ཚན་རིག་དང་མཐུན་པའི་བྱེད་ཐབས་སྤྱད་དེ་བཅོས་སྒྱུར་ལ་མཛུབ་སྟོན་དང་སྐུལ་འདེད་གཏོང་བ་རྒྱུན་འཁྱོངས་བྱེད་དགོས།
2024.11.06 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 19

 སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཞིང་ཆེན་དང་པུའུ་རིམ་པའི་ཆེད་དོན་བགྲོ་གླེང་འཛིན་གྲྭ་སློབ་འགོ་རྩོམ་པའི་མཛད་སྒོའི་ཐོག་གནང་བའི་གསུང་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་སྐོར་གླེང་བ།

མི་དམངས་ཉིན་རེའི་ཚགས་པར་གྱི་དཔྱད་བརྗོད་པས་སྤེལ་བའི་དཔྱད་གཏམ། 

“བཅོས་སྒྱུར་ནི་བརྒྱུད་རིམ་ལྡན་པའི་བཟོ་འགོད་ཅིག་ཡིན་པས་ཚན་རིག་དང་མཐུན་པའི་བྱེད་ཐབས་སྤྱོད་པར་མཐོང་ཆེན་བྱེད་དགོས”།    ཞིང་ཆེན་དང་པུའུ་རིམ་པའི་འགོ་ཁྲིད་ལས་བྱེད་པ་གཙོ་བོས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཆེད་དོན་བགྲོ་གླེང་འཛིན་གྲྭ་སློབ་འགོ་རྩོམ་པའི་མཛད་སྒོའི་ཐོག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཅོས་སྒྱུར་སྔར་ལས་ཕྱོགས་ཡོངས་ནས་ཟབ་སྤེལ་བྱེད་པའི་ཐད་ཕྱོགས་མང་པོའི་འབྲེལ་བ་ཐག་གཅོད་ཡག་པོ་བྱེད་པར་བླང་བྱ་གསལ་བོ་བཏོན་ཡོད་ལ། “བཅོས་སྒྱུར་དང་ཁྲིམས་སྐྱོང་ཕན་ཚུན་གཅིག་གྱུར་ཡོང་བ་རྒྱུན་འཁྱོངས”དང“གཏོར་བ་དང་འཛུགས་པའི་རྩོད་སྒྲུབ་གཅིག་གྱུར་ཡོང་བ་རྒྱུན་འཁྱོངས”།  “བཅོས་སྒྱུར་དང་སྒོ་འབྱེད་ཕན་ཚུན་གཅིག་གྱུར་ཡོང་བ་རྒྱུན་འཁྱོངས”།  “བཀོད་སྒྲིག་དང་དོན་འཁྱོལ་གྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱེད་པ”སོགས་ཀྱི་ཐད་རྒྱས་བཤད་གཏིང་ཟབ་གནང་ཡོད།

