—མཚོ་སྔོན་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་མཚོན་བྱས་རྗེས་རིམ་བཀོད།
མཱ་མིན་ཀྲུང་གིས་ཡུལ་དངོས་སུ་གསལ་བཤད་བྱེད་བཞིན་པ།
ཁོའི་རྐང་རྗེས་གཙང་གསུམ་འབྱུང་ཡུལ་དང་མཚོ་སྔོན་པོའི་འགྲམ་རྒྱུད། ཁུ་ནུ་རི་འདབས། རྨ་ཆུ་དང་ཙོང་ཆུའི་ས་ཁུལ་བཅས་སུ་བཞག་ཡོད། ཁོའི་སྒྲོག་འགྲེལ་བྱ་ཡུལ་ནི་ཏང་ཡོན་ལས་བྱེད་པ་དང་། དགེ་རྒན་དང་ལས་བཟོ་བ། ན་གཞོན་སློབ་མ། གཞི་རིམ་མང་ཚོགས་བཅས་ཡིན་པ་དང་། ཏང་དང་རྒྱལ་ཁབ་ཀྱི་སྲིད་དོན་གལ་ཆེན་གྱི་བྱེད་ཕྱོགས་ནས་མི་རིགས་ཆོས་ལུགས་ཀྱི་སྲིད་ཇུས་དང་གཞུང་ལུགས། བསམ་བློའི་ཆབ་སྲིད་ཀྱི་སློབ་གསོ་བཅས་ཚང་མ་ཁོས་སློབ་ཁྲིད་བྱེད་ཀྱིན་ཡོད།
ལོ་ངོ་མང་པོའི་རིང་ཏང་གི་མི་རིགས་དང་ཆོས་ལུགས་ཀྱི་གཞུང་ལུགས། སྲིད་ཇུས་སློབ་ཁྲིད། ཚན་ཞིབ་བཅས་ཀྱི་ལས་ལ་གཞོལ་བའི་དགེ་རྒན་ཞིག་ཡིན་པའི་ངོས་ནས། ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭའི་མི་རིགས་ཆོས་ལུགས་སློབ་ཁྲིད་སློབ་དཔྱོད་པུའུ་ཡི་ཀྲུའུ་རིན། དགེ་རྒན་ཆེན་མོ་མཱ་མིན་ཀྲུང་གིས་མཚོ་སྔོན་གྱི་མི་རིགས་མང་བ་དང་། ཆོས་ལུགས་མང་བ། རིག་གནས་མང་བ་བཅས་ཀྱི་དམིགས་བསལ་ཞིང་ཆེན་གྱི་གནས་ཚུལ་ལ་གཞི་ཚུགས་ནས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཇེ་ཟབ་ཏུ་གཏོང་རྒྱུ་གཙོར་བཟུང་སྟེ། མཚོ་སྔོན་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་དོན་ལ་གཞོལ་བ་དང་། ནན་ཏན་གྱིས་བྱ་བ་སྒྲུབ་པའི་བྱ་སྤྱོད་ལས་ཏང་གི་སློབ་གྲྭས་ཏང་ལ་ཤེས་ལྡན་མི་སྣ་གསོ་སྐྱོང་དང་ཏང་ལ་ཐབས་ཇུས་འདོན་པའི་ཐོག་མའི་བསམ་འདུན་དང་འགན་འཁྲི་ལག་བསྟར་བྱེད་བཞིན་ཡོད།
ཟླ10པའི་ཚེས24ཉིན་གྱི་ཕྱི་དྲོ། མཚོ་སྔོན་ཞིང་ཆེན་གྱི་སྐོར་ཐེངས15པའི་ན་གཞོན་ལས་བྱེད་པ་གསོ་སྦྱོང་འཛིན་གྲྭའི་སློབ་མ་ཚོ་ཟི་ལིང་གྲོང་ཁྱེར་མཁར་དབུས་ཁུལ་གྱི་ཙོང་ཁ་དགོན་དུ་བསྐྱོད་དེ་མི་རིགས་མཐུན་སྒྲིལ་གྱི་ཡུལ་དངོས་སློབ་ཁྲིད་ལ་ཉན།
དེ་རིང་ང་ཚོ་འདི་གར་ཡོང་དོན་ནི་པཎ་ཆེན་སྐུ་ཕྲེང་བཅུ་པའི‘དགའ་ཞེན་བཞིའི’བསམ་བློར་སློབ་སྦྱོང་བྱ་རྒྱུ་དེ་ཡིན་ཞེས་སློབ་ཁྲིད་འགོ་བརྩམས་མ་ཐག་མཱ་མིན་ཀྲུང་གིས་སྟབས་བདེའི་ངང་སློབ་མ་ཚོར་སློབ་སྦྱོང་གི་ནང་དོན་ངོ་སྤྲོད་བྱས། ཁོས་སེམས་ཞིབ་མོས་གསལ་བཤད་བྱེད་སྐབས་སློབ་མ་ཚོས་ཁ་ཁུ་སིམ་མེར་བློ་རྩེ་གཅིག་ཏུ་གཏད་ནས་ཉན་པས་བློ་སྐྱེད་ཆེན་པོ་བྱུང་།
སློབ་ཁྲིད་རྗེས་ཀྱི་བསམ་བློའི་བརྗེ་རེས་ཁྲོད། སློབ་མ་མཱ་ཞིན་ཡོན་གྱིས་བཤད་རྒྱུར། དགེ་རྒན་མཱ་ལགས་ཀྱི་འགྲེལ་བཤད་ལ་ཉན་རྗེས་ང་ལ་བློ་སྐྱེད་ཆེན་པོ་ཐོབ་པ་དང་། དགེ་རྒན་མཱ་ལགས་ཀྱིས་འགྲེལ་བཤད་གནང་བའི་མི་སེམས་འགུལ་བའི་གཏམ་རྒྱུད་མང་པོའི་ཁྲོད་ནས་མི་རིགས་སོ་སོས་རྒྱུན་ཆད་མེད་པར་བརྗེ་རེས་དང་འགྲོ་འོང་། མཉམ་འདྲེས་བཅས་ཀྱི་ཁྲོད་མི་རིགས་བར་གྱི་མཐུན་སྒྲིལ་ལ་མཉམ་དུ་སྐུལ་འདེད་བཏང་བ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཇེ་ཟབ་ཏུ་གཏོང་རྒྱུར་དོན་སྙིང་གལ་ཆེན་ལྡན་པ་དེས་ང་ལ་མྱོང་ཚོར་ཟབ་མོ་ཐོབ་བྱུང་ཟེར།
ཡང་དག་པའི་འཇིག་རྟེན་ལྟ་ཚུལ་དང་། མི་ཚེའི་ལྟ་ཚུལ། རིན་ཐང་ལྟ་ཚུལ་བཅས་མཚོ་སྔོན་གྱི་རིགས་སོ་སོའི་མང་ཚོགས་ལ་བརྒྱུད་སྤྲོད་བྱེད་པ་ནི་འགན་འཁྲི་ཡིན་ལ་ལས་འགན་ཡང་ཡིན། ཁོས་ཏང་གིས་ལོ་ངོ་མང་པོར་གསོ་སྐྱོང་བྱས་པའི་མི་རིགས་ལས་བྱེད་པ་དང་ཏང་གི་སློབ་གྲྭའི་དགེ་རྒན་ཞིག་ཡིན་པའི་ཆ་ནས། ཏང་གི་མི་རིགས་དང་ཆོས་ལུགས་སྲིད་ཇུས་ང་ཚོས་མི་བསྒྲགས་སུ་ཡིས་བསྒྲགས། ང་ཚོས་བསྒྲགས་ན་གོ་སྐོན་བློ་འགུག་གི་ནུས་པ་ཆེན་པོ་ལྡན་ཟེར།
ཐེངས་རེ་རེའི་སྒྲོག་འགྲེལ་ཁྲོད། མཱ་མིན་ཀྲུང་གིས་རང་རྟོགས་ངང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཇེ་ཟབ་ཏུ་གཏོང་རྒྱུ་དེ་སློབ་ཁྲིད་དང་ཚན་ཞིབ་བྱ་བའི་ཁྲོད་བཞག་ནས། བསམ་བློ་དང་ཆབ་སྲིད། བྱ་སྤྱོད་བཅས་ཀྱི་ཐད་རང་རྟོགས་ངང་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བར་བྱས་ཡོད། ཁོ་སྒྲོག་འགྲེལ་དང་དྲིལ་བསྒྲགས་བྱ་བའི་ཁྲོད་ཧུར་ཐག་གིས་ཞུགས་ནས་མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་བརྟན་འཇགས་སྲུང་སྐྱོང་བྱ་ཆེད་འབད་བརྩོན་བྱེད་བཞིན་ཡོད།
