—སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཞིང་ཆེན་དང་པུའུ་རིམ་པའི་ཆེད་དོན་བགྲོ་གླེང་འཛིན་གྲྭའི་མཛད་སྒོའི་སྟེང་གནང་བའི་གསུང་བཤད་གལ་ཆེན་སློབ་སྦྱོང་ལག་བསྟར་བྱས་པའི་སྐོར་གླེང་བ།
“ཐུན་མོང་གི་ངོས་འཛིན་རྒྱ་ཁྱབ་སྒོས་གཅིག་ཏུ་བསྡུས་ནས། དགེ་མཚན་ལྡན་པའི་རྒྱུ་རྐྱེན་ཡོད་ཚད་ལ་སྐུལ་སློང་གང་ལེགས་བྱ་རྒྱུ་དེ་བཅོས་སྒྱུར་བདེ་བླག་ངང་སྐུལ་འདེད་གཏོང་རྒྱུར་གལ་འགངས་ཧ་ཅང་ཆེ།” ཞིང་ཆེན་དང་པུའུ་རིམ་པའི་འགོ་ཁྲིད་ལས་བྱེད་པ་གཙོ་བོས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཆེད་དོན་བགྲོ་གླེང་འཛིན་གྲྭ་འགོ་རྩོམ་པའི་མཛད་སྒོའི་སྟེང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྔར་ལས་ལྷག་པའི་སྒོ་ནས་བཅོས་སྒྱུར་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་གཏོང་བའི་ཁོར་ཡུག་བཟང་པོ་བསྐྲུན་རྒྱུའི་ཐད་བླང་བྱ་གསལ་བོ་བཏོན་ནས། “བཅོས་སྒྱུར་གྱི་གླེང་ཕྱོགས་ཁྲིད་སྟོན་བྱ་བ་དངོས་གནས་ཡག་པོ་སྒྲུབ་པ་དང་། དྲང་ཕྱོགས་ནས་དྲིལ་བསྒྲགས་བྱ་རྒྱུར་ཤུགས་བསྣན་ཏེ་བརྗོད་བྱ་གཙོ་བོ་མཆོག་ཏུ་འཛིན་པ་དང་དྲང་ནུས་བརྒྱུད་སྤྲོད་བྱེད་དགོས།”
ཐུན་མོང་གི་ངོས་འཛིན་ནི་དཔའ་མཛངས་རྟུལ་ཕོད་ཀྱིས་མདུན་དུ་སྐྱོད་པའི་སྒུལ་ཤུགས་ཡིན་ཞིང་། ཐུན་མོང་གི་ངོས་འཛིན་ཡོད་ན་མཐུན་སྒྲིལ་ཡོད་པ་དང་། ཐུན་མོང་གི་ངོས་འཛིན་ཡོད་ན་སྟོབས་ཤུགས་ཡོད། དུས་རབས་གསར་པར་ཕྱོགས་ཡོངས་ནས་བཅོས་སྒྱུར་གཏིང་ཟབ་ཏུ་གཏོང་བའི་ཉམས་འགྱུར་རབ་ཏུ་མཛེས། བཅོས་སྒྱུར་དེ་ཆ་ཤས་འཚོལ་ཞིབ་བྱེད་པ་ནས་མ་ལག་འདུས་གྲུབ་དང་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་གཏོང་བའི་བར་འགྱུར་ལྡོག་ཕྱིན་ནས། ཁྱབ་ཁོངས་སོ་སོའི་རྨང་གཞིའི་རང་བཞིན་གྱི་ལམ་ལུགས་ཀྱི་སྒྲོམ་གཞི་གཞི་རྩའི་ཆ་ནས་བཙུགས་པ་དང་། ཁྱབ་ཁོངས་མང་པོར་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་དང་། མ་ལག་རང་བཞིན་བསྐྱར་བཟོ། སྤྱི་ཡོངས་རང་བཞིན་གྱི་སྒྲོམ་གཞི་བཅས་མངོན་འགྱུར་བྱུང་ནས་ལག་ལེན་གྱི་གྲུབ་འབྲས་དང་། ལམ་ལུགས་ཀྱི་གྲུབ་འབྲས། གཞུང་ལུགས་ཀྱི་གྲུབ་འབྲས་བཅས་གལ་ཆེན་ཐོབ་ཡོད། གལ་འགངས་ཤིན་ཏུ་ཆེ་བ་ཞིག་ནི་བཅོས་སྒྱུར་གྱི་ཐུན་མོང་ངོས་འཛིན་