེ་བ་མྱངས། གནས་འདི་གར། ཁོ་ཚོས‘ཕྱོགས་གཅིག་ལ་དཀའ་ངལ་ཡོད་ན། ཕྱོགས་ཀུན་ནས་རོགས་སྐྱོར་བྱེད་པ’ཡི་སྤྱི་ཚོགས་རིང་ལུགས་ཀྱི་ཁྱད་འཕགས་རང་བཞིན་ཚོར་ཞིང་། ‘ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ’ཞེས་པའི་དྲོད་སྐྱིད་དངོས་སུ་མྱངས།”སྡོམ་རྩིས་ལྟར་ན། རྗེས་དྲན་ཁང་སྒོ་ཕྱེ་བའི་ཚུན་ལ། ཡུས་ཧྲུའུ་ཡོམ་འགོག་རྒུད་སྐྱོབ་རྗེས་དྲན་ཁང་ལོ་རེར་སྒོ་ཕྱེ་བའི་ཉིན་གྲངས310ཡས་མས་ཡིན་ལ། རིམ་རྩིས་བྱས་ན་ཡུལ་སྐོར་པ་མི་ཐེངས་འབུམ་དྲུག་ལྷག་སྣེ་ལེན་བྱས་ཡོད། དེ་ལས་གཞན། ཡུས་ཧྲུའུ་ཡོམ་འགོག་རྒུད་སྐྱོབ་རྗེས་དྲན་ཁང་གིས་སྤྱི་ཚོགས་ལ་ཁ་ཕྱོགས་ནས་ཡོམ་འགོག་རྒུད་སྐྱོབ་ཀྱི་ཡིག་ཆ་དང་དངོས་པོའི་རྒྱུ་ཆ་རྒྱ་ཁྱབ་ཏུ་འཚོལ་སྡུད་བྱས། མིག་སྔའི་བར་དུ། རིམ་རྩིས་བྱས་ན་ས་ཡོམ་དང་འབྲེལ་བའི་ཡིག་ཆ་དང་དངོས་པོའི་རྒྱུ་ཆ680ལྷག་དང་། འདྲ་པར6000ལྷག དུས་ཚོད་མི་འདྲ་བའི་བརྙན་རིས་རྒྱུ་ཆ100ལྷག་འཚོལ་སྡུད་དང་ཉར་ཚགས་བྱས་ཡོད། གཡུལ་སའི་དགེ་མཚན་སྤྱད་དེ། དྲིལ་སྒྲོག་སློབ་གསོའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཤིང་། ཁུལ་ཡོངས་ཀྱི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ཀྱིས་ལོ་རྒྱུས་ཡིད་ལ་དམ་པོར་བཅངས་ནས། མཐུན་སྒྲིལ་འབད་བརྩོན་ལ་ཁྲིད་སྟོན་བྱས།

ཡུས་ཧྲུའུ་ཁུལ་དྲིལ་སྒྲོག་གཡུལ་སའི་ཞབས་ཞུ་ལྟེ་གནས་ཀྱི་ཀྲུའུ་རིན་གཡུ་སྒྲོན་གྱིས་བཤད་རྒྱུར། ཡུས་ཧྲུའུ་ཡོམ་འགོག་རྒུད་སྐྱོབ་རྗེས་དྲན་ཁང་གིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བ་ཞེས་པའི་གཙོ་གཞི་འདི་ལ་དམ་པོར་དམིགས་ནས། ཆབ་སྲིད་ཁྲིད་སྟོན་གྱི་བྱེད་ནུས་འདོན་སྤེལ་གང་ལེགས་བྱས་པ་དང་། གསར་བརྗེའི་གཞི་རྒྱུ་རྒྱུན་འཛིན་དང་། གསར་བརྗེའི་ཁྲག་རྒྱུན་རྒྱུན་མཐུད་ཀྱི་ཆབ་སྲིད་འགན་འཁྲི་དངོས་གནས་ཕྲག་ཏུ་ཁུར་ཅིང་། རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ཀྱི་རྣམ་པ་མི་འདྲ་བའི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོར་ཧུར་ཐག་གིས་སྦྲེལ་མཐུད་བྱས་ནས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བའི་སློབ་གསོའི་ལག་ལེན་རྟེན་གཞིའི་གཡུལ་ས་གཙོ་བོའི་བྱེད་ནུས་འདོན་སྤེལ་གང་ལེགས་བྱས།    མི་རིགས་མཐུན་སྒྲིལ་ཡར་ཐོན་སློབ་གསོའི་རྟེན་གཞི་ཡིན་པའི་ཆ་ནས། ཡུས་ཧྲུའུ་ཡོམ་འགོག་རྒུད་སྐྱོབ་རྗེས་དྲན་ཁང་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་སྐྲུན་བྱ་འགུལ་ནི་ཐེག་བྱད་དང་། མི་རིགས་མཐུན་སྒྲིལ་སྲུང་སྐྱོབ་ནི་རྨང་གཞི། མཉམ་དུ་ཡར་ཐོན་འཕེལ་རྒྱས་ནི་དམིགས་འབེན་དུ་བཟུང་སྟེ།   རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པ་དང་མང་ཚོགས་བཅས་དེ་ལ་ལྟ་སྐོར་སློབ་སྦྱོང་བྱེད་པར་སླེབས་པའི་གོ་སྐབས་བེད་སྤྱད་དེ། ཏང་དང་རྒྱལ་ཁབ་ཀྱི་མི་རིགས་མཐུན་སྒྲིལ་སྲིད་ཇུས་དྲིལ་སྒྲོག་རྒྱ་ཆེར་བྱས་པ་དང་། གསར་བརྗེའི་ལོ་རྒྱུས་དང་མི་རིགས་མཐུན་སྒྲིལ་འབད་འཐབ་ཀྱི་ཤེས་བྱ་ཁྱབ་གདལ་བཏང་ནས། མི་རིགས་མཐུན་སྒྲིལ་གྱི་སྙིང་སྟོབས་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཀུན་གྱི་སེམས་གཏིང་དུ་ཚུགས་པར་བྱས།

ཚེ་རིང་དཔལ་མོས་བཤད་རྒྱུར།  “འགྲེལ་བཤད་ནི་ངའི་བྱ་བ་ཡིན་མོད། འོན་ཀྱང་རིགས་སོ་སོའི་མི་དམངས་ཀྱིས་གནོད་འཚེའི་མདུན་དུ་སེམས་ཤུགས་གཅིག་སྒྲིལ་དང་། དཔུང་པ་མཉམ་གཤིབ་ཀྱིས་འཐབ་འཛིང་བྱས་ཤིང་། དུས་ཚོད་སྐར་ཆ་རེ་རེ་བརྩོན་ལེན་བྱས་པའི་སྐད་ཅིག་མ་དེ་ལ་ཕྱིར་དྲན་བྱེད་ཐེངས་རེར། ངའི་སེམས་ལ་དྲོད་ཁོལ་འཕྱུར་ཡོང་། ཡུལ་སྐོར་དུ་ཡོང་བའི་མི་ཚོགས་སྐོར་ཁག་རེ་རེའི་ཁྲོད། གཟབ་ནན་གྱི་རྣམ་འགྱུར་དང་མིག་ཀོང་མཆི་མས་བརླན་པའི་ངོ་གདོང་རྟག་ཏུ་མཐོང་ཐུབ། མི་སུ་ལ་མཚོན་ནས་བཤད་ནའང་། བརྩེ་བ་ཟབ་མོ་དང་མཐུན་སྒྲིལ་གྱིས་བསྐྲུན་པའི་སྙིང་སྟོབས་ཀྱི་འཐབ་རར་གཏན་དུ་གཞོམ་གཞིག་བྲལ།”མཐུན་སྒྲིལ་གྱིས་སྟོབས་ཤུགས་ཆེན་པོ་གཅིག་ཏུ་སྡུད་ཐུབ།   ལོ་ངོ་མང་པོའི་རིང་ལ། ཡུས་ཧྲུའུ་ཡོམ་འགོག་རྒུད་སྐྱོབ་རྗེས་དྲན་ཁང་གིས་ཟུར་མང་པོ་ནས་གསར་བརྗེའི་ཐོན་ཁུངས་སྔོག་འདོན་བྱས་ཏེ། གསར་བརྗེའི་རིག་གནས་ནི་གྲོང་ཁྱེར་གྱི་ཆས་རྟགས་སུ་འགྱུར་བར་རོགས་འདེགས་བྱས། “ང་དང་ང་ཡི་མེས་རྒྱལ”དང“དུས་རབས་གསར་པའི་བཀའ་དྲིན་ཚོར། ཡུས་ཧྲུའུ་གསར་པར་འབད་པས་བསྐྱོད”ཅེས་པ་སོགས་བརྗོད་གཞིར་བཟུང་ནས་ལས་ཁུངས་དང་སློབ་གྲྭ་སྡེ་ཁུལ་སོགས་སུ་བསྐྱོད་དེ་མང་ཚོགས་རང་བཞིན་གྱི་དྲིལ་སྒྲོག་སློབ་གསོའི་བྱ་འགུལ་སྤེལ་བ་དང་། དུས་མཚུངས་སུ་ཁུལ་ཏང་ཨུའི་དྲིལ་སྒྲོག་པུའུ་ཡི་གཅིག་གྱུར་འཆར་འགོད་དང་མཛུབ་སྟོན་འོག ཁུལ་ཏང་གི་ལོ་རྒྱུས་བཤམས་སྟོན་ཁང་དང་། ཁུལ་སྤྱི་བདེ་ཅུས་ཉེན་རྟོག་ལོ་རྒྱུས་ཁང་སོགས་ཁུལ་རིམ་པའི་རྒྱལ་གཅེས་རིང་ལུགས་སློབ་གསོའི་རྟེན་གཞི་དང་མཉམ་འབྲེལ་བྱས་ཏེ། ཡུས་ཧྲུའུ་ཡི་གསར་བརྗེའི་ལམ་ཐིག་བསྐྲུན་པ་དང་། གསར་བརྗེའི་གཞི་རྒྱུ་དེ་ཡུས་ཧྲུའུ་ཡི་རིག་གནས་ཁྲོད་སིམ་པར་བྱས་ནས། གྲོང་ཁྱེར་གྱི་རིག་གནས་རྔམས་ཁ་ཇེ་མཐུག་ཏུ་བཏང་། དུས་མཚུངས་སུ། རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ཀྱི་རྒྱལ་གཅེས་རིང་ལུགས་དང་མི་རིགས་མཐུན་སྒྲིལ་སློབ་གསོར་མུ་མཐུད་དུ་ཤུགས་བསྣན་ཏེ། ལོ་རེར་ཁུལ་དང་གྲོང་ཁྱེར་གྱི་ལས་ཁུངས་དང་ཁེ་ལས་དང་ལས་དོན་ལས་ཁུངས་སོ་སོ་དང་སློབ་གྲྭ་བཅས་རྩ་འཛུགས་དང་གདན་ཞུ་བྱས་ཏེ་མཉམ་གཅིག་ཏུ་བརྗོད་དོན་ལྟ་སྐོར་སློབ་གསོའི་བྱ་འགུལ་སྤེལ་བ་དང་། ལྟ་སྐོར་དང་བརྗེ་རེས་བྱས་པ་བརྒྱུད། ཁོ་ཚོའི་ཀྲུང་ཧྭ་མི་རིགས་ཀྱི་མོས་མཐུན་ལྟ་བ་ཤུགས་ཇེ་དྲག་ཏུ་གྱུར་པ་དང་། རིགས་སོ་སོའི་མང་ཚོགས་རྒྱ་ཁྱབ་ངང་འགྲོ་འོང་བརྗེ་རེས་མཉམ་འདྲེས་བཅས་ཡོང་བར་བསམ་པའི་ཟམ་པ་བརྟན་པོ་བསྐྲུན།

གཡུ་སྒྲོན་གྱིས་བཤད་རྒྱུར། “ས་ཡོམ་རྗེས་ཀྱི་ལོ་ངོ་བཅུ་ལྷག་གི་འཕེལ་རྒྱས་བརྒྱུད། ཡུས་ཧྲུའུ་ཡི་བཞིན་མདངས་གསར་པར་གྱུར་ཅིང་། རང་སའི་བོད་རིགས་མང་ཚོགས་ལས་གཞན། ད་དུང་མི་རིགས་གཞན་པའི་མང་ཚོགས་མང་པོ་གནས་འདི་རུ་ལས་ལ་ཞུགས་ཤིང་ཁྱིམ་གཞིས་ཆགས་ཡོད། དེའི་སྟབས་ཀྱིས། མི་རིགས་མཐུན་སྒྲིལ་ཡར་ཐོན་སློབ་གསོ་ཤིན་ཏུ་གལ་ཆེ། ལོ་ངོ་མང་པོའི་འབད་བརྩོན་བརྒྱུད། ཡུས་ཧྲུའུ་ཡོམ་འགོག་རྒུད་སྐྱོབ་རྗེས་དྲན་ཁང་གིས་མི་རིགས་མཐུན་སྒྲིལ་ཡར་རྒྱས་དང་། སྤྱི་ཚོགས་བརྟན་བརླིང་ལ་རོགས་འདེགས་བྱེད་པའི་ཐད་ཀྱི་བྱེད་ནུས་ཇེ་གསལ་ནས་ཇེ་གསལ་ཡིན་ལ། མི་རིགས་གང་ཡིན་རུང་། དེ་ནི་དུས་གཏན་དུ་ཚང་མའི་བསམ་པའི་ཁྱིམ་གཞིས་རེད།” “རྒྱལ་ཁབ་དང་མི་རིགས་བདེ་ན། ད་གཟོད་ཡུས་ཧྲུའུ་བདེ།”འདི་ནི་ཡུས་ཧྲུའུ་ཡི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ཀྱི་ཐུན་མོང་གི་བསམ་འདུན་ཡིན་ལ། ཡུས་ཧྲུའུ་ཡོམ་འགོག་རྒུད་སྐྱོབ་རྗེས་དྲན་ཁང་ལས་མཆེད་པའི་ཆེས་སྙན་པའི་ཐུན་མོང་གི་སྐད་སྒྲའང་ཡིན། དྲིལ་སྒྲོག་སློབ་གསོའི་བྱེད་ནུས་འདོན་སྤེལ་གང་ལེགས་བྱ་ཆེད། 2022ལོར། ཡུས་ཧྲུའུ་ཁུལ་གྱིས“གནོད་ཤུལ་བསྐྱར་སྐྲུན་འཆར་འགོད་འགྲེམ་སྟོན་ཁང”དང“ཡོམ་འགོག་རྒུད་སྐྱོབ་རྗེས་དྲན་ཁང”སྡེབ་སྒྲིག་བྱས་ཏེ། “ཡུས་ཧྲུའུ་ཁུལ་དྲིལ་སྒྲོག་གཡུལ་སའི་ཞབས་ཞུ་ལྟེ་གནས”བཙུགས་ཤིང་། ཏང་གི་ལོ་རྒྱུས་དང་རྒྱལ་ཁབ་ལོ་རྒྱུས་ཀྱི་སློབ་གསོ། རྒྱལ་གཅེས་རིང་ལུགས་སློབ་གསོ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་སློབ་གསོ་སོགས་རྟེན་གཞིའི་བྱེད་ནུས་གཞི་གཅིག་ཅན་དུ་བསྒྱུར། ཉེ་བའི་ལོ་བཅུའི་རིང་གི་འཁོར་སྐྱོད་དང་འཚོལ་ཞིབ་ཁྲོད། ཡུས་ཧྲུའུ་ཡོམ་འགོག་རྒུད་སྐྱོབ་རྗེས་དྲན་ཁང་ལ་ནུས་པ་ལྡན་པའི་བྱ་བའི་ལས་སྲོལ་གྲུབ་སྟེ། རྗེས་དྲན་ཁང་གི་བྱེད་ནུས་འདོན་སྤེལ་གང་ལེགས་བྱེད་པར་ཁག་ཐེག་བྱས།

“ཐོབ་ཐང”གསར་པས་ཡུས་ཧྲུའུ་ཡོམ་འགོག་རྒུད་སྐྱོབ་རྗེས་དྲན་ཁང་ལ་སྔར་ལས་མང་བའི་འགན་འཁྲི་དང་འོས་འགན་བསྩལ། ད་ལོར། རྗེས་དྲན་ཁང་ཡང་བསྐྱར་རིམ་སྤོར་སྒྱུར་བཀོད་བྱས་པ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་དྲིལ་སྒྲོག་སློབ་གསོའི“འགྲོ་འོང་བརྗེ་རེས་མཉམ་འདྲེས”ཀྱིས་སྲོག་ཤིང་བྱས་པ་དང་། པེ་ཅིན་ཁ་གཏད་རོགས་སྐྲུན་ནང་རྐྱེན་དང་ཟུང་འབྲེལ་བྱས་ཏེ། པེ་ཅིན་གྲོང་ཁྱེར་གྱི་འབྲེལ་ཡོད་ཁྱབ་ཁོངས་ཀྱི་ཆེད་མཁས་པ་གདན་དྲངས་ནས་ཡུས་ཧྲུའུ་རུ་ཡོང་སྟེ་རྗེས་དྲན་ཁང་གི་འཛུགས་སྐྲུན་ལ་མཛུབ་སྟོན་བྱེད་དུ་བཅུག་པ་དང་། ཡུལ་དངོས་གསོ་སྦྱོང་སྤེལ་བ་དང་། རྗེས་དྲན་ཁང་གི་སྤུས་འདེགས་རིམ་སྤོར་ལ་དམིགས་ཏེ་ཁ་གཏད་རང་བཞིན་གྱི་བསམ་འཆར་དང་གྲོས་གཞི་བཏོན་པར་མ་ཟད། རྗེས་དྲན་ཁང་གི་མི་ཐེངས21ཕྱི་ལ་མངགས་ཏེ་སློབ་སྦྱོང་དང་གསོ་སྦྱོང་སྣ་ཚོགས་ལ་ཞུགས་ནས།  བྱ་བའི་ཕན་འབྲས་མཐོར་འདེགས་བཏང་།  དུས་མཚུངས་སུ། ཡུས་ཧྲུའུ་ཁུལ་དྲིལ་སྒྲོག་གཡུལ་སའི་ཞབས་ཞུའི་ལྟེ་གནས་ཀྱིས་རིག་ནུས་ཅན་འགྲེམ་སྟོན་མ་ལག་ཧུར་ཐག་གིས་བསྐྲུན་ཏེ། རིག་དངོས་ཀྱི་གྲངས་ཀ་ཅན་འགྲེམ་སྟོན་བེད་སྤྱོད་མངོན་འགྱུར་བྱུང་བ་དང་། ཕུན་སུམ་ཚོགས་པའི་བྱེད་ཐབས་སྣ་མང་སྤྱད་དེ། རིག་དངོས་རྒྱབ་ལྗོངས་ཀྱི་རྒྱལ་གཅེས་རིང་ལུགས་ཀྱི་དོན་སྙིང་སྔོག་འདོན་གཏིང་ཟབ་བྱས་པ་དང་། མི་རིགས་མཉམ་འདྲེས་རིག་གནས་ཁྱབ་སྒྲོག་བྱས་པ། སྤྱི་པའི་ཞབས་ཞུ་འཐུས་ཚང་དུ་བཏང་ཞིང་། བརྡ་འཕྲིན་ཅན་གྱི་དོ་དམ་མངོན་འགྱུར་བྱུང་སྟེ། རྒྱུ་ཆའི་བེད་སྤྱོད་ལས་ཕྱོད་དང་སྤྱོད་རུང་རང་བཞིན་ཇེ་མཐོར་བཏང་།

གཡུ་སྒྲོན་གྱིས་བཤད་རྒྱུར།   ང་ཚོས་ཐོག་མཐའ་བར་གསུམ་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཡིད་ལ་དམ་པོར་བཟུང་ནས། མི་རིགས་མཐུན་སྒྲིལ་ཡར་ཐོན་སློབ་གསོ་དེ‘ངེས་སྦྱོང་སློབ་ཚན’དུ་བརྩིས་ནས།  སྔར་ལས་མང་བའི་མི་རིགས་མཐུན་སྒྲིལ་གྱི་རྒྱུ་ཆ་དག་རྗེས་དྲན་ཁང་གི་རིམ་སྤོར་སྒྱུར་བཀོད་ཁྲོད་འདྲེས་སུ་བཅུག་སྟེ། ཚད་ཤིང་ལྟ་བུའི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་རྗེས་དྲན་ཁང་ཧུར་ཐག་གིས་བསྐྲུན་ནས། མི་སྔར་ལས་མང་པོ་ཞིག་གིས་གནས་འདི་ནས་མི་རིགས་མཐུན་སྒྲིལ་གྱི་རླབས་ཆེའི་སྟོབས་ཤུགས་གཏིང་ཟབ་སྒོས་མྱོང་ཐུབ་པར་བྱ་རྒྱུ་ཡིན།

རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།