སྐྱིད་པའི་འཚོ་བར་བཅངས་པའི་འདུན་མ་མངོན་འགྱུར་བྱུང་།
2024.11.04 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 15

 ཨ་མདོ་དམངས་སྲོལ་སྡེ་ཁུལ་ནི2018ལོའི་ཟླ11པར་འཛུགས་སྐྲུན་ལེགས་འགྲུབ་བྱུང་བ་དང་། དང་ཐོག་ཞིན་ཧེ་རྫོང་གི་ས་གནས་གཞན་དུ་དབུལ་སྐྱོར་གནས་སྤོར་བྱེད་པའི་གཅིག་བསྡུས་བདེ་འགོད་ས་ཚིགས་ཡིན་ལ། ད་ལྟ་ཞིན་ཧེ་རྫོང་གི་ཡུལ་ཚོ་དང་གྲོང་རྡལ7དང་སྡེ་བ48དང་ཁྱིམ་ཚང853གྱི་མི3421གནས་འདིར་གཞིས་སྡོད་བྱས་ཡོད། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཞིན་ཧེ་རྫོང་རྩི་གོར་ཐང་གྲོང་རྡལ་ཨ་མདོ་དམངས་སྲོལ་སྡེ་ཁུལ་གྱི་སྡེ་སྡོད་ཧྲུའུ་ཅི་དང་པོ་མགོན་པོ་ཚེ་རིང་གིས་བཤད་རྒྱུར། “འབྲོག་པ་སྡོད་དམངས་སུ་གྱུར་བ་ནི་འཚོ་བ་རོལ་སའི་ས་གནས་འགྱུར་བ་ཙམ་མ་ཡིན་པར། འབྲོག་པ་མང་ཚོགས་ཀྱི་འཚོ་བ་རོལ་སྟངས་འགྱུར་བ་དེ་ཡིན་ལ།   འགྱུར་ལྡོག་དེའི་ཁྲོད་དུ་ཁོ་ཚོར་མི་གོམས་པ་མང་བས།  ང་ཚོས་དེར་སྣེ་ཁྲིད་དང་རོགས་རམ་བྱེད་དགོས།

ཟླ9པའི་ཚེས12ཉིན། སྡོད་དམངས་འགའ་ཨ་མདོ་དམངས་སྲོལ་སྡེ་ཁུལ་དམངས་ཕན་ཞབས་ཞུ་ལྟེ་གནས་སུ་ཡོང་ནས་ལས་རིགས་རྩལ་ནུས་གསོ་སྦྱོང་འཛིན་གྲྭ་འགོ་རྩོམ་པའི་བཀོད་སྒྲིག་ཐད་ནས་འདྲི་བརྩད་བྱས་པ་དང་། སྡེ་ཁུལ་གྱི་ལས་བྱེད་པ་སྒྲོལ་མས་ངང་རྒྱུད་རིང་པོས་ཁོ་ཚོར་འགྲེལ་བཤད་བྱས།

མགོན་པོ་ཚེ་རིང་གིས་བཤད་རྒྱུར།   མཁར་གྲོང་དུ་འཚོ་སྡོད་བྱས་ན། འཚོ་བ་ནི་མང་ཚོགས་ཀྱི་དོན་དག་གལ་ཆེན་ཡིན་ལ།  སྡེ་ཁུལ་གྱི་གཙོ་གནད་བྱ་བའི་གྲས་ཀྱང་ཡིན།  མི་མང་པོ་ཞིག་ལ་འཁོར་རྒྱུག་རྩྭ་སའི་ཡོང་སྒོ་ཡོད་མོད། ཡིན་ཡང་འབད་བརྩོན་ལ་བརྟེན་ནས་རང་ཉིད་ཀྱིས་སྤྱི་ཚོགས་ཀྱི་རིན་ཐང་མངོན་དགོས་པར་བསམ་ཡོད། ལྷག་པར་དུ་ན་གཞོན་མང་པོ་ཞིག་གིས་ལས་དོན་ཞིག་འགྲུབ་པར་རེ་སྨོན་བྱེད་ཀྱིན་ཡོད།

དེར་བརྟེན། སྡེ་ཁུལ་གྱིས་ཏང་རྩ་འཛུགས་ཀྱི་འགོ་ཁྲིད་འོག་གི“ཐོན་ལས་དང་ལས་ཞུགས། གཞིས་ལས”བཅས་ལས་རིགས་གསུམ་གྱི་གཅིག་འདོམས་མ་དཔེ་ལག་བསྟར་བྱས་པ་དང་། མ་དངུལ་སྒོར་བྱེ་བ་གཉིས་བཏང་ནས་གཞིས་ཁུལ་གྱི་ལྟེ་གནས་སུ་ཚོང་ལས་ཁུལ་གསར་སྐྲུན་བྱས་ལ། དབུལ་ཕོངས་མང་ཚོགས150ལས་ཞུགས་བྱས་པར་མ་ཟད། ལས་གཏོད་ལས་སྐྲུན་གྱི་འདུན་མ་ཡོད་པའི་མི14ལ་སྐུལ་སློང་བྱས་ཏེ། མངའ་ཁུལ་ལྟེ་གནས་ཀྱི་ཚོང་ལས་ཁུལ་དུ་བོགས་དམའི་ཚོང་ཁང་ཕྱེས་སུ་བཅུག གཙགས་དྲུབ་དང་ཟ་མ་གཡོས་སྦྱོར། རླངས་འཁོར་ཞིག་གསོ་སོགས་ལས་ཞུགས་རྩལ་ནུས་གསོ་སྦྱོང་འཛིན་གྲྭ་སྐབས4དང་འཛིན་གྲྭ16བསྡུས་ཏེ། མི་ཐེངས790ལྷག་གསོ་སྦྱོང་བྱས་ཤིང་། སྟབས་བསྟུན་ལས་ཞུགས་མི་ཐེངས2011དང་བརྟན་འཇགས་ལས་ཞུགས་མི་ཐེངས227མངོན་འགྱུར་བྱུང་། མ་དངུལ་སྒོར་བྱེ་བ་གཅིག་ས་ཡ་གཉིས་ལྷག་བཏང་ནས་ཞིན་ཧེ་རྫོང་བོད་སྨན་སྨན་སྦྱོར་དང་ཁ་ཐུམ། ས་གནས་ཁྱད་ཐོན་ལས་སྣོན་དབུལ་སྐྱོར་འཁོར་ཁང3བསྐྲུན་པ་དང་། ངལ་རྩོལ་པ་མི25བསྡུ་ལེན་བྱས་ཏེ། ལོ་རེར་མི་རེའི་ཆ་སྙོམས་ཀྱི་ཡོང་སྒོ་སྒོར་ཁྲི2ཡན་ལ་སླེབས།

བསོད་ནམས་རྒྱ་མཚོས་ཁང་བ་མཛེས་བཟོ་གསོ་སྦྱོང་དང་ལེན་བྱས་རྗེས། ཁང་པ་མཛེས་བཟོ་ལས་གཞི་འགན་ལེན་བྱེད་མགོ་བརྩམས། སྡོད་དམངས་རྣམས་ཀྱིས་དགོད་ཞོར་དུ་བཤད་རྒྱུར།   གོ་ཐོས་སུ་ཁོའི་ཡོང་སྒོ་ཧ་ཅང་བཟང་བ་དང་། ཁང་པ་གཅིག་མཛེས་བཟོ་བྱས་ན་སྒོར་སྟོང་ཕྲག་འགའ་བཙལ་ཐུབ་ཟེར། ང་ཚོས་ཀྱང་ལག་རྩལ་སྦྱངས་ནས་སྒོར་མོ་བཙལ་འདོད་ཡོད། གནས་སྤར་རྗེས་ཀྱི་འཚོ་བའི་འགྱུར་ལྡོག་ཐད་ནས་ཁོ་ཚོར་མྱོང་བ་མང་པོ་ཞིག་འདུག   ལ་ལས་བཤད་ན་གཏན་སྡོད་བྱས་རྗེས། དུས་རྒྱུན་གཙང་སྦྲ་དང་དམིགས་འཛུགས་ས་གནས་སུ་གད་སྙིགས་ལྡུག་པ་དང་།  གོ་རིམ་ལྡན་པའི་སྒོ་ནས་རླངས་འཁོར་འཇོག་པའི་གོམས་གཤིས་ཆགས་ཡོད། ཡང་ལ་ལས་བཤད་ན་སྡེ་ཁུལ་གྱི་དཔེ་ཀློག་དང་སྒྲོག་འགྲེལ། ལུས་རྩལ་འགྲན་སྡུར་སོགས་རིག་གནས་བྱ་འགུལ་ཕུན་སུམ་ཚོགས་པས། འཚོ་བར་སྔར་ལས་སྤྲོ་སྣང་ལྡན་པར་གྱུར་ཡོད།  ཡང་ལ་ལས་བཤད་ན་རྒྱུན་དུ་ཏང་ཡོན་ལས་བྱེད་པ་དང་དྲ་མིག་པ་སྡེ་ཁུལ་དུ་ཡོང་ནས་ཞབས་ཞུ་བསྒྲུབས་པ་དང་། ཚང་མའི་བྲེལ་དཀའ་སྡུག་སྨོན་བཞིའི་གནད་དོན་ཐག་བཅད་པར་མ་ཟད།  འཚོ་བར་དཀའ་ཁག་ཡོད་པའི་མང་ཚོགས་ལ་ལྷག་ཏུ་ཐུགས་ཁུར་དང་དུས་དང་རྣམ་པ་ཀུན་ཏུ་བྱ་བ་ཡོད་ཚད་ལ་སེམས་ཁུར་བྱེད་ཀྱིན་པ་མཐོང་ཐུབ་ཟེར།

མགོན་པོ་ཚེ་རིང་གིས་མཚམས་སྦྱོར་བྱས་པ་ལྟར་ན། ད་ལོའི་ཟླ8པའི་བར་དུ། སྡེ་ཁུལ་གྱི་ཏང་ཡོན་གྱིས་ཁྱིམ་དོན་ལག་དེབ་དང་དོན་དག་ཡོད་ན་གྲོས་སྡུར་ཡག་པོ་བྱེད་པའི་སྟེགས་བུ་བརྒྱུད། མང་ཚོགས་ཀྱིས་བཏོན་པའི་གནད་དོན177འཚོལ་སྡུད་དང་། དོན་དག161ལ་ལན་བཏབ་པར་མ་ཟད་ཐག་གཅོད་བྱས་ཤིང་། ཁྱིམ་མཚེས་བར་གྱི་འགལ་བ་དང་རྩོད་གཞི87ཐག་གཅོད་བྱས་ཏེ།  བཅོས་སྐྱོང་ཆུ་ཚད་རྒྱུན་ཆད་མེད་པར་ཇེ་མཐོར་བཏང་།  མང་ཚོགས་ལའང་དོན་དག་ཡོད་ཚེ་ཏང་ཡོན་དང་སྡེ་ཁུལ་བཙལ་བའི་གོམས་གཤིས་ཆགས་ཏེ། ཁོ་ཚོ་ནི་མཁར་གྲོང་ནང་གི་གཉེན་ཉེ་དང་མཚུངས་པའི་ཚོར་བ་སྟེར་ཐུབ་ཟེར།

《ཞིན་ཧེ་རྫོང་གི་ཏང་འཛུགས་སྐྲུན་གྱིས་ས་གནས་གཞན་དུ་གནས་སྤོར་བའི་བདེ་འགོད་ས་ཚིགས་ཀྱི་བཅོས་སྐྱོང་ཆུ་ཚད་ཇེ་མཐོར་གཏོང་བར་སྣེ་ཁྲིད་པའི་འགུལ་སྐྱོད་གྲོས་གཞི》དང《ཞིན་ཧེ་རྫོང་རྩི་གོར་ཐང་གྲོང་རྡལ་ཨ་མདོ་དམངས་སྲོལ་སྡེ་ཁུལ་གྱི་མཉམ་འབྲེལ་གྲོས་ཚོགས་ལམ་ལུགས(ཚོད་ལྟ་ལག་ལེན)》། 《ཞིན་ཧེ་རྫོང་རྩི་གོར་ཐང་གྲོང་རྡལ་ཨ་མདོ་དམངས་སྲོལ་སྡེ་ཁུལ་གྱི་འབྲེལ་གཏུག་པའི་བྱ་བའི་འགན་འཁྲི(ཚོད་ལྟ་ལག་ལེན)》བཅས་དངོས་འབེབས་ལེགས་པོ་བྱས་པ་དང་བསྟུན། ཞིན་ཧེ་རྫོང་གི་ཡུལ་ཚོ་དང་གྲོང་རྡལ་གྱི་གོ་གནས་གཞོན་པ7གྱིས་སྡེ་ཁུལ་གྱི་འབྲེལ་གཏུག་པར་འགོ་ཁྲིད་པ་མངོན་འགྱུར་བྱུང་བ་དང་། རྩ་འཛུགས་དང་དྲིལ་སྒྲོག སྲིད་ཁྲིམས། མི་དོན། དེ་མིན་གྲོང་གསེབ་དར་སྤེལ་སོགས་སྡེ་ཁག་གི་སྟོབས་ཤུགས་གཅིག་འདོམས་བྱས་ཏེ། རྩ་འཛུགས་ཀྱིས་སྣེ་ཁྲིད་དང་ཡུལ་ཚོ་དང་གྲོང་རྡལ་གྱིས་རམ་འདེགས་བྱེད་པ། སྡེ་ཁག་གིས་རོགས་སྒྲུབ་བྱེད་པ། སྡེ་ཁུལ་གྱིས་དངོས་འབེབས་བྱེད་པའི་རིམ་པ་བཞིའི་མཉམ་འགུལ་ལམ་སྲོལ་བཙུགས།   “སྦྲེལ་བ་གསུམ་དང་བཅོས་སྐྱོང་གསུམ། འབུར་ཐོན་གསུམ”གྱི་གཞི་རིམ་སྤྱི་ཚོགས་བཅོས་སྐྱོང་གི་ཞིན་ཧེ་ཡི་མ་དཔེ་གསར་པ་ཧུར་ཐག་གིས་ཁྱབ་སྤེལ་བྱས་པ་བརྒྱུད། སྡོད་དམངས་སྤྱི་ཆིངས་དང་དམངས་གཙོ་གྲོས་བསྡུར་སོགས་ཀྱི་ལམ་ལུགས་ལམ་སྲོལ་འཐུས་ཚང་དུ་བཏང་བ་དང་། ཏང་ཡོན་དང་གཏན་སྡོད་སྡོད་དམངས་ཀྱིས་དང་བླངས་ཞབས་ཞུའི་བྱ་བ་ཧུར་ཐག་གིས་འགན་དུ་བླངས་ཏེ། ཁོར་ཡུག་འཕྲོད་བསྟེན་བཅོས་སྐྱོང་དང་འགལ་བ་དང་རྩོད་གཞི་སེལ་བ། བདེ་སྐྱོང་མཉམ་འགོག་སྐོར་ཞིབ་སོགས་ཀྱི་བྱ་འགུལ་དུས་བཅད་ལྟར་སྤེལ། ཏང་ཡོན་ལས་བྱེད་པ་ཡོངས་ཀྱི་འབད་བརྩོན་འོག སྡེ་ཁུལ་གྱི་ཁོར་ཡུག་གཙང་བ་དང་མི་དམངས་མང་ཚོགས་ཀྱིས་བདེ་སྡོད་ལས་བརྩོན་བྱེད་པ། ས་གནས་གཞན་དུ་གནས་སྤར་བའི་མང་ཚོགས་ཀྱང་གནས་སྤར་བ་དང་གཏན་སྡོད་བྱེད་པ། ཕྱུག་འགྱུར་བཅས་བྱས་པར་མ་ཟད། སྔ་ན་མེད་པའི་བདེ་སྐྱིད་ཀྱི་འཚོ་བར་བཅངས་པའི་འདུན་མའང་མངོན་འགྱུར་བྱུང་ཡོད། 

རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།