སྔོན་ཐོན་དཔེ་མཚོན་ལ་བརྟེན་ནས་མི་རིགས་མཐུན་སྒྲིལ་གྱི་འགུལ་ནུས་ཆེན་པོ་འཕེལ་བར་བྱེད་དགོས།
2024.11.19 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 17

མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཞིན་ཧེ་རྫོང་བོད་སྨན་ཁང་གི་ཡོན་ཀྲང་འབྲུག་ལྷ་ཐར་གྱིས་ལོ25རིང་ལྷག་བསམ་རྣམ་དག་གིས་ནད་བཅོས་སྲོག་སྐྱོབ་ཀྱི་ལས་ལ་གཞོལ་བ་དང་། ཁོས་མཐོ་སྒང་གི་རྫོང་མཁར་འདིའི་རིགས་སོ་སོའི་མང་ཚོགས་ལ་སྤུས་ལེགས་དང་སྟབས་བདེའི་སྨན་བཅོས་ཞབས་འདེགས་ཞུ་བཞིན་ཡོད། ཟི་ལིང་གྲོང་ཁྱེར་རྟ་ཐང་ཧུའེ་རིགས་ཧོར་རིགས་རང་སྐྱོང་རྫོང་ཆ་ཚང་སློབ་འབྲིང་གཉིས་པའི་དགེ་རྒན་ཆེན་མོ་གཡང་མོ་སྐྱིད་ཀྱིས་གཅེས་སེམས་ལ་བརྟེན་ནས་དཀའ་ངལ་སེལ་བའི་བྱ་ཐབས་སྤེལ་བ་དང་། འཆད་འཁྲིད་སྟེགས་བུར་བརྟེན་ནས་མི་རིགས་མཐུན་སྒྲིལ་གྱི་གཏམ་རྒྱུད་ཡག་པོ་བཤད།     གླུ་གཞས་ཀྱི་གཤོག་ཟུང་བརྐྱངས་མཁན། ཡུས་ཧྲུའུ་བོད་རིགས་རང་སྐྱོང་དུ་དབྱངས་ཅན་ལྷ་མཛེས་ཐག་རིང་ལུང་ཁུག་ཏུ་བསྐྱོད་དེ། རོལ་དབྱངས་སློབ་གསོར་བརྟེན་ནས་བྱིས་པ་ཚོའི་ཕུགས་འདུན་འགྲུབ་ཐབས་བྱེད་པ་དང་མཐུན་སྒྲིལ་གྱི་ཕུགས་འདུན་མཉམ་དུ་བསྐྲུན་བཞིན་ཡོད།

དུས་ཡུན་རིང་པོའི་ནང་། བྱ་བ་སྒྲུབ་འདོད་ཡོད་པ་དང་།    བྱ་བ་སྒྲུབ་ཕོད་པ།    བྱ་བ་སྒྲུབ་ཤེས་པ་བཅས་ཀྱི་མིག་དཔེ་དང་དཔེ་མཚོན་མང་པོ་ཞིག་གཅིག་རྗེས་གཉིས་མཐུད་དུ་ཐོན་གྱིན་ཡོད་ལ། ཁོ་ཚོའི་གཟུགས་བརྙན་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་བའི་ལས་ཡུལ་དང་པོ་རུ་མཐོང་ཐུབ།   དུས་རབས་གསར་པའི་ཏང་གི་མི་རིགས་བྱ་བའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྐྱོད་ལམ་སྟེང་། ཁོ་ཚོའི་དད་སེམས་དེ་ཞིབ་ཕྲའི་ལག་ལེན་དུ་འགྱུར་བ་དང་རྒྱུན་ལྡན་གྱི་བརྟན་སྲུང་བྱེད་སྟངས་ཐོག་ནས་ཐུན་མོང་མ་ཡིན་པའི་རྣམ་པ་བསྐྲུན་ཡོད།    ཁོ་ཚོས་བྱ་སྤྱོད་དངོས་ཀྱི་ཐོག་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་གཏིང་ཟབ་ཏུ་གཏོང་རྒྱུར་འགྲེལ་བཤད་ཡག་པོ་བརྒྱབ་ཡོད།    ཁོ་ཚོས་དཀའ་སྒྲུབ་དངོས་སྒྲུབ་ཀྱི་སྤྱོད་ཚུལ་ཏན་ཏིག་གི་ཐོག་ནས་མཚོ་སྔོན་གྱི་མི་རིགས་མཐུན་སྒྲིལ་གྱི་མཛད་རྗེས་བཟང་པོ་མངོན་པར་བྱས་ཡོད།    ཁོ་ཚོས་རང་དོན་རྒྱབ་བསྐྱུར་གྱི་ལེགས་སྐྱེས་འབུལ་བའི་སྙིང་སྟོབས་ཐོག་ནས་བོད་འབྲེལ་ཁུལ་དང་རྫོང་ལ་ཉིན་རེ་བཞིན་རྣམ་པ་གསར་པ་མངོན་པ་དང་།    མང་ཚོགས་ཀྱི་འཚོ་བ་ཉིན་རེ་བཞིན་ཇེ་ལེགས་སུ་འགྲོ་བ།    རིགས་སོ་སོའི་མང་ཚོགས་མཐུན་སྒྲིལ་མཛའ་མཐུན་དང་ཁྱིམ་ཚང་གཅིག་ལྟར་བརྩེ་བར་བྱས་ཡོད།