2019ལོར་མཚོ་སྔོན་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གིས་སྒྲོག་འགྲེལ་ཚོགས་པ་བཙུགས་ནས། མཚོ་སྔོན་ཞིང་ཆེན་གྱི་སྐབས་གཉིས་པའི་དབྱི་སི་ལན་ཆོས་ལུགས་ལས་རིགས་ཀྱི་སྐོར་སྐྱོད་སྒྲོག་འགྲེལ་བྱ་འགུལ་སྤེལ་ཏེ་དབྱི་སི་ལན་ཆོས་ཁང་དུ་བསྐྱོད་ནས་དད་ལྡན་མང་ཚོགས་ལ་སྒྲོག་འགྲེལ་བྱས། མཱ་མིན་ཀྲུང་དང་འཆད་ཁྲིད་ཚོགས་པའི་འཆད་ཁྲིད་དགེ་རྒན་ཚོ་དབྱི་སི་ལན་ཆོས་ཁང་གི་ཨར་འདམ་སྟེགས་བུའི་སྟེང་བསྡད་དེ་མང་ཚོགས་དང་འབྲེལ་འདྲིས་བྱེད་པའི་རྣམ་པས་ས་གནས་དེའི་མང་ཚོགས་ལ་ཏང་གི་མི་རིགས་དང་ཆོས་ལུགས་ཀྱི་སྲིད་ཇུས་སྒྲོག་འགྲེལ་བྱས་པ་དང་། གོ་བདེ་ཤེས་སླའི་སྐད་ཆར་བརྟེན་ནས་དབྱི་སི་ལན་གྱི་ཆོས་ལུགས་དེ་ཀྲུང་གོ་ཅན་དུ་འགྱུར་བའི་ལོ་རྒྱུས་དང་། གཞི་རྩའི་ནང་དོན། དོན་སྙིང་གལ་ཆེན་བཅས་རྒྱས་བཤད་བྱས་ནས་ཚང་མར་རྒྱལ་གཅེས་ཆོས་གཅེས་ཀྱི་དད་ལྡན་མང་ཚོགས་ཤིག་བྱེད་དགོས་པར་སྐུལ་ལྕག་དང་ཁྲིད་སྟོན་བྱས།
མཱ་མིན་ཀྲུང་གིས་ང་རང་ཟ་ལར་རིགས་ཡིན་པས་དབྱི་སི་ལན་ཆོས་ལུགས་ལ་རྒྱུས་མངའ་ཆེན་པོ་ཡོད་སྟབས། ངས་སྒྲོག་འགྲེལ་གྱི་གཙོ་གནད་འབུར་དུ་བཏོད་ནས་བཤད་ཐུབ་ལ་ཁུངས་ལུང་མང་པོ་འདྲེན་ཐུབ་ཟེར། མཱ་མིན་ཀྲུང་གིས་ཏང་གི་སློབ་གྲྭའི་དགེ་རྒན་ལ་ཡོད་པའི་འགན་འཁྲི་དང་ལས་འགན་བཅས་ཀྱི་ཐོག་ནས་ཏང་གི་རིགས་པའི་གཞུང་ལུགས་དང་སྲིད་ཇུས་ལ་བརྟེན་ནས་ཆོས་ལུགས་ཀྱི་གསུང་རབ་ཤེས་བྱ་དང་ཟུང་འབྲེལ་བྱས་ཏེ། སྒྲོག་འགྲེལ་དེ་མི་སེམས་ལ་ཟུག་པར་བྱེད་པའི་ཕན་འབྲས་ཐོན་པས་རྒྱ་ཆེའི་གཞི་རིམ་ཏང་ཡོན་དང་། ལས་བྱེད་པ། མང་ཚོགས་བཅས་ཀྱིས་བསྔགས་བརྗོད་ཆེན་པོ་བྱེད་ཀྱིན་ཡོད།
