2023ལོར་མཚོ་སྔོན་ཞིང་ཆེན་གྱི་ནུབ་རྒྱུད་དུ་གནས་པའི་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་ཐེར་ཆེན་བརྒྱད་དང་ཐེར་འབུམ་གཉིས་དུང་ཕྱུར་བརྒྱད་ལྷག་ཟིན་ཏེ་བསྟུད་མར་མཚོ་སྔོན་ཞིང་ཆེན་གྱི་མདུན་གྲལ་དུ་སླེབས་པ་དང་། མི་རེའི་ཆ་སྙོམས་ཀྱི་རྒྱལ་དམངས་ཐོན་སྐྱེད་སྤྱིའི་ཐོན་རིན་སྒོར་འབུམ་གཅིག་ཁྲི་བདུན་ལྷག་ཏུ་འཕར་ཏེ་མཚོ་སྔོན་ཞིང་ཆེན་གྱི་ཨང་དང་པོར་སླེབས་ཡོད།
གཞི་གྲངས་གསར་པ་རེ་རེ་བཞིན་ཐོན་པ་དང་། ཐོན་ལས་རེ་རེ་བཞིན་འཕེལ་རྒྱས་མགྱོགས་པ། རྣམ་གྲངས་རེ་རེ་བཞིན་སྐུལ་འདེད་མགྱོགས་པོ་བྱུང་བ། མང་ཚོགས་ལ་མིག་མཐོང་ལག་ཟིན་གྱི་ཕན་འབྲས་མང་པོ་ཐོབ་པ་བཅས་ཀྱི་ཁྲོད་དུ་མཚོ་ནུབ་ཀྱི་གྲུབ་ཆ་ལེགས་སྒྲིག་དང་། གསོན་ཤུགས་འཕེལ་བ། བརྟན་ཐོག་ཡར་འཕེལ་བཅས་ཀྱི་འཕེལ་རྒྱས་ཀྱི་བསམ་ཕྱོགས་གསར་པ་འདུས་ཡོད་ལ། མཚོ་ནུབ་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འགྲོ་ལམ་དུ་བསྐྱོད་པའི་འཕེལ་ཕྱོགས་ཆེན་པོར་བདེན་དཔང་ཡང་བྱས་ཡོད།
ནུས་ཁུངས་གཙང་མའི་ཐོན་ལས་ཀྱི་མཐོ་ས་བསྐྲུན་པའི་ཐད་མཚོ་ནུབ་ཀྱིས་འབད་འཐབ་ཆེན་པོ་བྱེད་བཞིན་ཡོད། མང་ཡའི་ཐེན་མང་ནུས་ཁུངས་གསར་པ་ཚད་ཡོད་ཀུང་སིར་བསྐྱོད་སྐབས། མུ་མཐའ་མེད་པའི་མཐིང་མདོག་གི་འོད་ཤུགས་ཤེལ་ལེབ་དག་ནི་གཡུ་ཞུན་གྱི་རྒྱ་མཚོ་དང་འདྲ་བར་ཉི་འོད་འོག་ཏུ་འོད་ལམ་ལམ་དུ་འཚེར། ལས་གཞིའི་འགན་འཁུར་བ་ཏའེ་ཡུས་ལིན་གྱིས་ངོ་སྤྲོད་བྱས་པ་ལྟར་ན། མང་ཡའི་ཐེན་མང་ནུས་ཁུངས་གསར་པ་ཚད་ཡོད་ཀུང་སིའི་སྟོང་ཝ་ས་ཡ་གཅིག་འབུམ་ལྔ་ཟིན་པའི་རླུང་གློག་གསོག་འཇོག་དང་གསབ་རེས་ཀྱི་དཔེ་སྟོན་ལས་གཞིའི་དུས་ཐེངས་དང་པོའི་སྟོང་ཝ་འབུམ་གཉིས་ཟིན་པའི་རླུང་གློག་དང་། སྟོང་ཝ་འབུམ་གཅིག་ཟིན་པའི་འོད་ཤུགས་ཀྱི་གཞི་གཅིག་ཅན་གྱི་ལས་གཞི་འཁོར་སྐྱོད་བརྟན་བརླིང་ཡིན་པ་དེ་ནི་མིག་སྔར་མཚོ་སྔོན་དུ་མཐོ་ཚད་སྨི་30ཟིན་པའི་ཨར་འདམ་ལྕགས་རྩིབས་མའི་འདེགས་སྒྲོམ་དང་ལྕགས་སྒྲོམ་ཟུང་འབྲེལ་ལག་རྩལ་སྤྱད་པའི་ལས་གཞི་གཅིག་པུ་དེ་ཡིན།