མི་རིགས་མཐུན་སྒྲིལ་ནི་མཚོ་སྔོན་ལ་མཚོན་ན་དེ་འདྲའི་གལ་ཆེན་ཞིག་ཡིན་དོན་ཅི་ཡིན་ནམ།     མི་རིགས་མཐུན་སྒྲིལ་གྱི་ལས་ཡུལ་དང་པོར་འབད་འཐབ་བྱེད་མཁན་གྱི་དངོས་སྒྲུབ་པས་འདི་ལྟར་ལན་བཏབ་ཡོད་དེ། ཟི་ལིང་གྲོང་ཁྱེར་ཧོང་ཡོན་རྫོང་ཁྲིན་ཀོན་སློབ་ཆུང་དང་པོས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་གཏིང་ཟབ་ཏུ་གཏོང་རྒྱུ་དེ་བསམ་བློ་ཆབ་སྲིད་སློབ་ཚན་གྱི་གཙོ་གནད་དུ་བརྩིས་ནས།“སྐེ་དར་དམར་པོའི་སྒྲོག་འགྲེལ་ཚོགས་པ”བཙུགས་ཏེ། ཀྲུང་ཧྭའི་རིག་གནས་ཀྱི་གཏམ་རྒྱུད་དང་།    གསར་བརྗེའི་གཏམ་རྒྱུད།    མི་རིགས་མཐུན་སྒྲིལ་གྱི་གཏམ་རྒྱུད།    ཕ་ཡུལ་གྱི་གཏམ་རྒྱུད་བཅས་ཡག་པོ་བཤད་ཀྱིན་ཡོད།  མཚོ་ཤར་གྲོང་ཁྱེར་མིན་ཧོ་ཧུའེ་རིགས་ཧོར་རིགས་རང་སྐྱོང་རྫོང་ཀོན་ཐིན་གྲོང་རྡལ་གྱིས་གནད་དོན་ཅི་ཞིག་ཡོད་ན་དུས་ཐོག་ཏུ་གནད་དོན་ཐག་གཅོད་བྱེད་པ་དང་། སྤྱིར་བཏང་གི་འགལ་བ་ཆུང་ངུ་དེ་མི་རིགས་གནད་དོན་དུ་མི་འགྱུར་བ་རྒྱུན་འཁྱོངས་བྱས་ཏེ། ཐོག་མཐའ་བར་གསུམ་དུ་མང་ཚོགས་ལ་ཁྲིད་སྟོན་བྱས་ཏེ་ཚུལ་མཐུན་གྱི་སྒོ་ནས་རེ་ཞུ་བྱེད་དུ་འཇུག་པ་དང་། སྤྱི་ཚོགས་ཀྱི་ཁྱོན་ཡོངས་བརྟན་བརླིང་སྲུང་སྐྱོབ་བྱེད་ཀྱིན་ཡོད།  མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་དཀོན་ལོ་གོང་མ་སྡེ་བས“མི་རིགས་མཐུན་སྒྲིལ་རྟགས་མའི”ལུས་རྩལ་འགྲན་ཚོགས་དང་།    རྟ་རྒྱུག་འགྲན་ཚོགས།    ལྒང་ལི་འགྲན་བསྡུར་སོགས་བྱ་འགུལ་རབ་དང་རིམ་པ་སྤེལ་ནས། རྒྱ་ཆེའི་འབྲོག་པ་མང་ཚོགས་དེའི་ནང་ཞུགས་སུ་བཅུག་སྟེ། བདེ་སྐྱིད་ཀྱི་དུས་རབས་གླེང་བ་དང་བདེ་སྐྱིད་ཀྱི་གྲུབ་འབྲས་མཉམ་སྤྱོད་ཐུབ་པར་བྱས་ནས། རིགས་སོ་སོའི་མང་ཚོགས་ཀྱི་བསམ་པའི་ཁྱིམ་གཞིས་ནུས་ཤུགས་ཡོད་རྒུས་བསྐྲུན་བཞིན་ཡོད། ཆུ་ཕྲན་ཆུང་ཆུང་རྒྱ་མཚོའི་ནང་དུ་འབབ་པ་ལྟ་བུའི་མཐུན་སྒྲིལ་དང་། སྣ་མང་གཞི་གཅིག་དང་ཁ་འབྲལ་ཐབས་མེད་པའི་ལས་སྐལ་གཅིག་མཐུན་ཚོགས་པ་དེ་ཞིབ་ཕྲའི་བྱ་བའི་ཁྲོད་དུ་མངོན་པར་བྱས་ཏེ། འཆམ་མཐུན་མཉམ་གནས་དང་།    སྤུན་ཟླའི་མཛའ་བརྩེ།    ཕན་ཚུན་ལྟ་སྐྱོང་བཅས་ཀྱི་ཐོག་ནས། རིགས་སོ་སོའི་མང་ཚོགས་བར་གྱི་མཛའ་བརྩེ་ཟབ་པའི་གཏམ་རྒྱུད་མཚོ་སྔོན་གྱི་ས་གཞི་ཆེན་མོའི་སྟེང་རྒྱུན་ཆད་མེད་པར་འབྲི་བཞིན་ཡོད་པ་དང་།   རིགས་སོ་སོའི་མང་ཚོགས་ཀྱི་སེམས་པ་གཅིག་ཏུ་སྒྲིལ་བའི་མཛེས་སྡུག་གི་རྣམ་པ་དེ་དོན་དངོས་ཀྱི་ཁྲོད་མངོན་པར་བྱས་ཡོད།