རྒྱ་ཁྱབ་ངང་གཅིག་ཏུ་བསྡུས་ཏེ། བཅོས་སྒྱུར་ལ་སྐུལ་འདེད་གཏོང་བའི་ལས་བྱེད་པ་དང་མང་ཚོགས་ཀྱི་ཧུར་བརྩོན་རང་བཞིན་དང་། རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་སྐོང་འཐེན་གང་ལེགས་བྱ་རྒྱུ་དེ་རེད། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི《གཏན་འབེབས》ནང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་བརྗོད་དོན་གཙོ་བོ་དེར་དམ་པོར་དམིགས་ནས། བཅོས་སྒྱུར་སྔར་ལས་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་གཏོང་བའི་འཐབ་ཇུས་བྱ་ཐབས་ཇུས་འགོད་བྱས་པ་དེ་ནི་དུས་རབས་གསར་པ་དང་སྐྱོད་ལམ་གསར་པའི་སྟེང་ཕྱོགས་ཡོངས་ནས་བཅོས་སྒྱུར་གཏིང་ཟབ་ཏུ་གཏོང་རྒྱུར་སྐུལ་འདེད་གཏོང་བའི་སྤྱིའི་སྐུལ་སློང་དང་སྤྱིའི་བཀོད་སྒྲིག་ཅིག་རེད།
ང་ཚོས་སློབ་སྦྱོང་ནན་ཏན་བྱེད་པ་དང་། གོ་བ་ཡང་དག་ལེན་པ། ཕྱོགས་ཡོངས་ནས་ཁོང་དུ་ཆུད་པ་བཅས་ཀྱི་ཐད་འབད་བརྩོན་བྱས་ཏེ། ཚང་འཛོམས་གྲོས་ཚོགས་ཀྱི《ཆོད་དོན》ནང་བཏོན་པའི་གཞུང་ལུགས་ཀྱི་ལྟ་བ་གལ་ཆེན་འགའ་ཞིག་ལ་ཞིབ་འཇུག་དང་འགྲེལ་བཤད་བྱེད་ཤུགས་ཆེ་རུ་གཏོང་དགོས་པ་དང་། ལྷག་པར་དུ་གཞི་རིམ་དང་མང་ཚོགས་ལ་ཁ་ཕྱོགས་ནས་དྲིལ་བསྒྲགས་དང་འགྲེལ་བཤད་བྱེད་ཤུགས་ཆེ་རུ་གཏོང་དགོས། ཏང་ཀྲུང་དབྱང་གི་འཐབ་ཇུས་བསམ་གཞིག་ལ་གོ་བ་ཡང་དག་ལེན་པ་དང་བཅོས་སྒྱུར་བྱེད་ཐབས་སྣ་ཚོགས་ཀྱི་དངོས་ཡོད་ཀྱི་དོན་སྙིང་དང་དམིགས་འབེན་གྱི་སྟོན་ཕྱོགས་ལ་གོ་བ་ཡང་དག་བླངས་ནས། ཏང་ཡོངས་དང་སྤྱི་ཚོགས་ཡོངས་ཀྱིས་ཐུན་མོང་གིས་བཅོས་སྒྱུར་ལ་དམ་འཛིན་བྱེད་པའི་བསམ་བློའི་རྨང་གཞི་དང་མང་ཚོགས་ཀྱི་རྨང་གཞི་ཇེ་བརྟན་དུ་གཏོང་དགོས།
ཀྲུང་གོ་ལྟ་བུའི་མི་གྲངས་དུང་ཕྱུར14ལྷག་ཡོད་པའི་རྒྱལ་ཁབ་ཅིག་ཏུ་བཅོས་སྒྱུར་ཟབ་སྤེལ་བྱེད་རྒྱུ་ནི་ལས་སླ་མོ་ཞིག་གཏན་ནས་མིན། བཅོས་སྒྱུར་ནི་གསར་བརྗེ་ཞིག་ཡིན་ཞིང་། བཅོས་སྒྱུར་བྱེད་པ་ནི་ལམ་ལུགས་དང་རྐྱེན་སྲོལ་ཡིན་པ་དང་། སྒུལ་བ་ནི་ཐོབ་ཟིན་པའི་ཁེ་ཕན་རེད། དོན་དངོས་ནས་བལྟས་ཚེ། སྔར་ན་མེད་པའི་ཏང་དང་རྒྱལ་ཁབ་ལས་ཁུངས་ཀྱི་བཅོས་སྒྱུར་གཏིང་ཟབ་ཏུ་གཏོང་བ་དང་། ལས་ཁུངས་དང་འགན་འཁྲི། མི་སྣ་སོགས་བླང་བྱ་གཞིར་བཟུང་ནས་དུས་ཐོག་ཏུ་ལེགས་སྒྲིག་གནད་ལ་འཁེལ་བ་ཁག་ཐེག་བྱེད་པའམ་ཡང་ན་རྒྱལ་ཡོངས་གཅིག་གྱུར་གྱི་ཁྲོམ་ར་ཆེན་པོ་མགྱོགས་མྱུར་བསྐྲུན་པ། རྣམ་པ་སྣ་ཚོགས་ཀྱི་ས་གནས་སྲུང་སྐྱོབ་རིང་ལུགས་མཐའ་གཅིག་ཏུ་མེད་པར་བཟོ་བ་དང་ཁྲོམ་རའི་མཁར་རྫོང་མེད་པར་བཟོ་བ་སོགས་གང་ཞིག་ཡིན་རུང་། ཆབ་སྲིད་ལ་མཐོང་ཆེན་དང་། ཁྱོན་ཡོངས་ལ་ལྟ་རྟོག