མཱ་མིན་ཀྲུང་ཟི་ལིང་གྲོང་ཁྱེར་དང་། མཚོ་ཤར་གྲོང་ཁྱེར། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་རྫོང་སོ་སོར་བསྐྱོད་ཅིང་། ཉེ་བའི་ལོ་གཉིས་ཀྱི་རིང་རིམ་རྩིས་བྱས་ན་སྒྲོག་འགྲེལ་ཐེངས་40བྱས་ཡོད་པ་དང་། སྒྲོག་འགྲེལ་ལ་ཉན་པའི་མི་ཐེངས་ཁྲི་གཅིག་དང་སྟོང་ལྔ་ལྷག་ཙམ་ཟིན་ཡོད། སྒྲོག་འགྲེལ་བྱ་འགུལ་གྱིས་མི་རིགས་མཐུན་སྒྲིལ་དང་། ཆོས་ལུགས་འཆམ་མཐུན་ལ་ནུས་པ་གལ་ཆེན་འདོན་སྤེལ་བྱས་ཡོད།
མཱ་མིན་ཀྲུང་གིས་སློབ་ཁྲིད་ནི་རང་གནས་ཀྱི་གཞི་རྩ་དང་ཚན་ཞིབ་ནི་ནུས་ལྡན་གྱི་ཐབས་ལམ་ཞིག་རེད། མི་རིགས་ཆོས་ལུགས་ལས་དོན་ནི་བྱ་བ་ཆུང་ཆུང་ཞིག་མིན་ལ། ང་ཚོ་ནི་བྱ་བ་དེ་སྒྲུབ་མཁན་ཡིན་པས་ཐོག་མར་བརྟག་དཔྱད་ཞིབ་འཇུག་མང་པོ་བྱས་ནས་གནས་ཚུལ་དངོས་ཁོང་དུ་ཆུད་པར་བྱས་ཚེ། གཞི་ནས་ཡང་དག་པའི་ཞིབ་འཇུག་གི་གྲུབ་འབྲས་ཐོབ་ཐུབ་ཟེར།
དུས་རྒྱུན་གྱི་བྱ་བའི་ཁྲོད། མཱ་མིན་ཀྲུང་གིས་གཞུང་ལུགས་དང་ལག་ལེན་གཉིས་ཟུང་འབྲེལ་བྱ་རྒྱུར་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད་པ་དང་། ཞིང་ཆེན་ཡོངས་ཀྱི་མི་རིགས་ཆོས་ལུགས་བྱ་བའི་གཙོ་གནད་དང་དཀའ་གནད་ལ་དམ་པོར་དམིགས་ཏེ། བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱེད་པ་དང་གཞུང་ལུགས་དང་དོན་དངོས་ཀྱི་གནད་དོན་གལ་ཆེན་ལ་རྒྱུས་ལོན་གཏིང་ཟབ་མོ་བྱས་ནས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཇེ་ཟབ་ཏུ་གཏོང་བ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོ་དེ་སློབ་ཁྲིད་ཀྱི་རིམ་པ་སོ་སོ་དང་ཟུང་འབྲེལ་དམ་ཟབ་བྱེད་ཀྱིན་ཡོད།
2012ལོ་ནས་བཟུང་། མཱ་མིན་ཀྲུང་ཡོད་སའི་སློབ་དཔྱོད་པུའུ་ཡི་ཞིབ་འཇུག་བྱ་གཞི་མང་པོར་རྒྱལ་ཁབ་རིམ་པའི་བྱ་དགའ་ཐོབ། དེའི་ནང《བོད་བརྒྱུད་ནང་བསྟན་གྱི་དགོན་སྡེའི་དོ་དམ་ལ་ཤུགས་སྣོན་དགོས》ཞེས་པའི་ཆེད་སྒྲིག་ལ་རྒྱལ་ཡོངས་ཀྱི་སྤྱི་ཚོགས་རིང་ལུགས་སློབ་གླིང་ཁོངས་གཏོགས་ཀྱི་ཕུལ་བྱུང་སློབ་ཁྲིད་གྲུབ་འབྲས་ཀྱི་བྱ་དགའ་ཐོབ་པ་དང་། 《མཚོ་སྔོན་གྱི་ཆོས་ལུགས་སྣ་མང་དང་སྤྱི་ཚོགས་བཅོས་སྐྱོང》ཞེས་པའི་ཆེད་སྒྲིག་ལ་ཀྲུང་དབྱང་ཏང་གི་སློབ་གྲྭའི་ཕུལ་བྱུང་སློབ་ཁྲིད་ཐོན་ཁུངས་པར་གཞིའི་བྱ་དགའ་ཐོབ་ལ། རྒྱལ་ཁབ་སྲིད་འཛིན་སློབ་གླིང་གི་སྤུས་ལེགས་མཉམ་སྤྱོད་ཀྱི་དྲ་རྒྱའི་སློབ་ཚན་ནང་བདམས་ཐོན་བྱུང་།
ལས་བྱེད་པའི་སློབ་གསོའི་དམིགས་བསལ་རང་བཞིན་ལ་དམིགས་ཏེ། མཱ་མིན་ཀྲུང་སྡོད་སའི་སློབ་དཔྱོད་པུའུ་ཡིས་ཞོན་ཧྭ་ཟ་ལར་རིགས་རང་སྐྱོང་རྫོང་ཁྲ་ཧན་ཏུའུ་སི་ཡུལ་ཚོ་ཧུང་ཀོང་སྡེ་བའི་གསར་བརྗེའི་སྙིང་སྟོབས་རྒྱུན་འཛིན་དང་མི་རིགས་མཐུན་སྒྲིལ།བིས་མདོ་བོད་རིགས་ཡུལ་ཚོའི་པཎ་ཆེན་སྐུ་ཕྲེང་བཅུ་པའི་འཁྲུངས་གཞིས“རྒྱལ་གཅེས་རིང་ལུགས་དང་མི་རིགས་མཐུན་སྒྲིལ”གྱི་ཡུལ་དངོས་སློབ་ཁྲིད་རྟེན་གཞི་བསྐྲུན་རྒྱུའི་འགན་འཁུར་ནས། “ཡུལ་དངོས་སུ་སློབ་ཁྲིད་དང་ས་གནས་སུ་དྲིལ་བསྒྲགས་བྱེད་པ་ཟུང་དུ་སྦྲེལ་བའི”སློབ་ཁྲིད་བྱེད་སྟངས་དང་དྲིལ་བསྒྲགས་བྱེད་སྟངས་གསར་པ་ཞིག་ཆགས། ཁུལ་དང་རྫོང་གི་ལས་བྱེད་པའི་གསོ་སྦྱོང་གི་དགོས་མཁོར་དམིགས་ནས། “གཞི་རིམ་ལས་བྱེད་པའི་བོད་སྐད་ནུས་པ་མཐོར་གཏོང་གི་དཔེ་སྟོན་གསོ་སྦྱོང་འཛིན་གྲྭ”ཧུར་ཐག་གིས་བསྒྲུབས་ནས། ཁུལ་དང་རྫོང་གི་གཞི་རིམ་དུ་སྐད་གཉིས་ལས་བྱེད་པ་གསོ་སྐྱོང་བྱ་ཆེད་ནུས་པ་གལ་ཆེན་བཏོན་པ་དང་། གཞི་རིམ་དུ་སྒྲོག་འགྲེལ་བྱེད་པའི་མཐའ་མའི་འགག་གནད་ཐག་གཅོད་བྱས།
དེ་དང་ཆབས་ཅིག་མཱ་མིན་ཀྲུང་གིས་ད་དུང་མཚོ་སྔོན་ས་ཁུལ་གྱི་མི་རིགས་དང་། ཆོས་ལུགས། ལོ་རྒྱུས། རིག་གནས་བཅས་ཀྱི་ཞིབ་འཇུག་ལ་གཞོལ་ནས། སྔ་རྗེས་སུ་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་མངགས་བཅོལ་བྱས་པའི་ཞིབ་འཇུག་བྱ་གཞི་གལ་ཆེན《མཚོ་སྔོན་གྱི་རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན》དང《མཚོ་སྔོན་འབྲོག་ཁུལ་གྱི་སྤྱི་ཚོགས་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པའི་ཞིབ་འཇུག》སོགས་ཀྱི་ཞིབ་འཇུག་བྱ་གཞིའི་ནང་ཞུགས་ནས། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཐབས་ཇུས་ལ་གཞུང་ལུགས་ཀྱི་གཞི་འཛིན་ས་དང་དཔྱད་གཞི་འདོན་སྤྲོད་བྱས་ཏེ། སྔ་རྗེས་སུ་མཚོ་སྔོན་ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་ ཞིབ་འཇུག་བྱ་གཞི་གཙོ་བོ8དང་། ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཞིབ་འཇུག་བྱ་གཞི3ཡོངས་འགྲུབ་བྱས།
ལོ་ངོ་མང་པོའི་རིང་། མཱ་མིན་ཀྲུང་མཚོ་སྔོན་གྱི་ས་ཆ་མང་ཆེ་བར་བསྐྱོད་ཡོད། ཁོས་རྒྱུན་ཆད་མེད་པར་བརྟག་དཔྱད་ཞིབ་འཇུག་བྱས་པ་དང་། རང་ཉིད་ཀྱི་སློབ་ཁྲིད་མྱོང་ཚོར་དང་ཟུང་འབྲེལ་བྱས་ནས《མཚོ་སྔོན་མི་རིགས་ཞིབ་འཇུག》སོགས་དུས་དེབ་སྟེང་དཔྱད་རྩོམ40ལྷག་སྤེལ་བ་དང་། ཞིབ་འཇུག་སྙན་ཞུ10ལྷག་བྲིས་ཤིང་། དཔྱད་རྩོམ་མང་པོར་ཞིང་ཆེན་རིམ་པའི་འགོ་ཁྲིད་ཀྱི་ཁས་ལེན་རང་བཞིན་གྱི་མཆན་བཀོད་མཛུབ་སྟོན་ཐོབ་སྟེ། ཏང་གི་སློབ་གྲྭའི་དགེ་རྒན་གྱིས་ཏང་ལ་ཐབས་ཇུས་འདོན་པའི་ནུས་པ་འདོན་སྤེལ་གང་ལེགས་བྱས།
“མཚོ་སྔོན་གྱི་ཞིང་ཆེན་གནས་ཚུལ་གྱི་ངེས་གནས་ཤིག་ནི་མི་རིགས་མང་བ་དང་། ཆོས་ལུགས་མང་བ། རིག་གནས་མང་བ་བཅས་ཡིན་ལ། རང་འཁྲིའི་བྱ་བར་གཞི་ཚུགས་ཏེ་ང་ཚོའི་ཏང་གི་སློབ་གྲྭའི་དགེ་རྒན་གྱི་དམིགས་བསལ་ནུས་པ་འདོན་སྤེལ་བྱེད་པ་དང་། ཡང་དག་པའི་ཁྲིད་ཕྱོགས་བརྒྱུད་སྤྲོད་བྱས་ཏེ་ཏང་ལ་ཤེས་ལྡན་མི་སྣ་གསོ་སྐྱོང་དང་ཏང་ལ་ཐབས་ཇུས་འདོན་པའི་འགན་འཁྲི་ཡག་པོ་སྒྲུབ་དགོས།” སློབ་དཔྱོད་པུའུ་ཡི་འགན་འཁུར་བ་མཱ་མིན་ཀྲུང་གིས་རང་དཔེ་གཞན་སྟོན་རྒྱུན་འཁྱོངས་བྱས་ནས།“ཐུན་མོང་རང་བཞིན་ཆེ་རུ་གཏོང་རྒྱུ་རྒྱུན་འཁྱོངས་དང་བརྩི་བཀུར་དང་ཁོང་ཡངས་ཀྱི་ཁྱད་པར་རང་བཞིན”དེ་སློབ་ཁྲིད་དང་ཚན་ཞིབ་ཀྱི་གཞི་རྩའི་འདུ་ཤེས་སུ་བརྩིས་པ་དང་། དམངས་གཙོ་དང་མཐུན་སྒྲིལ། ཁོང་ཡངས། འཆམ་མཐུན་བཅས་སློབ་དཔྱོད་པུའུ་ཡི་བྱ་བ་སོ་སོའི་རྨང་གཞིར་བརྩིས་ཡོད།
རྒྱུན་ལྡན་གྱི་བྱ་བ་དང་། སློབ་སྦྱོང་། འཚོ་བ་བཅས་ཀྱི་ཁྲོད། མཱ་མིན་ཀྲུང་གིས“མཐུན་སྒྲིལ་དང་ཁོང་ཡངས”དེ་བརྒྱུད་སྒྲོག་དང་རོགས་རམ། སྣེ་ཁྲིད་གསུམ་གྱི་སློབ་ཚན་དང་པོར་བརྩིས་ནས། ཕན་ཚུན་མཐུན་སྒྲིལ་གྱིས་ཡིད་ཆེས་དང་བརྩི་བཀུར་ཐོབ་པར་བྱས་ཏེ། སློབ་ཁྲིད་དང་ཚན་ཞིབ་བྱ་བར་མཉམ་དུ་སྐུལ་འདེད་བཏང་བ་རེད།
“དུས་ཚོད་བརྒྱད་ཀྱི་བྱ་བ་ཡག་པོ་སྒྲུབ་དགོས་པ་དང་དུས་ཚོད་བརྒྱད་རྗེས་ཀྱི་མི་གཞི་བཟང་པོ་བྱེད་དགོས།”མཱ་མིན་ཀྲུང་དང་མཉམ་དུ་ཡོད་པའི་ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭའི་མི་རིགས་ཆོས་ལུགས་སློབ་ཁྲིད་ཞིབ་འཇུག་པུའུ་ཡི་དགེ་རྒན་ཆེན་མོ་གཞོན་པ་གཡང་བྱམས་རྒྱལ་གྱིས་བཤད་རྒྱུར། མཱ་མིན་ཀྲུང་གིས་ན་གཞོན་དགེ་རྒན་ལ་དོ་ཁུར་བྱས་པར་མི་རྣམས་ལ་བག་ཆགས་ཟབ་མོ་བཞག་པར་མ་ཟད། ཁོས་བྱ་བ་གཟབ་ནན་སྒོས་སྒྲུབ་པ་དང་། བློ་རྩེ་གཅིག་སྒྲིམ་བྱེད་པ། དགའ་ཞེན་ཆེ་བ་བཅས་ལ་ང་ཚོས་སློབ་སྦྱོང་བྱེད་འོས་ཟེར།
བྱ་བའི་ཁྲོད་མཱ་མིན་ཀྲུང་གིས་རྒྱུན་དུ་ཚང་མར་ཏང་གི་སློབ་གྲྭའི་དགེ་རྒན་ཞིག་ཡིན་པའི་ཆ་ནས། ངེས་པར་དུ་ལངས་ཕྱོགས་བརྟན་པོ་དང་། དངོས་ཡོད། དྲང་བདེན། ཚུལ་མཐུན་བཅས་ཀྱི་སྒོ་ནས་ཆ་འཕྲིན་བརྒྱུད་སྤྲོད་དང་འདུ་ཤེས་མཚོན་པར་བྱེད་དགོས་ཟེར།
མཱ་མིན་ཀྲུང་ལྟ་བུའི་ལངས་ཕྱོགས་བརྟན་པོ་དང་ལས་གཅེས་ལས་བརྩོན་གྱི“སྣེ་ཁྲིད་པ”ཡོད་པས། སློབ་དཔྱོད་པུའུ་ཡི་བྱ་བར་ཡང་གྲུབ་འབྲས་བཟང་པོ་རྒྱུན་ཆད་མེད་པར་ཐོབ་ཡོད། 2012ལོ་ནས་བཟུང་། སློབ་དཔྱོད་པུའུ་ཡི་ཆེད་སྒྲིག་གཅིག་ལ་ཀྲུང་དབྱང་རྩ་འཛུགས་པུའུ་ཡི་རྒྱལ་ཡོངས་སློབ་ཚན་ཡག་པོ་དང་། ཆེད་སྒྲིག་གཉིས་ལ་རྒྱལ་ཡོངས་ཀྱི་སྤྱི་ཚོགས་རིང་ལུགས་སློབ་གླིང་ཁོངས་གཏོགས་ཀྱི་ཕུལ་བྱུང་སློབ་ཁྲིད་གྲུབ་འབྲས་ཀྱི་བྱ་དགའ་ཐོབ་ལ། ཆེད་སྒྲིག་གཅིག་ལ་ཁྱད་ལྡན་སློབ་ཚན་གྱི་བྱ་དགའ་བཅས་ཐོབ། སྔ་རྗེས་སུ་རྒྱལ་ཁབ་རིམ་པ་དང་ཞིང་ཆེན་དང་པུའུ་རིམ་པའི་ཞིབ་འཇུག་བྱ་གཞི་མང་པོའི་