མཐུན་སྒྲིལ་གྱི་མེ་ཏོག་རྣམ་པར་བཞད། ། མི་རིགས་ཀྱི་སེམས་པ་གཅིག་ཏུ་སྒྲིལ། །  
2024.11.21 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 24

མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མིན་ཡོན་ཧོས་རིགས་རང་སྐྱོང་རྫོང་ཧའོ་མིན་གྲོང་རྡལ་ནན་ཀོན་དབྱི་སི་ལན་ཆོས་ཁང་དུ། མཱ་རུའུ་ཡུན་གྱིས་ཀྲུང་ཧྭ་མི་རིགས་ནི་ཀྲུང་ཧྭའི་་རིག་གནས་ལ་བརྟེན་ནས་གཅིག་སྡུད་བྱས་པའི་མི་རིགས་ང་དྲུག་གི་བུ་དང་བུ་མོས་བདེ་སྡུག་མཉམ་མྱོང་བྱེད་པ་དང་ཁ་ཕྲལ་དུ་མི་རུང་བའི་སྤྱི་ཁོག་ཅིག་ཡིན་པ་དང་། བརྩེ་སེམས་ཟབ་ཅིང་ཕན་ཚུན་འབྲལ་ཐབས་མེད་པའི་མི་རིགས་ཀྱི་གཅིག་མཐུན་ཚོགས་པ་ཡིན་ཞེས་བརྩེ་བ་ལྡན་པའི་ངང་བཤད།

ནན་ཀོན་དབྱི་སི་ལན་ཆོས་ཁང་གི་ཆོས་ལུགས་ལས་རིགས་མི་སྣ་ཞིག་ཡིན་པའི་ཆ་ནས། མཱ་རུའུ་ཡུན་གྱིས་སྒྲོག་འགྲེལ་བྱེད་ཐེངས་རེ་རེར། དད་ལྡན་མང་ཚོགས་ཀྱི་མི་རིགས་མཐུན་སྒྲིལ་གྱི་འདུ་ཤེས་སྔར་ལས་ཇེ་བརྟན་དུ་གཏོང་ཆེད་འབད་འཐབ་བྱས། ཚང་མས་གཅིག་སེམས་གཅིག་སྦྲེལ་བྱས་ན། ཐུན་མོང་གི་ཁྱིམ་གཞི་དེ་ད་གཟོད་སྔར་ལས་འཆམ་མཐུན་མཛེས་སྡུག་ཏུ་བསྒྱུར་ཐུབ་པར་ཁོ་རང་ལ་ཡིད་ཆེས་བརྟན་པོ་ཡོད་ཟེར།

ལོ་ངོ་ཉི་ཤུ་ལྷག་གི་རིང་ལ། མཱ་རུའུ་ཡུན་གྱིས་དབྱི་སི་ལན་ཆོས་ལུགས་ཀྲུང་གོ་ཅན་དུ་བསྒྱུར་བའི་ཁ་ཕྱོགས་རྒྱུན་འཁྱོངས་བྱས་པ་དང་། དབྱི་སི་ལན་ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་གཉིས་ཕན་ཚུན་འཕྲོད་མཐུན་ཡོང་བར་སྣེ་ཁྲིད་བྱས་ལ། གྲུབ་མཐའ་མི་འདྲ་བའི་དད་ལྡན་མང་ཚོགས་བར་གྱི་མཐུན་སྒྲིལ་འགྲིག་མཐུན་ཇེ་བཟང་དུ་བཏང་བ་དང་། མཐུན་སྒྲིལ་ཆོས་ཁང་འཛུགས་པར་སྐུལ་འདེད་བཏང་ཞིང་། སྟོབས་ཤུགས་ཡོད་རྒུས་སྤྱི་ཚོགས་འཆམ་མཐུན་གཏན་འཇགས་ལ་སྲུང་སྐྱོབ་བྱས་པས། ཞིང་ཆེན་ཡོངས་ཀྱི་ཆོས་ལུགས་ལས་རིགས་ཀྱི་མི་སྣས་མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་དོན་ལ་སྐུལ་འདེད་གཏོང་བ་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་ཐད་ཀྱི་མིག་དཔེ་རུ་གྱུར་ཡོད་ལ། ཁོའི་ལག་རྗེས་ནི་མཚོ་སྔོན་ཞིང་ཆེན་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་དོན་ལ་སྐུལ་འདེད་གཏོང་བའི་འདྲ་གཟུགས་གསོན་པོར་གྱུར་ཡོད།