བཅོས་སྒྱུར་ཐད་གཏོར་འཛུགས་གཉིས་ཀ་ཡོད་དགོས། བྱེད་ཐབས་བཟང་ན་ལས་དོན་ལེགས་པོར་བསྒྲུབ་ཐུབ། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཅོས་སྒྱུར་ཕྱོགས་ཡོངས་ནས་ཟབ་སྤེལ་བྱེད་པའི་ནང་གནས་ཀྱི་ཆོས་ཉིད་ཚན་རིག་དང་མཐུན་པའི་སྒོ་ནས་སྟངས་འཛིན་གནང་བར་མ་ཟད། གསར་གཏོད་རང་བཞིན་གྱི་སྒོ་ནས་བཅོས་སྒྱུར་ཕྱོགས་ཡོངས་ནས་ཟབ་སྤེལ་བྱེད་པའི་ཚན་རིག་དང་མཐུན་པའི་བྱེད་ཐབས་དང་ཐབས་ལམ་བཟང་པོ་བཏོན་པར་བརྟེན་བཅོས་སྒྱུར་སྒོ་འབྱེད་བྱས་ཚུན་གྱི་ཕུན་སུམ་ཚོགས་པ་དང་ཆ་ཚང་བ།  བརྒྱུད་རིམ་ལྡན་པ་བཅས་ཀྱི་བཅོས་སྒྱུར་ཀྱི་བརྟག་ཐབས་སྨྲ་བ་གྲུབ་ཡོད། དུས་རབས་གསར་པར་བཅོས་སྒྱུར་ཕྱོགས་ཡོངས་ནས་ཟབ་སྤེལ་བྱེད་པར་ལོ་རྒྱུས་རང་བཞིན་གྱི་རླབས་ཆེན་གྲུབ་འབྲས་ཐོབ་དོན་ནི་ཡང་དག་པའི་ཁ་ཕྱོགས་སྟངས་འཛིན་དང་ཚན་རིག་དང་མཐུན་པའི་བྱེད་ཐབས་སྟངས་འཛིན་བྱས་པས་ཡིན།  ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི《གཏན་འབེབས》ནང“མ་ལག་འདུས་གྲུབ་ལ་སྔར་ལས་མཐོང་ཆེན་དང་། གཙོ་གནད་འབུར་ཐོན་ལ་སྔར་ལས་མཐོང་ཆེན།  བཅོས་སྒྱུར་ཀྱི་ཕན་འབྲས་དངོས་ལ་སྔར་ལས་མཐོང་ཆེན་བཅས་བྱེད་དགོས་པ”དང་།  “རྩེ་རིམ་ཇུས་འགོད་དང་། སྤྱི་ཡོངས་འཆར་འགོད། གཏོར་འཛུགས་མཉམ་སྤེལ། སྔོན་འཛུགས་རྗེས་གཏོར་བཅས་ལ་ཤུགས་སྣོན་དགོས་པ”སོགས་ཀྱི་བླང་བྱ་བཏོན་ཡོད་པས།  ང་ཚོས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་མོ་བྱས་ཏེ། སྤྱི་ཡོངས་ཀྱི་འདུ་ཤེས་དང་མ་ལག་གི་བསམ་གཞིགས་ཇུས་འགོད་ལ་བརྟེན་ནས་སྐུལ་འདེད་གཏོང་བ་རྒྱུན་འཁྱོངས་དང་། གཟེར་འདེབས་ཀྱི་སྙིང་སྟོབས་ལ་བརྟེན་ནས་བཅོས་སྒྱུར་དོན་འཁྱོལ་དམ་འཛིན་ཡག་པོ་བྱས་ཏེ། བཅོས་སྒྱུར་ཀྱི་བརྒྱུད་རིམ་རང་བཞིན་དང་། སྤྱི་ཡོངས་རང་བཞིན། མཐུན་སྦྱོར་རང་བཞིན་བཅས་ཏན་ཏིག་གིས་ཆེ་རུ་གཏོང་དགོས།