མི་རིགས་མཐུན་སྒྲིལ་ནི་རུས་རྐང་དུ་ཟུག་པའི་གཞི་རྒྱུ་ཡིན་ལ།    མཚོ་སྔོན་གྱི་རིགས་སོ་སོའི་མི་དམངས་ཀྱིས་གཅེས་འཛིན་ལྡབ་འགྱུར་བྱེད་པའི་སྲོག་རྩ་ལྟ་བུ་ཡང་ཡིན།     ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་གཙོ་ཐིག་ཏུ་བྱེད་པ་དང་།    མི་རིགས་མཐུན་སྒྲིལ་ཆེན་མོར་བརྟེན་ནས་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རྒྱུ་ནི་བླ་ན་མེད་པའི་བྱ་གཞག་ཅིག་ཡིན་པས།    བླ་ན་མེད་པའི་བྱ་གཞག་ལ་དཔེ་སྟོན་ཁྲིད་སྟོན་བྱེད་དགོས།     ང་ཚོས་མིག་དཔེ་མེ་ལོང་དུ་འཛིན་པ་དང་དཔེ་མཚོན་ལ་མིག་དཔེ་བལྟས་ནས་བདེ་སྡུག་མཉམ་མྱོང་དང་།    ཁྲེལ་གྲགས་མཉམ་ཁུར།   ཤི་གསོན་མཉམ་གནས།    ལས་དབང་མཉམ་འཁུར་བཅས་ཀྱི་ཐུན་མོང་སྒྲིག་གཞིའི་འདུ་ཤེས་བརྟན་པོ་བཙུགས་ཏེ། རང་རྟོགས་སྒོས་རྒྱལ་ཁབ་གཅིག་གྱུར་དང་།    མི་རིགས་མཐུན་སྒྲིལ།    སྤྱི་ཚོགས་བརྟན་བརླིང་བཅས་ལ་སྲུང་སྐྱོང་དང་།    རིགས་སོ་སོའི་བར་འགྲོ་འོང་དང་བརྗེ་རེས།    མཉམ་འདྲེས་བཅས་ཀྱི་སྐུལ་འདེད་པ།    ཀྲུང་ཧྭ་མི་རིགས་ཐོན་མོང་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་ལག་ལེན་པ་བཅས་བྱེད་དགོས།  མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་ངེས་པ་དང་འགན་འཁྲི་ཁུར་ཏེ་རིགས་སོ་སོའི་མང་ཚོགས་ཚོས་རླབས་ཆེན་མེས་རྒྱལ་དང་།    ཀྲུང་ཧྭ་མི་རིགས།    ཀྲུང་ཧྭའི་རིག་གནས།    ཀྲུང་གོ་གུང་ཁྲན་ཏང་།    ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བཅས་ལ་བཅངས་པའི་མོས་སེམས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་རྒྱུར་ཁྲིད་སྟོན་བྱས་ནས། བདེ་སྡུག་མཉམ་མྱོང་དང་།    ཁྲེལ་གྲགས་མཉམ་ཁུར།    ཤི་གསོན་མཉམ་གནས།    ལས་དབང་གཅིག་མཐུན་བཅས་ཀྱི་ཐུན་མོང་འདུ་ཤེས་བརྟན་པོ་འཛུགས་དགོས།