སྒྲིག་ལམ་སྲུང་བ། རང་རྟོགས་ངང་ཁྱོན་ཡོངས་ལ་བསམ་བློ་གཏོང་བ་དང་ཁྱོན་ཡོངས་ལ་བྱ་སྤྱོད་སྤེལ་བ་བཅས་བྱས་ཚེ། གཞི་ནས་བཅོས་སྒྱུར་གྱི་བྱ་ཐབས་སྣ་ཚོགས་དོན་ཐོག་ཏུ་འཁྱོལ་རྒྱུར་སྐུལ་འདེད་གཏོང་ཐུབ། བཅོས་སྒྱུར་ནི་ཁེ་ཕན་གྱི་ཆགས་སྟངས་ལེགས་སྒྲིག་བྱེད་པའི་གོ་རིམ་ཞིག་ཡིན་པས། དུས་མཉམ་དུ་མི་ཚང་མའི་ཁེ་ཕན་གྱི་རེ་འདོད་སྐོང་མི་ཐུབ། བཅོས་སྒྱུར་ལ་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་བ་དང་བསྟུན་ནས་ཁེ་ཕན་གྱི་འབྲེལ་བར་ཕོག་ཐུག་བྱུང་ཚད་ཇེ་ཆེ་ནས་ཇེ་ཆེར་འགྲོ་བཞིན་ཡོད། ང་ཚོས་ཁྱོན་ཡོངས་ཀྱི་འདུ་ཤེས་ཆེ་རུ་བཏང་སྟེ་བཅོས་སྒྱུར་ཁྲོད་ཀྱི་ཁེ་ཕན་གྱི་འབྲེལ་བ་ལེགས་སྒྲིག་དང་མི་སྒེར་གྱི་ཁེ་གྱོང་ལ་ལྟ་སྟངས་ཡང་དག་པ་འཛིན་དགོས། བཅོས་སྒྱུར་ཡང་རིམ་འཕེལ་གྱི་གོ་རིམ་ཞིག་ཡིན་པས་བྱེད་ཐེངས་གཅིག་ལ་འགྲུབ་མི་སྲིད། འཕྲལ་འགྲུབ་ཡོང་བར་རེ་སྒུག་བྱེད་པ་དང་རེ་བ་མཐོན་པོ་བཅངས་མི་རུང་། ལྟ་ཚུལ་མཐོན་པོ་ཡང་མི་འཛིན་པར་དངོས་ཐོག་བདེན་འཚོལ་དང་། བྱ་བ་ཐམས་ཅད་དོན་དངོས་དང་བསྟུན་པ། ཏན་ཏན་ཏིག་ཏིག་གིས་བྱ་བ་སྒྲུབ་པ། རྒྱལ་ཁ་ཆུང་བ་བསགས་ནས་རྒྱལ་ཁ་ཆེན་པོ་ལེན་པ་བཅས་བྱེད་དགོས།
མི་དམངས་ཀྱི་ཆེད་དུ་བཅོས་སྒྱུར་བྱས་ན་བཅོས་སྒྱུར་ལ་དོན་སྙིང་ལྡན། མི་དམངས་ལ་བརྟེན་ནས་བཅོས་སྒྱུར་བྱས་ན་བཅོས་སྒྱུར་ལ་གཞི་ནས་སྒུལ་ཤུགས་ཡོད་ངེས། བཅོས་སྒྱུར་སྒོ་འབྱེད་ནི་མི་དམངས་དུང་ཕྱུར་མང་པོའི་རང་ཉིད་ཀྱི་ལས་དོན་ཡིན་པས། མི་དམངས་ཡོངས་མཉམ་དུ་ཟབ་ཞུགས་བྱེད་དགོས་པ་དང་། རྡོག་རྩ་གཅིག་སྒྲིལ་གྱིས་དཀའ་ངལ་ཁྱད་བསད་བྱེད་དགོས། མི་དམངས་ལྟེ་བར་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ཏེ་བཅོས་སྒྱུར་ལ་སྐུལ་འདེད་གཏོང་བ་དང་། ཕན་འབྲས་དངོས་དང་མི་དམངས་མང་ཚོགས་ཀྱི་བློ་ཡིད་ཚིམ་ཚད་ལ་བརྟེན་ནས་བཅོས་སྒྱུར་ལ་ཞིབ་བཤེར་བྱས་ཏེ། བཅོས་སྒྱུར་ཁྲོད་མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