བཅོས་སྒྱུར་དང་ཁྲིམས་སྐྱོང་ཕན་ཚུན་གཅིག་གྱུར་ཡོང་བ་རྒྱུན་འཁྱོངས་བྱེད་རྒྱུ་དེ་ནི་བཅོས་སྒྱུར་སྔར་ལས་ཕྱོགས་ཡོངས་ནས་ཟབ་སྤེལ་བྱེད་པའི་རྩ་དོན་གལ་ཆེན་ཞིག་ཡིན། བཅོས་སྒྱུར་དང་ཁྲིམས་སྐྱོང་ནི་བྱ་ཡི་གཤོག་ཟུང་དང་རླངས་འཁོར་གྱི་འཁོར་ཟུང་དང་འདྲ་བར་གཅིག་ལ་གཅིག་བརྟེན་ཞིག་ཡིན་པས་གཅིག་ཀྱང་མེད་མི་རུང་།  བཅོས་སྒྱུར་ཀྱི་སྟོབས་ཤུགས་ལ་བརྟེན་ནས་ཁྲིམས་སྐྱོང་འཐུས་ཚང་དུ་གཏོང་བ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་མ་ལག་རྒྱུན་ཆད་མེད་པར་འཐུས་ཚང་དུ་གཏོང་བ། བཅོས་སྒྱུར་ཀྱི་འགོག་རྐྱེན་སེལ་བ་དང་བཅོས་སྒྱུར་ཀྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བའི་ཁྲོད་ཀྱི་ཁྲིམས་སྐྱོང་གི་དགེ་མཚན་ལྡན་པའི་ནུས་པ་སྔར་ལས་འདོན་སྤེལ་ལེགས་པོ་བྱེད་པ།  ཁྲིམས་སྐྱོང་གི་བསམ་གཞིག་དང་ཁྲིམས་སྐྱོང་གི་བྱེད་ཐབས་སྤྱོད་མཁས་པོ་བྱས་ནས་བཅོས་སྒྱུར་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཚེ། གཞི་ནས་ཁྲིམས་སྐྱོང་གི་འགྲོ་ལམ་ཐོག་བཅོས་སྒྱུར་བརྟན་བརླིང་ངང་མདུན་དུ་སྐྱོད་པར་སྐུལ་འདེད་གཏོང་ཐུབ། དྲང་གཞག་དྲང་བདེན་ནི་ཁྲིམས་སྐྱོང་གི་སྲོག་རྩ་ལྟ་བུ་ཡིན་པས། སྤྱི་ཚོགས་དྲང་གཞག་དྲང་བདེན་ལ་སྐུལ་འདེད་གཏོང་རྒྱུ་ནི་བཅོས་སྒྱུར་ཕྱོགས་ཡོངས་ནས་ཟབ་སྤེལ་བྱེད་པའི་འགོ་རྩོམ་ས་དང་རྐང་ཚུགས་ས་གལ་ཆེན་ཞིག་ཡིན། བཅའ་ཁྲིམས་ཀྱི་མདུན་དུ་མི་ཚང་མ་འདྲ་མཉམ་ཡིན་པ་རྒྱུན་འཁྱོངས་བྱས་ཏེ། སྤྱི་དམངས་ཡོངས་དང་ཁྲིམས་མིའི་ཁྲིམས་མཐུན་ཁེ་དབང་འདྲ་མཉམ་ངང་སྲུང་སྐྱོབ་བྱེད་པ་ལས།  གདམ་གསེས་རང་བཞིན་གྱིས་ཁྲིམས་ལག་བསྟར་བྱེད་མི་རུང་ལ།  ཁྲིམས་བསྐྱུར་གུ་ཡངས་གཏན་ནས་བྱེད་མི་རུང་།

གཏོར་བ་དང་འཛུགས་པའི་རྩོད་སྒྲུབ་གཅིག་གྱུར་རྒྱུན་འཁྱོངས་བྱེད་རྒྱུ་ནི་བཅོས་སྒྱུར་སྔར་ལས་ཕྱོགས་ཡོངས་ནས་ཟབ་སྤེལ་བྱེད་པའི་ནང་གནས་ཀྱི་བླང་བྱ་ཡིན། བཅོས་སྒྱུར་ནི་རྙིང་གཏོར་གསར་འཛུགས་ཀྱི་བརྒྱུད་རིམ་ཞིག་ཡིན་ཞིང་། གཏོར་བ་ནི་བྱེད་ཐབས་དང་འཛུགས་པ་ནི་དམིགས་ཡུལ་ཡིན། གཏོར་འཛུགས་མཉམ་སྤེལ་དང་། སྔོན་འཛུགས་རྗེས་གཏོར། འཛུགས་གཏོར་མི་བྱེད་པ་བཅས་རྒྱུན་འཁྱོངས་བྱ་རྒྱུ་དེ་ནི། ང་ཚོའི་ཏང་གི་ཡུན་རིང་འབད་འཐབ་ཁྲོད་ཐོབ་པའི་རྩ་ཆེའི་ཉམས་མྱོང་ཞིག་ཡིན་པ་མ་ཟད། བརྟན་ཐོག་ཡར་འཕེལ་གྱི་བྱ་བའི་སྤྱིའི་དགོངས་གཞིའི་རྒྱལ་སྲིད་སྐྱོང་ལུགས་ཀྱི་རྩ་དོན་གལ་ཆེན་དེ་མངོན་ཡོད།  བཅོས་སྒྱུར་སྔར་ལས་ཕྱོགས་ཡོངས་ནས་ཟབ་སྤེལ་བྱེད་པར་ལམ་ལུགས་འཛུགས་སྐྲུན་གཙོ་གནད་དུ་འཛིན་པ་རྒྱུན་འཁྱོངས་བྱས་ཏེ། གཏོར་འཛུགས་མཉམ་སྤེལ་དང་སྔོན་འཛུགས་རྗེས་གཏོར་སྔར་ལས་འབུར་དུ་ཐོན་པར་བྱས་ནས། འཛུགས་དགོས་རིགས་རང་འགུལ་ངང་བཙུགས་ཏེ་བརྟན་པོར་འཛུགས་ཐུབ་པ་དང་། སྤྱོད་ཐུབ་པ། དངོས་གནས་ཕན་ཐོགས་པ་བཅས་བྱེད་དགོས། གཏོར་དགོས་རིགས་འཛུགས་པའི་རྨང་གཞིའི་ཐོག་དུས་ཐོག་ཏུ་གཏོར་བ་དང་། མཐའ་གཅིག་ཏུ་གཏོར་བ།  ཡོངས་སུ་གཏོར་བ་བཅས་བྱེད་དགོས།

བཅོས་སྒྱུར་དང་སྒོ་འབྱེད་ཕན་ཚུན་གཅིག་གྱུར་ཡོང་བ་རྒྱུན་འཁྱོངས་བྱེད་རྒྱུ་ནི་བཅོས་སྒྱུར་སྔར་ལས་ཕྱོགས་ཡོངས་ནས་ཟབ་སྤེལ་བྱེད་པའི་ལྡོག་མེད་ཀྱི་གདམ་ག་ཞིག་ཡིན།  བཅོས་སྒྱུར་སྔར་ལས་ཕྱོགས་ཡོངས་ནས་ཟབ་སྤེལ་དང་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་ནི་གཅིག་རམ་གཅིག་འདེགས་དང་ཕན་ཚུན་སྐུལ་འདེད་གཏོང་བ་ཞིག་ཡིན། བཅོས་སྒྱུར་ཇི་ཙམ་ཟབ་ན། སྒོ་འབྱེད་ཆུ་ཚད་ཀྱི་བླང་བྱ་དེ་ཙམ་གྱིས་མཐོ་བ་དང་།  སྒོ་འབྱེད་ཀྱི་ཆུ་ཚད་ཇི་ཙམ་མཐོ་ན། བཅོས་སྒྱུར་ལ་སྐུལ་འདེད་གཏོང་བའི་ནུས་པ་དེ་བས་མཐོ།   སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཀྲུང་གོའི་སྒོ་འབྱེད་ཀྱི་སྒོ་མོ་ཆེན་པོ་རྒྱག་མི་སྲིད་པར་ཇི་ཙམ་ཕྱེ་བ་དེ་ཙམ་གྱིས་ཆེ་རུ་འགྲོ་སྲིད”ཅེས་ནན་བཤད་ཐེངས་མང་གནང་ཡོད། ང་ཚོས་བཏོད་པའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ནི་ཕྱི་བཀག་ནང་སྡོམ་གྱི་རྒྱལ་ནང་གི་འཁོར་སྐྱོད་རྐྱང་པ་ཞིག་གཏན་ནས་མིན་པར། སྒོ་འབྱེད་དང་ཕན་ཚུན་སྐུལ་འདེད་གཏོང་བའི་རྒྱལ་ནང་དང་རྒྱལ་སྤྱིའི་འཁོར་སྐྱོད་གཉིས་ཡིན།  མ་འོངས་པར་ཁ་ཕྱོགས་ནས།  ལམ་ལུགས་ཅན་གྱི་སྒོ་འབྱེད་བརྟན་བརླིང་ངང་ཆེ་རུ་གཏོང་བ་དང་། རྒྱལ་སྤྱིའི་ཚད་གཞི་མཐོ་བའི་དཔལ་འབྱོར་ཉོ་ཚོང་སྒྲིག་སྲོལ་དང་རང་འགུལ་ངང་འབྲེལ་མཐུད་བྱེད་པ། ཕྱི་ཕྱོགས་ཉོ་ཚོང་དང་། ཕྱི་རྒྱལ་གྱི་ཚོང་པས་མ་དངུལ་གཏོང་བ། ཕྱི་ཕྱོགས་ལ་མ་དངུལ་གཏོང་བ་བཅས་ཀྱི་དོ་དམ་སྒྲིག་སྲོལ་བཅོས་སྒྱུར་ཟབ་སྤེལ་བྱེད་པ། ཚོང་ར་ཅན་དང་། ཁྲིམས་སྐྱོང་ཅན། རྒྱལ་སྤྱི་ཅན་བཅས་ཀྱི་ཚོང་གཉེར་ཁོར་ཡུག་རྩེར་སོན་བསྐྲུན་པ།  སྒོ་འབྱེད་ལ་བརྟེན་ནས་བཅོས་སྒྱུར་ལ་སྐུལ་འདེད་དང་། འཕེལ་རྒྱས་ལ་སྐུལ་འདེད། གསར་གཏོད་ལ་སྐུལ་འདེད་བཅས་བྱས་ཚེ།  ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཕེལ་རྒྱས་གཏོང་བའི་བར་སྟོང་རྒྱུན་ཆད་མེད་པར་ཆེ་རུ་གཏོང་ཐུབ་ངེས་ཡིན།

བཀོད་སྒྲིག་དང་དོན་འཁྱོལ་གྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱེད་པ་དེ་ནི་བཅོས་སྒྱུར་སྔར་ལས་ཕྱོགས་ཡོངས་ནས་ཟབ་སྤེལ་བྱེད་པའི་གནད་འགག་ཡིན།   བཅོས་སྒྱུར་བྱེད་པར་ཇུས་འགོད་ལ་མཐོང་ཆེན་བྱེད་དགོས་ལ་དོན་འཁྱོལ་ལ་དེ་བས་ཀྱང་དམ་འཛིན་ཡག་པོ་བྱེད་དགོས།  ཚང་འཛོམས་གྲོས་ཚོགས་ཀྱི《གཏན་འབེབས》ནང་བཏོན་པའི་བཅོས་སྒྱུར་ཀྱི་བཀོད་སྒྲིག་གཙོ་བོ་ནི་འཐབ་ཇུས་རང་བཞིན་དང་། རྒྱང་ལྟའི་རང་བཞིན། ཁ་ཕྱོགས་རང་བཞིན་བཅས་ཡིན་པས།  ལག་ལེན་བྱེད་ཆོག་པའི་བཅོས་སྒྱུར་གྱི་ཇུས་གཞི་བཟོ་དགོས།  བཅོས་སྒྱུར་ཀྱི་ཇུས་གཞི་ཇུས་འགོད་བྱེད་པར་ངེས་པར་དུ་ཕྱི་རོལ་ཡུལ་གྱི་ཆོས་ཉིད་ཁོང་དུ་ཆུད་པ་དང་བཅོས་སྒྱུར་གྱི་བྱེད་ཐབས་སྣ་ཚོགས་མཐུན་སྦྱོར་འཐུས་ཚང་ཡོང་བར་དོ་སྣང་བྱས་ཏེ། བཅོས་སྒྱུར་ཁ་ཕྱོགས་ཀྱི་གཅིག་མཐུན་རང་བཞིན་ཆེ་རུ་གཏོང་དགོས། འགན་འཁྲི་ཁ་གསལ་དང་། ཕྲེང་སྦྲེལ་ཆ་ཚང་བ། གཅིག་ལ་གཅིག་འབྲེལ་བཅས་ཀྱི་བྱ་བའི་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་བ་དང་། རྗེས་སྙེག་ནུས་འདྲི་བྱེད་ཤུགས་ཆེ་རུ་གཏོང་བ།  བཅོས་སྒྱུར་བྱེད་ཐབས་དོན་འཁྱོལ་བྱེད་པར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། ཡིག་ཆ་གལ་ཆེན་གཏན་འབེབས་བྱེད་པར་མཐོང་ཆེན་དང་། ལྟ་སྐུལ་དོན་འཁྱོལ་བྱེད་པར་སྣང་ཆུང་བྱེད་པ་སོགས་ཀྱི་སྣང་ཚུལ་སྔོན་འགོག   བཅོས་སྒྱུར་གྱི“ཐོག་མའི་སྤྱི་ལེ་གཅིག་”དང“མཐའ་མའི་སྤྱི་ལེ་གཅིག་”གི་འབྲེལ་བ་ཐག་གཅོད་ལེགས་པོ་བཅས་བྱས་ཏེ། ཕན་འབྲས་དངོས་ཐོབ་པར་བརྩོན་ལེན་བྱེད་དགོས།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་དང་ལོ་རྒྱུས་ཀྱི་ལས་འགན་སྒྲུབ་སེམས་ཇེ་ཆེར་བཏང་སྟེ། མཁྲེགས་གཏོར་དཀའ་སེལ་དང་དཀའ་ངལ་ལ་མི་འཛེམ་པར་མདུན་དུ་སྐྱོད་པའི་ཆབ་སྲིད་ཀྱི་བློ་སྟོབས་ལ་བརྟེན་ནས། འགལ་བ་དང་གནད་དོན་ལ་ཁ་གཏད་འཇལ་བར་མི་གཡོལ་བ་དང་། གནད་དོན་ངན་རེངས་སེལ་བར་ཐེ་ཚོམ་མི་བྱེད་པ། ཉེན་ཁ་དང་འགྲན་སློང་ལ་ཁ་གཏད་འཇལ་བར་ཕྱིར་བཤོལ་མི་བྱེད་པ་བཅས་བྱེད་དགོས”ཞེས་ནན་བཤད་གནང་ཡོད། བསམ་བློ་དང་བྱ་སྤྱོད་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སྟེང་གཅིག་གྱུར་ཡོང་བར་བྱས་ནས། བཅོས་སྒྱུར་ཁྲོད་ཚ་ཚ་འུར་འུར་ངང་ཞུགས་པའི་འདུ་ཤེས་བརྟན་པོར་འཛུགས་པ་དང་། ཚན་རིག་དང་མཐུན་པའི་བྱེད་ཐབས་སྤྱོད་མཁས་པོ་བྱས་ནས། བཅོས་སྒྱུར་ལ་སྐུལ་འདེད་གཏོང་བ་དང་། འབད་འབུངས་ཡར་བརྩོན་དང་དཔའ་ངར་ཆེར་སྐྱེད་བཅས་བྱས་ཚེ། བཅོས་སྒྱུར་དང་འཕེལ་རྒྱས་ཀྱི་གནམ་ས་གསར་པ་རྒྱུན་ཆད་མེད་པར་གཏོད་ཐུབ་པ་དང་ལོ་རྒྱུས་དང་མི་དམངས་ཀྱི་ཞིབ་བཤེར་ཐེག་ཐུབ་པའི་གྲུབ་འབྲས་དངོས་གཏོད་ཐུབ་ངེས་ཡིན།

སྒྲོལ་མ་སྐྱིད་ཀྱིས་བསྒྱུར།