དཔེ་བཟང་ལ་བརྩི་མཐོང་དང་།    དཔེ་བཟང་ལ་སློབ་སྦྱོང་།    དཔེ་བཟང་བརྩོན་ལེན་བཅས་བྱས་ནས། ང་ཚོས་བྱ་སྤྱོད་དངོས་ཀྱི་ཐོག་ནས་མིག་དཔེའི་སྙིང་སྟོབས་ལག་ལེན་དང་།    དཔེ་བཟང་གི་སྟོབས་ཤུགས་རྒྱུན་འཛིན།    ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་སྐྲུན་བྱེད་པར་སེམས་ཤུགས་གཅིག་སྒྲིལ་གྱིས་སྐུལ་འདེད་དང་།    དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན།    མཛེས་སྡུག་གི་འཚོ་བ་བསྐྲུན་པ་བཅས་བྱས་ནས། རིགས་སོ་སོའི་མི་དམངས་ཀྱི་སེམས་པ་གཅིག་ཏུ་སྦྲེལ་བ་དང་།    ཕྱོགས་གང་ཅིའི་ཐད་ཀྱི་སྟོབས་ཤུགས་རྒྱ་ཁྱབ་སྒོས་གོང་བུ་གཅིག་ཏུ་སྒྲིལ་དགོས།  ཕྱོགས་ཡོངས་ནས་དུས་རབས་གསར་པའི་ཏང་གི་བོད་སྐྱོང་འཐབ་ཇུས་ལག་བསྟར་དང་།    ཕྱོགས་ཡོངས་ནས་ཏང་གི་མི་རིགས་སྲིད་ཇུས་ལག་བསྟར།    ཕྱོགས་ཡོངས་ནས་ཏང་གི་ཆོས་ལུགས་བྱ་བའི་གཞི་རྩའི་བྱེད་ཕྱོགས་ལག་བསྟར་བཅས་བྱེད་པའི་ལག་ལེན་པ་བརྩོན་ལེན་བྱས་ཏེ།    ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཀྱི་གཡུལ་ས་སྟོབས་ཆེར་གཏོང་བ་དང་།    མཚོ་སྔོན་གྱི་དོན་དངོས་དང་མཐུན་པའི་ཕན་ཚུན་ཤན་ཤུགས་ཐེབས་པའི་སྤྱི་ཚོགས་ཀྱི་གྲུབ་ཚུལ་དང་སྡེ་ཁུལ་གྱི་ཁོར་ཡུག་འཛུགས་སྐྲུན་བྱེད་པར་ཤུགས་རྒྱག་པ།    “སེ་འབྲུའི་ཁྱིམ་གཞིས”འཛུགས་སྐྲུན་གྱི་རིམ་པ་ཇེ་མཐོར་གཏོང་བར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ།

“ལས་བྱེད་པས་ལས་ལ་འབད་དགོས།    བསམ་ཕྱོགས་གསལ་དགོས།    རང་གཅུན་དམ་དགོས”པའི་ཁྲིད་ཕྱོགས་གསལ་བོར་བརྟེན་ནས། “མཚོ་སྔོན་ལ་རྒྱུས་ལོན་དང་།    མཚོ་སྔོན་ལ་དགའ་ཞེན།    མཚོ་སྔོན་དར་རྒྱས་གཏོང་བ”བཅས་ཀྱི་བརྩེ་སེམས་གཏིང་ཟབ་ཏུ་གཏོང་བ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་བའི་ཐད་གྲུབ་འབྲས་གསར་པ་ཐོབ་པར་བྱས་ཏེ། ཞིན་ཅང་དང་བོད་འབྲེལ་ས་ཁུལ་གྱི་བརྟན་འཇགས་དང་རྒྱལ་ཁབ་བདེ་འཇགས་སྲུང་ཡོལ་རྒྱུན་ཆད་མེད་པར་སྲ་བརྟན་དུ་གཏོང་དགོས།

ཤ་བོ་རིན་མཚོས་བསྒྱུར།