2005ལོའི་ཟླ9པར། མཱ་རུའུ་ཡུན་གདན་ཞུ་ལྟར་གྲུབ་མཐའི་འགལ་རྩོད་ཆུང་འབུར་ཐོན་ཡིན་པའི་མིན་ཡོན་རྫོང་ཆེན་ཧྲི་ཙུའེ་གྲོང་རྡལ་ཏིའོ་ཀི་གོང་མའི་དབྱི་སི་ལན་ཆོས་ཁང་དུ་སོང་ནས་ཆོས་ལུགས་ལས་དོན་པའི་འགན་ཁུར། ཁོས་ཆོས་དོན་གསལ་འགྲེལ་བྱེད་པ་བརྒྱུད་དེ། སྟབས་ཤུགས་ཡོད་རྒུས་གྲུབ་མཐའ་མི་འདྲབར་གནས་པའི་དུས་ཡུན་རིང་བོའི་འགལ་རྩོད་དང་འཁོན་རྙིང་མེད་པར་བཟོས།

མིན་ཡོན་རྫོང་འཐབ་ཕྱོགས་གཅིག་གྱུར་སྡེ་ཁག་གིས་རྒྱབ་སྐྱོར་ཤུགས་ཆེན་འོག མཱ་རུའུ་ཡུན་གྱིས་ལུང་འདྲེན་ཁུངས་སྐྱེལ་བྱས་ནས། གྲུབ་མཐའ་མི་འདྲ་བ་གཉིས་ཀྱི་དད་ལྡན་མང་ཚོགས་ཀྱི་དོགས་གནད་སེལ་བ་དང་། དབྱི་སི་ལན་ཆོས་ཁང་གི་ར་བའི་ནང་གི་གྲུབ་མཐའ་གཉིས་བར་གྱི་སྐྱ་བཅད་གྱང་ལེབ་མེད་པར་བཟོས་པར་མ་ཟད། གྲུབ་མཐའ་གཉིས་ཀྱི་དད་ལྡན་མང་ཚོགས་ཀྱི་སེམས་ཁོང་གི་འགལ་ཟླ་ཡང་མེད་པར་བཟོས་ཏེ། གྲུབ་མཐའ་གཉིས་ཀྱིས་ཆོས་ཁང་གཅིག་ཏུ་མཉམ་དུ་ཕྱག་འཚལ་བ་དང་འགྲིག་མཐུན་མཉམ་གནས་བྱེད་པའི་མཐུན་སྒྲིལ་ཆོས་ཁང་གི་རྣམ་པ་གསར་བ་བསྐྲུན།

2009ལོའི་ཟླ6པའི་ནང་། མཱ་རུའུ་ཡུན་གྱིས་ཧའོ་མིན་གྲོང་རྡལ་ནན་ཀོན་དབྱི་སི་ལན་ཆོས་ཁང་གི་ཆོས་ལུགས་ལས་རིགས་མི་སྣའི་འགན་ཁུར་བ་དང་། ཆོས་ཁང་དེ་ནི་མིན་ཡོན་རྫོང་གི་དབྱི་སི་ལན་གྱི་ཆོས་ཁང་ཆེས་ཆེ་བ་ཡིན།

ཆོས་ལུགས་ལས་རིགས་མི་སྣའི་འགན་ཁུར་བའི་བར་སྐབས་སུ། མཱ་རུའུ་ཡུན་གྱིས་མཐུན་སྒྲིལ་ཆོས་ཁང་གཉེར་བར་རྒྱུན་མ་ཆད་པར་འཚོལ་ཞིབ་བྱས་པ་དང་། སྤྱི་སྡོམ་བྱས་པ་བརྒྱུད་དེ་གཅིག་ཅན་བརྒྱད་ཀྱི་ངོས་ལེན་སློབ་གསོ་ཕྱིར་བཏོན་པར་མ་ཟད་ཡར་སྐུལ་ཆེན་པོ་བཏང་ལ། མཐུན་སྒྲིལ་ཆོས་ཁང་གི་འདུ་ཤེས་སྒྲོག་འགྲེལ་ནན་མོ་བྱས། ཆོས་ཁང་གི་མཐའ་འཁོར་དང་དད་ལྡན་མང་ཚོགས་ཁྲོད་གྲུབ་མཐའ་མི་གླེང་བར་འཕེལ་རྒྱས་ལ་བརྩོན་པ་དང་བློ་གཅིག་སེམས་གཅིག་གིས་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་སྤྱི་ཚོགས་ཀྱི་དར་སྲོལ་གསར་བ་ཆགས་པར་བྱས། མཱ་རུའུ་ཡུན་གྱིས་ནང་ཁུལ་གྱི་འགལ་ཟླ་མེད་པར་བཟོས་ན། ད་གཟོད་མཐུན་སྒྲིལ་དམ་ཟབ་ཡོང་ཐུབ་ཟེར།

ལག་ཐོག་གི་བྱ་བ་ཡོངས་འགྲུབ་བྱས་རྗེས། མཱ་རུའུ་ཡུན་གྱིས་གསར་འགོད་པ་ཁྲིད་དེ་ཆོས་ཁང་ལ་ལྟ་སྐོར་བྱས། ཆོས་ཁང་ནང་གི་མི་རིགས་མཐུན་སྒྲིལ་རིག་གནས་གྱང་ལེབ་སྟེང་དུ། གཅིག་ཅན་བརྒྱད་ཀྱི་ནང་དོན་སྦྱར་ཡོད་པ་དང་། དེའི་འགྲམ་དུ་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མི་རིགས་མཐུན་སྒྲིལ་ཡར་ཐོན་སྲོལ་ཡིག་སྦྱར་ཡོད་ལ། རིག་གནས་གྱང་ལེབ་ཀྱི་ཁ་གཏད་ནི་དཔེ་མཛོད་ཁང་ཡིན་པ་དང་། དཔེ་མཛོད་ཁང་གི་སྒོ་ཁ་རུ་མི་རིགས་མཐུན་སྒྲིལ་གྱི་སྦྱར་ཡིག་བྲིས་ཡོད།

ཆོས་ལུགས་ལས་རིགས་མི་སྣ་གཙོ་བོ་ཞིག་ཡིན་པའི་ཆ་ནས། མཱ་རུའུ་ཡུན་གྱིས་ནམ་ཡང་མཐུན་སྒྲིལ་དེ་གོ་གནས་དང་པོར་བཞག་ཡོད་པ་དང་། ཁོས་དད་ལྡན་མང་ཚོགས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ནས་དབྱི་སི་ལན་ཆོས་ལུགས་ལས་རིགས་ཀྱི་གཅིག་ཅན་བརྒྱད་ཀྱི་ངོས་ལེན་སློབ་གསོ་རྒྱུན་མཐུད་ངང་སྤེལ་བ་དང་། ཨ་ཧོང་གི་འཆད་སྟེགས་ཆུང་ངུ་དེ་བཀོལ་ནས། ཉིན་རྒྱུན་གྱི་ཕྱག་འཚལ་བ་དང་ཆོས་བཤད་པ་སོགས་ཀྱི་བྱེད་སྒོ་བརྒྱུད་དེ། དད་ལྡན་མང་ཚོགས་ལ་ཏང་གི་མི་རིགས་ཆོས་ལུགས་ཀྱི་གཞུང་ལུགས་སྲིད་ཇུས་སྒྲོག་འགྲེལ་རྒྱ་ཆེར་བྱས།

རྒྱལ་དར་དང་རྩ་ཁྲིམས། བཅའ་ཁྲིམས་ཁྲིམས་སྲོལ། སྤྱི་ཚོགས་རིང་ལུགས་སྲོག་ཤིང་རིན་ཐང་ལྟ་བ། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་བཅས་ཆོས་ལུགས་བྱེད་སྒོ་སྤེལ་སར་བསྐྱོད་པའི་བྱ་འགུལ་གཏིང་ཟབ་ཏུ་སྤེལ་ནས། དད་ལྡན་མང་ཚོགས་ཀྱི་འབྲལ་ཐབས་མེད་པ་གསུམ་དང་མོས་མཐུན་ལྔའི་སློབ་གསོ་གཏིང་ཟབ་ཏུ་སྤེལ་བ་མ་ཟད། རྒྱ་ཆེའི་དད་ལྡན་མང་ཚོགས་ལ་རྒྱལ་ཁབ་ཡོད་ན་ཆོས་ཁང་ཡོད་པ་དང་། རྒྱལ་ཁབ་དར་ན་ཆོས་ཁང་བཟང་བའི་བསླབ་བྱ་སྒྲོག་འགྲེལ་བྱས།

ཆིན་ཧྲི་ཙོས་གྲོང་རྡལ་གྱི་སྡེ་མི་མཱ་ཅོན་བྱིས་པ་དང་ལྷན་དུ་ཧའོ་མིན་གྲོང་རྡལ་ལ་གནས་སྤར་བ་དང་། དུས་རྒྱུན་དུ་དབྱི་སི་ལན་ཆོས་ཁང་དུ་ཡོང་ནས་ཕྱག་འཚལ་བཞིན་ཡོད། ཆོས་ཁང་ནང་དུ་གྲུབ་མཐའ་མི་འདྲ་བའི་མི་རྣམས་འཆམ་མཐུན་མཉམ་གནས་བྱེད་པའི་རྣམ་པ་མཐོང་བས། ཁོས་ཚོར་སྣང་ཟབ་མོའི་སྒོ་ནས་བཤད་རྒྱུར། ཨ་ཧོང་མཱ་རུའུ་ཡུན་གྱིས་ཆོས་ཁྲིད་བྱེད་ཀྱིན་ཡོད་ལ་དེ་ལས་མང་པོའི་བཅའ་ཁྲིམས་སྲིད་ཇུས་སྒྲོག་བཞིན་ཡོད། ཁོའི་སྣེ་ཁྲིད་འོག མུའུ་སི་ལིན་དད་ལྡན་པ་རྣམས་ཀྱིས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་བྱེད་པ་དང་། བརྩེ་སེམས་སྔར་ལས་ཆེ་རུ་འགྲོ་བཞིན་ཡོད་ཟེར།

མཱ་རུའུ་ཡུན་གྱིས་ནན་ཀོན་དབྱི་སི་ལན་ཆོས་ཁང་གི་ཆོས་ལུགས་ལས་རིགས་མི་སྣ་གཙོ་བོའི་འགན་ཁུར་བའི་ལོ་བཅོ་ལྔའི་རིང་ལ། ཁོས་རང་དཔེ་གཞན་སྟོན་བྱས་ནས། མཐུན་སྒྲིལ་ལ་མི་འཚམ་པའི་སྐད་ཆ་དང་བྱ་བ་གཅིག་ཀྱང་བསྒྲུབས་མ་མྱོང་། ནན་ཀོན་དབྱི་སི་ལན་ཆོས་ཁང་དུ་གྲུབ་མཐའ་རྩོད་པ་དང་འགལ་བ་གཏན་ནས་བྱུང་མ་མྱོང་ལ། གྲུབ་མཐའ་སོ་སོའི་ཆོས་དད་པ་རྣམས་ཀྱིས་དུས་ཡུན་རིང་བོར་ཆོས་དད་དང་འཆམ་མཐུན་མཉམ་གནས་བྱས་པས། ནན་ཀོན་དབྱི་སི་ལན་ཆོས་ཁང་གིས་མཚོ་བྱང་དང་ཐ་ན་ཞིང་ཆེན་ཡོངས་སུ་མཐུན་སྒྲིལ་གྱི་ཆོས་ཁང་གི་དཔེ་མཚོན་བསྐྲུན་ཡོད།

ལོ་རེའི་མུའུ་སི་ལིན་གྱི་སྨྱུང་གནས་སྐབས་སུ། ནན་ཀོན་དབྱི་སི་ལན་ཆོས་ཁང་དུ་དུས་ནམ་ཡང་སྤྲོ་དགའི་རྣམ་པས་ཁེངས་ཡོད། 2015ལོ་ནས་བཟུང་། མཱ་རུའུ་ཡུན་གྱིས་ལོ་རེའི་སྨྱུང་གནས་སྐབས་སུ། ཆོས་ཁང་དུ་ཡོད་པའི་མང་ཚོགས་ལ“སྨྱུང་གནས་ཟླ་བའི་བྱ་འགུལ་ལེགས་པར་སྤེལ་ནས་གཅེས་སེམས་བྱ་སྤྱོད”ཀྱི་དགེ་སྒྲུབ་བྱ་འགུལ་སྤེལ་བ་དང་། ཧོ་མིན་གྲོང་རྡལ་གྱི་དམིགས་བསལ་དཀའ་ངལ་ཡོད་པའི་ཁྱིམ་ཚང20ལྷག་ཙམ་ལ་འབྲས་དང་གྲོ། སྣུམ་སོགས་འཚོ་བའི་དངོས་རྫས་བྱིན།

ཁེར་རྐྱང་གི་རྒན་རྒོན་དག་ཆོས་ཁང་དུ་དངོས་པོ་ལེན་དུ་ཡོང་མི་ཐུབ་པའི་གནས་ཚུལ་ཤེས་སྐབས། མཱ་རུའུ་ཡུན་གྱིས་དངོས་སུ་དངོས་པོ་ཁོ་ཚོའི་ཁྱིམ་དུ་སྐྱེལ་བཞིན་ཡོད། མཱ་རུའུ་ཡུན་གྱི་ཞི་འཇམ་ངང་བཤད་རྒྱུར། དངོས་པོ་འདི་དག་ཧ་ཅང་རྩ་ཆེ་བ་མིན་རུང་། དེ་དག་ཚང་མ་ང་ཚོའི་སེམས་འདུན་ཡིན་ཟེར། ཁོས་བྱ་སྤྱོད་ཆུང་ངུ་འདི་དག་གིས་ཚང་མའི་སེམས་སུ་མཐུན་སྒྲིལ་གྱི་ས་བོན་གཏོར་འདོད་ལ། མི་རེ་རེའི་སེམས་སུ་སིམ་ནས་རྩ་བ་རྒྱས་པར་བྱེད་འདོད་ཡོད།

མུའུ་སི་ལིན་གྱི་དུས་ཆེན་གྱི་སྐབས་སུ། མཱ་རུའུ་ཡུན་གྱིས་མི་རིགས་མི་འདྲ་བའི་མང་ཚོགས་ནན་ཀོན་དབྱི་སི་ལན་ཆོས་ཁང་དུ་གདན་དྲངས་ནས། ཁྱད་ལྡན་ཟས་རིགས་མྱོང་རོལ་བྱེད་པ་བརྒྱུད་དེ། དབྱི་སི་ལན་གྱི་དམངས་སྲོལ་དང་འཚོ་བའི་གོམས་སྲོལ་མྱོང་ཚོར་བྱེད་དུ་འཇུག་པ་དང་། རིགས་སོ་སོའི་མི་དམངས་བར་གྱི་འབྲེལ་བ་སྔར་ལས་ལྷག་པའི་སྒོ་ནས་ཇེ་བཟང་དུ་གཏོང་བཞིན་ཡོད།

མིན་ཡོན་རྫོང་ནི་རྒྱ་རིགས་དང་ཧོས་རིགས། བོད་རིགས། སོག་རིགས། ཧོར་རིགས་སོགས་མི་རིགས26གིས་གྲུབ་པའི་མི་རིགས་མང་པོའི་ཁྱིམ་གཞིས་ཆེན་པོ་ཞིག་ཡིན་ལ། གནས་འདི་ནི་ད་བར་དུ་མཐུན་སྒྲིལ་འཆམ་མཐུན་གྱི་གནས་བཟང་པོ་ཞིག་རེད། བོད་རིགས་དང་མི་རིགས་གཞན་དག་གི་བྱ་འགུལ་གལ་ཆེན་གྱི་སྟེང་། མཱ་རུའུ་ཡུན་དང་བཅས་པ་ཡང་ཟབ་ཞུགས་བྱེད་སྲིད།

ད་ལོའི་དགུ་པའི་ཚེས་དགུའི་དུས་ཆེན་ལ་ནན་ཀོན་དབྱི་སི་ལན་ཆོས་ཁང་དུ་ཕྱག་འཚལ་ཚར་རྗེས། ར་སྐོར་ནང་དུ་མི་མང་པོ་གