བདེན་སྲུང་གསར་སྐྲུན་ནི་ངེས་པར་དུ་སྟངས་འཛིན་ནན་མོ་དང་ཐོག་མཐའ་བར་གསུམ་དུ་བརྟན་སྲུང་བྱེད་དགོས་པའི་རྩ་དོན་གལ་ཆེན་ཞིག་ཡིན།
2024.11.04 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 12

 སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཞིང་ཆེན་དང་པུའུ་རིམ་པའི་ཆེད་དོན་བགྲོ་གླེང་འཛིན་གྲྭ་འགོ་རྩོམ་པའི་མཛད་སྒོའི་ཐོག་གནང་བའི་གསུང་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུའི་སྐོར་གླེང་བ།

མི་དམངས་ཉིན་རེའི་ཚགས་པར་གྱི་དཔྱད་བརྗོད་པས་སྤེལ་བའི་དཔྱད་གཏམ། 

བདེན་སྲུང་གསར་སྐྲུན་ནི་རྩོད་སྒྲུབ་ཀྱི་གཅིག་གྱུར་ཡིན་ཞིང་།  བདེན་དྲང་སྲུང་སྐྱོང་བྱས་ན་གཞི་ནས་གསར་སྐྲུན་དེ་ཐོག་མཐའ་བར་གསུམ་དུ་ཡང་དག་པའི་ཁ་ཕྱོགས་བརྒྱུད་དེ་མདུན་དུ་བསྐྱོད་པར་ཁག་ཐེག་བྱེད་ཐུབ་པ་དང་། རྒྱུན་མཐུད་གསར་སྐྲུན་བྱས་ན་སྔར་ལས་ལེགས་པའི་སྒོ་ནས་བདེན་དྲང་སྲུང་སྐྱོང་བྱེད་ཐུབ། ཞིང་ཆེན་དང་པུའུ་རིམ་པའི་འགོ་ཁྲིད་ལས་བྱེད་པ་གཙོ་བོས་ཏང་གི་སྐབས་བཅུ་གཉིས་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཆེད་དོན་བགྲོ་གླེང་འཛིན་གྲྭ་འགོ་རྩོམ་པའི་མཛད་སྒོའི་སྟེང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“བདེན་སྲུང་གསར་སྐྲུན་བྱེད་རྒྱུ་ནི་བཅོས་སྒྱུར་སྔར་ལས་ཟབ་སྤེལ་བྱེད་པར་ངེས་པར་དུ་སྟངས་འཛིན་ནན་མོ་དང་ཐོག་མཐའ་བར་གསུམ་དུ་བརྟན་སྲུང་བྱེད་པའི་རྩ་དོན་གལ་ཆེན་ཞིག་ཡིན”ཞེས་ནན་བཤད་གནང་ཞིང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་མུ་མཐུད་དུ་འཐུས་ཚང་དང་འཕེལ་རྒྱས་སུ་གཏོང་བ་དང་། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བའི་བཅོས་སྒྱུར་གྱི་སྤྱིའི་དམིགས་འབེན་རྒྱུན་འཁྱོངས་བྱས་ཏེ། ཐོག་མཐའ་བར་གསུམ་དུ་སྤྱིའི་དམིགས་འབེན་གྱི་ཁ་ཕྱོགས་སུ་མདུན་སྐྱོད་བྱེད་དགོས་ཞེས་བསྟན།

ང་ཚོའི་བཅོས་སྒྱུར་ནི་ཁ་ཕྱོགས་ཡོད་པ་དང་།   རྩ་དོན་ལྡན་པ་ཞིག་ཡིན། གང་ཞིག་བཅོས་སྒྱུར་དང་གང་ཞིག་བཅོས་སྒྱུར་མི་བྱེད་དགོས་པ།  གང་ལ་བཅོས་སྒྱུར་དང་ཇི་ལྟར་བཅོས་སྒྱུར་བྱེད་དགོས་པ་བཅས་ཚང་མ་ཐོག་མཐའ་བར་གསུམ་དུ་རིག་པ་དྭངས་གསལ་གྱིས་ཆབ་སྲིད་ཐོག་གི་མི་བསམ་ཤེས་ཅན་ཞིག་བྱེད་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་རྒྱུན་འཁྱོངས་དང་། མར་ཁེ་སིའི་རིང་ལུགས་རྒྱུན་འཁྱོངས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས། མི་དམངས་དམངས་གཙོའི་སྲིད་དབང་སྒེར་འཛིན་རྒྱུན་འཁྱོངས། སྤྱི་ཚོགས་དྲང་སྙོམས་དྲང་བདེན་ཡོང་བར་སྐུལ་སྤེལ་དང་། མི་དམངས་ལ་བདེ་སྐྱིད་བསྐྲུན་རྒྱུ་དེ་གཞི་འཛིན་ས་དང་རྐང་འཛུགས་སར་བརྩི་བ་བཅས་དེ་དག་ཚང་མ་ནི་རྩ་བ་དོ་དམ་དང་། ཁ་ཕྱོགས་དོ་དམ།  ཡུན་རིང་ལ་དོ་དམ་བཅས་བྱེད་པ་ཞིག་ཡིན་ཞིང་།  ཏང་གི་ངོ་བོ་དང་དམིགས་ཡུལ་མཚོན་པ་དང་། རང་རྒྱལ་གྱི་གནས་ཚུལ་དང་མཐུན་པ། མི་དམངས་ཀྱི་རྩ་བའི་ཁེ་ཕན་དང་མཐུན་པས་དུས་ནམ་ཡིན་ཡང་གཡོ་འགུལ་སྤུ་ཙམ་ཡང་གཏོང་མི་རུང”།  ང་ཚོས་བཅོས་སྒྱུར་གྱི་དར་ཆ་མཐོན་པོར་བསྒྲེང་དགོས་པ་སྨོས་མ་དགོས་མོད། འོན་ཀྱང་ང་ཚོའི་བཅོས་སྒྱུར་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་སྟེང་རྒྱུན་ཆད་མེད་པར་མདུན་སྐྱོད་བྱེད་པའི་བཅོས་སྒྱུར་ཡིན་པས། བཀག་སྡོམ་ངན་རེངས་ཀྱི་ལམ་རྙིང་དུ་མི་འགྲོ་བ་དང་། དར་ཆ་བརྗེ་བསྒྱུར་གྱི་ལོག་ལམ་དུའང་མི་འགྲོ་བར།  བཅོས་སྒྱུར་བྱེད་དགོས་རིགས་མཐའ་གཅིག་ཏུ་བཅོས་སྒྱུར་དང་།  བཅོས་སྒྱུར་བྱེད་མི་དགོས་པའི་རིགས་བཅོས་སྒྱུར་མ་བྱས་ཚེ། གཞི་ནས་བཅོས་སྒྱུར་དེ་ཡང་དག་པའི་ཁ་ཕྱོགས་བརྒྱུད་ནས་བརྟན་བརླིང་ངང་བསྐྱོད་པར་འགན་ལེན་བྱེད་ཐུབ་པ་ཡིན་པར་ངེས་པར་དུ་ངོས་འཛིན་ཟབ་མོ་བྱེད་དགོས་ཞེས་ནན་གྱིས་བསྟན།

ཏང་གི་ལྟེ་བའི་ལས་འགན་ལ་དམིགས་ནས་བཅོས་སྒྱུར་ལ་ཇུས་འགོད་དང་སྐུལ་འདེད་གཏོང་རྒྱུ་ནི་བཅོས་སྒྱུར་ལེགས་འགྲུབ་བྱུང་བའི་ཉམས་མྱོང་གལ་ཆེན་ཞིག་ཡིན། བཅོས་སྒྱུར་སྔར་ལས་ཕྱོགས་ཡོངས་ནས་ཟབ་སྤེལ་བྱེད་པར་ངེས་པར་དུ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་བརྗོད་བྱ་གཙོ་བོ་འདིར་རྩེ་གཅིག་ཏུ་དམིགས་ནས་སྤེལ་དགོས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་རྒྱུ་ནི་ལས་དོན་གསར་རྐྱང་ཞིག་ཡིན་ཞིང་། དཀའ་ཚེགས་རང་བཞིན་དང་རྙོག་འཛིང་རང་བཞིན་ནི་སྔ་ན་མེད་པ་ཞིག་ཡིན་པས། མདུན་སྐྱོད་ཀྱི་བགྲོད་ལམ་སྟེང་འགལ་བ་དང་ཉེན་ཁ་སྣ་ཚོགས་ཀྱི་འགྲན་སློང་ལ་འཕྲད་ངེས་ཡིན། བརྗིད་ཉམས་ཆེ་བའི་འཆར་གཞི་དེ་མཛེས་སྡུག་ལྡན་པའི་དོན་དངོས་སུ་བསྒྱུར་དགོས་ན། རྩ་བ་ནི་བཅོས་སྒྱུར་སྔར་ལས་ཕྱོགས་ཡོངས་ནས་ཟབ་སྤེལ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་བསམ་བློའི་འདུ་ཤེས་དང་སྒྲིག་སྲོལ་ལམ་སྲོལ་གྱི་སྐྱོན་ཆ་མཐའ་གཅིག་ཏུ་ཐག་གཅོད་བྱེད་པ། བཅོས་སྒྱུར་གསར་སྐྲུན་ལ་བརྟེན་ནས་ལས་དོན་གོང་དུ་སྤེལ་བར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས་པ་ལས། ངལ་བ་མི་སྤྱོད་པར་གློ་བུར་དུ་ཕན་འབྲས་ཐོབ་པའི་རེ་བ་གཏན་ནས་བཅངས་མི་རུང་།  ང་ཚོས་ཞུམ་མེད་མདུན་སྐྱོད་ཀྱི་བློ་སྟོབས་དང་སྤོབས་པར་བརྟེན་ནས་དུས་རབས་འཕེལ་རྒྱས་ཀྱི་འཕེལ་ཕྱོགས་གསར་པ་དང་། ལག་ལེན་འཕེལ་རྒྱས་ཀྱི་བླང་བྱ་གསར་པ། མི་དམངས་མང་ཚོགས་ཀྱི་རེ་སྒུག་གསར་པ་བཅས་དང་བསྟུན་ནས་དཔལ་འབྱོར་སྒྲིག་སྲོལ་བཅོས་སྒྱུར་གྱི་གཙོ་གནད་དེ་འབུར་དུ་ཐོན་པར་བྱས་ནས།  ཕྱོགས་གང་ཅིའི་ཐད་ཀྱི་བཅོས་སྒྱུར་ལ་ཕྱོགས་ཡོངས་ནས་མཐུན་སྦྱོར་དང་སྐུལ་འདེད་གཏོང་བ་དང་། རིགས་པའི་གཞུང་ལུགས་གསར་སྐྲུན་དང་། ལག་ལེན་གསར་སྐྲུན། ལམ་ལུགས་གསར་སྐྲུན། རིག་གནས་གསར་སྐྲུན་བཅས་དང་དེ་མིན་གཞན་པའི་ཕྱོགས་སོ་སོའི་གསར་སྐྲུན་ལ་སྐུལ་འདེད་ཆེན་པོ་གཏོང་བ་བཅས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྒུལ་ཤུགས་དང་ལམ་ལུགས་ཀྱི་འགན་སྲུང་ཆེན་པོ་འདོན་སྤྲོད་བྱེད་དགོས།

དཔལ་འབྱོར་སྒྲིག་སྲོལ་བཅོས་སྒྱུར་ནི་ཕྱོགས་ཡོངས་ནས་བཅོས་སྒྱུར་ཟབ་སྤེལ་བྱེད་པའི་གཙོ་གནད་ཡིན་ལ།  བཅོས་སྒྱུར་ཕྱོགས་ཡོངས་ནས་ཟབ་སྤེལ་བྱེད་པའི་སྣེ་ཁྲིད་ཀྱང་ཡིན། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པས་གསར་གཏོད་རང་བཞིན་ལྡན་པའི་སྒོ་ནས“ཐོན་ཁུངས་བཀོད་སྒྲིག་ཁྲོད་ཁྲོམ་རར་ཐག་གཅོད་ཀྱི་རང་བཞིན་ལྡན་པའི་ནུས་པ་འདོན་དུ་འཇུག་པ་དང་སྲིད་གཞུང་གི་ནུས་པ་སྔར་ལས་འདོན་སྤེལ་ལེགས་པོ་བྱེད་དུ་འཇུག་དགོས་”ཞེས་བཏོན་པ་དང་། ཏང་གི་སྐབས་བཅུ་གཉིས་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྟེང་ཆུ་ཚད་མཐོ་བའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་སྒྲིག་སྲོལ་འཛུགས་རྒྱུ་དེ་མངོན་གསལ་གྱི་གོ་གནས་སུ་བཞག་སྟེ། “གཡོ་འགུལ་སྤུ་ཙམ་ཡང་མི་གཏོང་བ་གཉིས”རྒྱུན་འཁྱོངས་དང་དོན་འཁྱོལ་བྱེད་པ་དང་། རྒྱལ་ཡོངས་གཅིག་གྱུར་གྱི་ཁྲོམ་ར་ཆེན་པོ་འཛུགས་དགོས་པ་སོགས་ཀྱི་བཅོས་སྒྱུར་བྱེད་ཐབས་གལ་ཆེན་བཏོན་པ་རེད།  སྐྱོད་ལམ་གསར་པའི་ཐོག་མུ་མཐུད་དུ་གཙོ་གནད་འབུར་དུ་ཐོན་པར་བྱས་ཏེ་སྲིད་གཞུང་དང་ཁྲོམ་རའི་འབྲེལ་བའི་ལྟེ་བའི་གནད་དོན་འདི་ཐག་གཅོད་ཡག་པོ་དང་། རང་རྒྱལ་གྱི་གཞི་རྩའི་དཔལ་འབྱོར་ལམ་ལུགས་རྒྱུན་འཁྱོངས་དང་གོང་སྤེལ། ཆུ་ཚད་མཐོ་བའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་སྒྲིག་སྲོལ་མགྱོགས་མྱུར་ངང་འཛུགས་པ་བཅས་བྱས་ན། སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་རྒྱུན་ཆད་མེད་པར་བཅིངས་འགྲོལ་དང་འཕེལ་རྒྱས་གཏོང་བ་དང་། སྤྱི་ཚོགས་ཀྱི་གསོན་ཤུགས་སྐུལ་སློང་དང་ཆེ་རུ་གཏོང་བ། ཐོན་སྐྱེད་འབྲེལ་བ་དང་ཐོན་སྐྱེད་ནུས་ཤུགས། སྟེང་གི་བཀོད་པ་དང་རྨང་གཞིའི་དཔལ་འབྱོར། རྒྱལ་ཁབ་བཅོས་སྐྱོང་དང་སྤྱི་ཚོགས་འཕེལ་རྒྱས་བཅས་སྔར་ལས་ལྷག་པར་ཕན་ཚུན་འཚམ་མཐུན་ཡོང་བ་བཅས་ལ་སྐུལ་འདེད་གཏོང་ཐུབ་ངེས་རེད།

ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ནང་དོན་ཧ་ཅང་ཕུན་སུམ་ཚོགས་ཤིང་།  བཅོས་སྒྱུར་སྔར་ལས་ཕྱོགས་ཡོངས་ནས་ཟབ་སྤེལ་བྱེད་པ་དེའང་ཕྱོགས་ཡོངས་ནས་ཡིན་ངེས་རེད། དུས་རབས་གསར་པའི་ཚུན་ལ། བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོའི་ལམ་ལུགས་ཀྱི་མ་ལག་འཐུས་ཚང་དུ་གཏོང་བ་དང་། སྤྱི་ཚོགས་རིང་ལུགས་ཀྱི་གྲོས་མོལ་དམངས་གཙོ་ཁྱབ་ཆེ་ཞིང་རིམ་པ་མང་བའི་ལམ་ལུགས་ཅན་དུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བ་ནས་ཁྲིམས་འཛིན་སྒྲིག་སྲོལ་ཕྱོགས་བསྡུས་ཆ་ཚང་བཅོས་སྒྱུར་ཟབ་སྤེལ་བྱེད་པའི་བར་དང་། ཁྲིམས་འཛིན་འགན་འཁྲིའི་ལམ་ལུགས་ཕྱོགས་ཡོངས་ནས་གནད་སྨིན་དོན་འཁྱོལ་བྱེད་པ་དང་། དེ་ནས་སྐྱེ་ཁམས་དཔལ་ཡོན་སྒྲིག་སྲོལ་བཅོས་སྒྱུར་ཟབ་སྤེལ་བྱེད་པའི་བར་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱེད་པ་དེ་ལམ་ལུགས་ཅན་དང་ཁྲིམས་སྐྱོང་ཅན་གྱི་བགྲོད་ལམ་དུ་འཇུག་པ་སོགས་ཁྱབ་ཁོངས་སོ་སོའི་བཅོས་སྒྱུར་ལ་བརྟན་བརླིང་ངང་སྐུལ་འདེད་དང་གྲུབ་འབྲས་མངོན་གསལ་ཐོབ་ཡོད།  ཚང་འཛོམས་གྲོས་ཚོགས་ཀྱི《གཏན་འབེབས》ནང“ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་ཇུས་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ་དང་།  “ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་ཇུས་ལ་མཐུན་སྦྱོར་སྐུལ་འདེད་གཏོང་བའི་སྒྲོམ་གཞིའི་འོག་བཅོས་སྒྱུར་གྱི་བྱེད་ཐབས་ཇུས་འགོད་དང་བཀོད་སྒྲིག་བྱས་ཡོད་ཅིང་། དེའི་ནང་དཔལ་འབྱོར་དང་། དམངས་གཙོ། ཁྲིམས་སྐྱོང་། རིག་གནས། སྤྱི་ཚོགས། སྐྱེ་ཁམས་དཔལ་ཡོན། རྒྱལ་ཁབ་བདེ་འཇགས། རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྲུན་སོགས་ཐད་ཀྱི་སྒྲིག་སྲོལ་ལམ་སྲོལ་གསར་སྐྲུན་དང་དེ་མིན་ཏང་འཛུགས་སྐྲུན་གྱི་ལམ་ལུགས་བཅོས་སྒྱུར་བཅས་ཚུད་ཡོད། ང་ཚོས་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་དང་ཕྱོགས་ཡོངས་ནས་མཐུན་སྦྱོར་སྐུལ་འདེད་བཏང་སྟེ། ནུས་ཤུགས་ཡོད་རྒུས་སྤྱི་ཡོངས་ཀྱི་ཕན་ནུས་ཆགས་པར་བྱེད་དགོས།

ང་ཚོས་སྒྲུབ་བཞིན་པ་ནི་སྔ་ན་མེད་པའི་རླབས་ཆེན་གྱི་ལས་དོན་ཡིན་ལ། འགྲོ་བཞིན་པ་ནི་དྲང་ལམ་དང་འགྲོ་བཞིན་པ་ནི་ལམ་ཆེན་ཡིན། འགྲོ་ལམ་མི་འགྱུར་བ་དང་སྙིང་རུས་མི་འགྱུར་བའི་ངེས་ཤུགས་ཆེན་པོ་སྲུང་འཛིན་བྱེད་པ་དང་། གསར་སྐྲུན་བྱེད་ཕོད་པ་དང་མཁྲེགས་གཏོར་བྱེད་ཕོད་པའི་ངར་ཤུགས་སྐུལ་སློང་བྱེད་པ།  བཅོས་སྒྱུར་ལ་རྒྱུན་ཆད་མེད་པར་ ཐོད་བརྒལ་གསར་བ་ལེན་པར་སྐུལ་འདེད་གཏོང་བ་བཅས་བྱས་ན། རང་རྒྱལ་འཕེལ་རྒྱས་དང་ཡར་ཐོན་ཡོང་བའི་ལས་དབང་རང་ཉིད་ཀྱི་ལག་ཏུ་དམ་པོར་འཛིན་ཐུབ་པ་དང་།  ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་དེ་དཀའ་ངལ་ལས་རྣམ་པར་རྒྱལ་བ་དང་ཞུམ་པ་མེད་པར་མདུན་སྐྱོད་བྱེད་པར་སྐུལ་འདེད་གཏོང་ཐུབ་ངེས་ཡིན།

སྒྲོལ་མ་སྐྱིད་ཀྱིས་བསྒྱུར།