་། བདེ་སྣང་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། གླེང་ཕྱོགས་ཀྱི་ཁྲིད་སྟོན་ཡང་དག་ཡིན་ཚེ་མི་སེམས་གོང་བུར་སྒྲིལ་ཐུབ་པ་དང་སྟོབས་ཤུགས་གཅིག་ཏུ་སྒྲིལ་ནས། གླེང་ཕྱོགས་བཟང་པོ་དེ་བཅོས་སྒྱུར་འཕེལ་རྒྱས་ཀྱི“སྐུལ་འདེད་ཡོ་བྱད”ལྟ་བུར་འགྱུར་སྲིད། ཡང་དག་པའི་གླེང་ཕྱོགས་ཀྱི་ཁྲིད་སྟོན་ཁོང་དུ་ཆུད་པར་བྱས་ཏེ། ནུས་ཤུགས་ཡོད་རྒུས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ལ་བརྟེན་ནས་བསམ་བློ་གཅིག་གྱུར་དང་། སྟོབས་ཤུགས་གཅིག་སྒྲིལ། མཐུན་སྒྲིལ་བརྟན་བརླིང་གི་ངར་ཤུགས་དང་དྲང་ཕྱོགས་ཀྱི་དྲིལ་བསྒྲགས་གཙོ་བོར་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ། མང་ཚོགས་ཉེ་འགྲམ་གྱི་གཏམ་རྒྱུད་ཆུང་ངུ་སྤྱོད་མཁས་པོ་བྱས་ཏེ་བཅོས་སྒྱུར་གྱི་གནས་ལུགས་ཆེན་པོ་ཡག་པོར་བཤད་པ་དང་། དུས་ཐོག་ཏུ་དོགས་གནད་དང་ཐེ་ཚོམ་སེལ་བ། སྤྱི་ཚོགས་ཀྱི་དོ་ཁུར་ལ་ཨ་ལན་སློག་པ། ཆེས་རྒྱ་ཆེའི་མི་དམངས་ཀྱི་བློ་གྲོས་དང་སྟོབས་ཤུགས་དེ་བཅོས་སྒྱུར་གྱི་སྟེང་གཅིག་ཏུ་སྒྲིལ་བ། ཧུར་ཐག་གིས་བཅོས་སྒྱུར་ལ་རྒྱབ་སྐྱོར་བྱེད་པ་དང་བཅོས་སྒྱུར་ཁྲོད་ཧུར་ཐག་གིས་ཞུགས་པའི་གསོན་ཉམས་ལྡན་པའི་རྣམ་པ་ཆགས་པར་སྐུལ་འདེད་གཏོང་དགོས།
ད་ལྟ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་རླབས་ཆེའི་གྲུབ་འབྲས་ཐོབ་ཡོད་པ་མ་ཟད་འོད་སྟོང་རབ་ཏུ་འཕྲོ་བའི་མདུན་ལྗོངས་ཀྱང་ལྡན་ཡོད། དུས་མཚུངས་སུ། མདུན་སྐྱོད་ཀྱི་ལམ་བུ་བདེ་མི་སྲིད་པས། དེར་དཀའ་སྡུག་དང་ཉེན་ཁ་འཕྲད་ངེས་ཡིན་པ་དང་། རྦ་རླབས་དྲག་པོ་དང་ཐ་ན་རྦ་རླབས་འཇིགས་སུ་རུང་བ་སོགས་པའི་ཉམས་སད་ཆེན་པོར་འཕྲད་སྲིད། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་སྔར་ལས་དམ་ཟབ་བྱེད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ། ཐུན་མོང་གི་ངོས་འཛིན་རྒྱ་ཁྱབ་སྒོས་གཅིག་སྡུད་བྱེད་པ། དགེ་མཚན་ལྡན་པའི་རྒྱུ་རྐྱེན་མཐའ་དག་ལ་སྐུལ་སློང་གང་ལེགས་བྱེད་པ། སེམས་པ་གཅིག་ཏུ་སྒྲིལ་བ་དང་ནུས་ཤུགས་གཅིག་ཏུ་བཏོན་ནས་བཅོས་སྒྱུར་དང་འཕེལ་རྒྱས་ཀྱི་གནམ་ས་གསར་པ་ནུས་ཤུགས་ཡོད་རྒུས་བསྐྲུན་ན། ང་ཚོའི་ལས་དོན་ལ་རྒྱལ་ཁ་མི་ཐོབ་པ་ཅི་ཡང་མེད།
ཤ་བོ་རིན་མཚོས་བསྒྱུར།