འགན་འཁུར་བ་དང་། བྲིས་པའི་ཞིབ་འཇུག་སྙན་ཞུ་མང་པོར་ཞིང་ཆེན་རིམ་པའི་འགོ་ཁྲིད་ཀྱི་ཁས་ལེན་རང་བཞིན་གྱི་མཆན་བཀོད་མཛུབ་སྟོན་ཐོབ། རིག་གཞུང་དཔྱད་རྩོམ100ལྷག་ཙམ་འགྲེམས་སྤེལ་བྱས་པས། གཞུང་ལུགས་ཞིབ་འཇུག་དང་སྲིད་ཇུས་བློ་འདྲིའི་ཐབས་ལམ་གཙོ་བོའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཡོད།
ཞིང་ཆེན་གྱི་གནས་ཚུལ་དངོས་ལ་གཞི་ཚུགས་པ་དང་འགན་འཁྲི་ཕྲག་ཏུ་འཁུར་ཏེ། མཱ་མིན་ཀྲུང་དང་ལས་གྲོགས་ཚོས“མཚོ་སྔོན་དུ་མི་རིགས་བྱ་བ་མ་གཉེར་ན་ཁྱོན་ཡོངས་དོན་གཉེར་བྱེད་མི་ཐུབ”ཅེས་པ་དེ་ལས་བྱེད་པའི་སློབ་གསོའི་ཁྲོད་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱེད་པའི་འདུ་ཤེས་ཤིག་ཏུ་བརྩིས་པ་དང་། སློབ་ཁྲིད་ཁྲོད་ཆབ་སྲིད་ཀྱི་རང་རྟོགས་དང་། ཆབ་སྲིད་ཀྱི་འགན་འཁྲི། ཆབ་སྲིད་ཀྱི་ལས་འགན་ཆེན་པོ་བཅས་ཁུར་ནས། མཚོ་སྔོན་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་དོན་འཕེལ་རྒྱས་འགྲོ་རྒྱུར་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱས་ཡོད།
མཱ་མིན་ཀྲུང་གིས་ང་ཚོས་བསྒྲུབས་པའི་བྱ་བ་འདི་དག་གནམ་ས་གཡོ་བ་ལྟ་བུའི་དོན་ཆེན་ཞིག་མིན་མོད། འོན་ཀྱང་ང་ཚོས་སློབ་ཚན་རེ་རེ་བཞིན་ཡག་པོ་ཁྲིད་པ་དང་། རྩོམ་ཡིག་རེ་རེ་བཞིན་ཡག་པོ་བྲིས་ནས། ཏང་དང་རྒྱལ་ཁབ་ཀྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་བའི་འབོད་སྒྲ་བརྒྱུད་སྤྲོད་ཡག་པོ་བྱེད་ཀྱིན་ཡོད། ཁོས་ང་ཚོས་སྒྲོག་འགྲེལ་གཏིང་ཟབ་ཐེངས་མང་བྱས་པ་བརྒྱུད། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཇེ་ཟབ་ཏུ་གཏོང་བ་དང་མི་སེམས་ལ་ཟུག་པར་བྱས་ཏེ། མི་རིགས་མཐུན་སྒྲིལ་སྲུང་སྐྱོང་ལ་སྐུལ་འདེད་གཏོང་བ་དང་། མཚོ་སྔོན་འདི་ཉིད་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཞིང་ཆེན་ཞིག་ཏུ་བསྐྲུན་རྒྱུར་ཧུར་ཐག་གིས་བྱས་རྗེས་འཇོག་རྒྱུ་ཡིན་ཟེར།
ཤ་བོ་རིན་མཚོས་བསྒྱུར།