རྒྱུས་ལོན་པ་ལྟར་ན། 2023ལོ་ནས་བཟུང་། མཚོ་ནུབ་ཁུལ་གྱིས་ལྗང་མདོག་རྩིས་ནུས་འཕེལ་རྒྱས་བཏང་བ་ལས་བྱུང་བའི་འཐབ་ཇུས་ཀྱི་གོ་སྐབས་དམ་འཛིན་ལྷོད་མེད་བྱས་ཏེ་ནུས་ཁུངས་གཙང་མར་བརྟེན་ནས་ལྗང་མདོག་རྩིས་ནུས་འཕེལ་རྒྱས་གཏོང་བ་དང་། ལྗང་མདོག་གློག་ཤུགས་ལྗང་མདོག་རྩིས་ནུས་ལ་བསྒྱུར་བར་སྐུལ་འདེད་གཏོང་བ། ལྗང་མདོག་རྩིས་ནུས་ཀྱི་མཐུན་རྐྱེན་དམ་འཛིན་ལྷོད་མེད་བྱེད་པ་བཅས་བྱས་ཏེ། སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་བའི་མ་དཔེ་གསར་པ་བསྐྲུན་ཡོད། 2023ལོའི་ལོ་མཇུག་བར། མཚོ་ནུབ་ཁུལ་གྱི་ནུས་ཁུངས་གཙང་མའི་གློག་ཤུགས་ཀྱི་གློག་འདོན་འཕྲུལ་འཁོར་གཙོ་བོ་ནས་གློག་གཏོང་ཚད་སྟོང་ཝ་བྱེ་བ་གཅིག་ས་ཡ་བརྒྱད་འབུམ་བརྒྱད་ལྷག་ཟིན་ཏེ་ཞིང་ཆེན་ཡོངས་ཀྱི37%ཟིན་ཡོད།
གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་གཏོང་བའི་ཁྲོད། མཚོ་ནུབ་ཁུལ་གྱིས་གྲོང་གསེབ་ཀྱི་ཐོན་ལས་དང་། འཇོན་མི། རིག་གནས། སྐྱེ་ཁམས། རྩ་འཛུགས་བཅས་ལ་དམིགས་ནས། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་དུ་གཏོང་རྒྱུ་དེ་གྲོང་གསེབ་དར་སྤེལ་དང་སྦྲེལ་མཐུད་ནུས་ལྡན་བྱེད་པའི་སྲིད་ཇུས་མ་ལག་བསྐྲུན་ནས་ཐོན་ལས་སྐྱེད་སྲིང་དང་། འཛུགས་སྐྲུན་དམ་འཛིན། ཞན་ཆ་སེལ་བ། ཞབས་ཞུར་ཤུགས་སྣོན། འཇོན་མི་གསོ་སྐྱོང་བཅས་ལ་ཤུགས་བསྣན་ཏེ། སྣ་མང་ཅན་གྱི་མཚོ་ནུབ་ཁུལ་གྱི་གྲོང་གསེབ་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་བཏོད་ཡོད། ཁུལ་ཡོངས་ཀྱི་དབུལ་ཐར་མི་གྲངས་ཀྱི་ཡོང་འབབ་རྒྱུན་མཐུད་དང་བརྟན་བརླིང་ངང་འཕར་བ་དང2023ལོར་གྲོང་གསེབ་སྡོད་དམངས་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི2ལྷག་ལ་སླེབས་ཡོད།
ཐོན་ལས་དར་རྒྱས་ནི་གྲོང་གསེབ་དར་སྤེལ་གཏོང་བའི་གཙོ་གནད་ཡིན་ཞིང་། ཝུའུ་ལན་རྫོང་གི་དོན་དངོས་དང་མཐུན་པའི་ཐོན་ལས་འཕེལ་རྒྱས་ཀྱི་ལམ་བུ་འཚོལ་ཞིབ་བྱེད་ཆེད། ཝུའུ་ལན་རྫོང་རྩ་འཛུགས་སྡེ་ཁག་གིས་ཝུའུ་ལན་རྫོང་གི་ས་བབ་ཀྱི་ལེགས་ཆ་དང་ཐོན་ཁུངས་ཀྱི་ཐུན་མོང་མ་ཡིན་པའི་དགེ་མཚན་འདོན་སྤེལ་ལེགས་པོ་བྱས་ཏེ། འཕང་འབྲས་ སོགས་ཁྱད་ལྡན་འདེབས་འཛུགས་ཐོན་ལས་འཕེལ་རྒྱས་སུ་བཏང་། དཔེ་སྟོན་རྟེན་གཞི་འཛུགས་པ་དང་། སྣ་ཁ་གསར་པ་དང་ལག་རྩལ་གསར་པ་ཁྱབ་གདལ་གཏོང་བ། སྤུས་རྟགས་འཛུགས་སྐྲུན་ལ་ཤུགས་སྣོན་པ་སོགས་ཀྱི་བྱེད་ཐབས་སྤྱད་དེ། ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་དང་ཁྲོམ་རའི་འགྲན་རྩོད་ནུས་པ་ཆེ་རུ་བཏང་། གྲོང་གསེབ་ཀྱི་ཡུལ་སྐོར་ཐད་ལ་ཝུའུ་ལན་རྫོང་ཏང་ཨུའི་རྩ་འཛུགས་པུའུ་ཡིས་ཡུལ་སྐོར་དང་ཞིང་ལས་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་ཆེན་པོ་བཏང་། ཚྭ་ཁ་གཞི་རྟེན་དུ་བྱས་ནས་ཁྱད་ཆོས་ལྡན་པའི་གྲོང་གསེབ་ཡུལ་སྐོར་གྱི་དམངས་སྲོལ་དམངས་ཤག་ཁག་གཅིག་བཏོད་དེ་ཡུལ་དེའི་ཞིང་བའི་ཡོང་འབབ་འཕར་བར་སྐུལ་ཁྲིད་བྱས།
ཉེ་བའི་ལོ་ཤས་རིང་། མཚོ་ནུབ་ཁུལ་གྱིས་ནུས་ཤུགས་ཡོད་རྒུས་རྗེས་ལུས་ཀྱི་ཐོན་ནུས་མཐའ་གཅིག་ཏུ་མེད་པར་བཟོས་ནས་ཟད་གྲོན་ཆེ་བ་དང་སྦགས་བཙོག་ཆེ་བའི་ཁེ་ལས་བཅོས་སྒྲིག་བྱེད་ཤུགས་ཆེ་རུ་བཏང་བ་དང་ཆབས་ཅིག ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་བཏང་ནས་ལྗང་མདོག་དང་། ཐཱན་ཉུང་། འཁོར་རྒྱུག་དཔལ་འབྱོར་བཅས་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས། དཔལ་འབྱོར་འཕེལ་རྒྱས་དང་སྐྱེ་ཁམས་སྲུང་སྐྱོབ་ཀྱི་མཉམ་ཤུགས་བཟང་པོ་ཆགས་པར་བྱས་ཡོད།
2023ལོའི་ཟླ10ཚེས27ཉིན། སྐྱེ་ཁམས་ཁོར་ཡུག་པུའུ་ཡིས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་དཔེ་སྟོན་ཁུལ་གྱི་མིང་ཐོ་ཁག་བདུན་པ་ཡོངས་བསྒྲགས་བྱས་ནས། ཝུའུ་ལན་རྫོང་ལ“སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་དཔེ་སྟོན་ཁུལ་ཁག་བདུན་པའི”མཚན་སྙན་ཐོབ་ཡོད། རྒྱལ་ཁབ་རིམ་པའི་སྐྱེ་ཁམས་དཔལ་ཡོན་གྱི“གསེར་གྱི་མིང་བྱང”དེ་ནི་ཝུའུ་ལན་རྫོང་གིས་འཕེལ་རྒྱས་དང་སྐྱེ་ཁམས་ཀྱི་ཚད་མཐའ་གཉིས་མཐའ་གཅིག་ཏུ་བརྟན་པོ་བསྲུངས་ནས། ལྗང་མདོག་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་ཧུར་ཐག་གིས་བསྐྱོད་པའི་དད་སེམས་དང་ཆོད་སེམས་ལས་བྱུང་བ་ཞིག་རེད།
ཉེ་བའི་ལོ་ཤས་རིང་། མཚོ་ནུབ་ཁུལ་གྱིས་རི་ཆུ་ནགས་ཞིང་དང་མཚེའུ་རྩྭ་ཐང་། བྱེ་མ། འཁྱགས་རོམ་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོབ་དང་བཅོས་སྐྱོང་མ་ལག་ལ་སྤྱི་འདོམས་སྐུལ་འདེད་བཏང་ཞིང་། མིག་སྔའི་བར། ཁུལ་ཡོངས་ཀྱི་ནགས་ཚལ་སྤྱི་ཆིང་འབུམ་དྲུག་ཁྲི་བཞི་ལྷག་དང་། རྩྭ་ཐང་སྤྱི་ཆིང་བྱེ་བ་གཅིག་ས་ཡ་གཉིས་ལྷག བརླན་ས་སྤྱི་ཆིང་ས་ཡ་གཅིག་འབུམ་བརྒྱད་ལྷག་བཅས་ཟིན་པ་དང་། ནགས་ཚལ་ཁྱབ་ཚད4.1%བར་ཇེ་མང་དུ་ཕྱིན་པ། རྩྭ་ཐང་གི་སྔོ་ཁེབས་ཁྱབ་ཚད45.38%ཟིན་ཡོད།
ཉེ་བའི་ལོ་ཤས་རིང་། མཚོ་ནུབ་ཁུལ་གྱིས་མི་རིགས་ལས་དོན་དང་མི་རིགས་མཐུན་སྒྲིལ་སྲུང་སྐྱོང་ལ་ཚད་མཐོའི་མཐོང་ཆེན་བྱས་ཤིང་། ཁུལ་ཡོངས་ཀྱི་གོང་འོག་ཚང་མས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ་གཙོ་རྐང་དུ་འཛིན་པ་རྒྱུན་འཁྱོངས་ཀྱིས་དུས་རབས་གསར་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་དོན་གྱི་མཚོ་ནུབ་ཀྱི་དཔེ་མཚོན་ཧུར་ཐག་གིས་བཏོད་ཡོད།
རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཁུལ་གསར་འཛུགས་བྱས་ནས་གྲོང་ཁྱེར་དང་རྫོང6ལ་རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གིས་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་རྫོང་གི་མཚན་སྙན་གནང་བ་སོགས། མིག་སྔའི་བར། མཚོ་ནུབ་ཁུལ་གྱིས“སེ་འབྲུའི་ཁྱིམ་གཞིས”96དང་གྲངས་ཉུང་མི་རིགས་ཀྱི་ཞབས་ཞུའི་ལྟེ་གནས5བཙུགས་ནས་སྔ་རྗེས་སུ་ཐུན་མོང43དང་མི་སྒེར56རྒྱལ་ཡོངས་ཀྱི་ཞིང་ཆེན་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་གྱི་དཔེ་ལེགས་ཐུན་མོང་དང་དཔེ་ལེགས་མི་སྒེར་ལ་བདམས་ཡོད།
བསྟུད་མར་ལོ16ལ་སྐབས་བཞི་ཡི“རྒྱལ་ཡོངས་ཀྱི་སྤྱི་ཚོགས་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་གི་ཕུལ་བྱུང་གྲོང་ཁྱེར་ལ་བདམས་པ་དང་། རྒྱལ་ཡོངས་ཀྱི་སྤྱི་ཚོགས་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་གི་བྱ་དགའ་མཐོ་ཤོས་ཏེ“ཁྲང་ཨན་བུམ་པའི”མཚན་སྙན་ཐེངས་གཉིས་ཐོབ་ཡོད། གཟི་བརྗིད་དེ་དག་ནི་མཚོ་ནུབ་ཁུལ་གྱི་ལོ་མང་རིང་གི་བདེ་འཇགས་འཛུགས་སྐྲུན་གྲུབ་འབྲས་ཀྱི་དཔང་པོ་ཡག་ཤོས་ཤིག་ཡིན་ལ། མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་མཉམ་དུ་འབད་བརྩོན་དང་འབད་འཐབ་ལྷོད་མེད་བྱས་པ་ལས་བྱུང་བའི་གྲུབ་འབྲས་ཤིག་ཀྱང་ཡིན་པ་རེད།
རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།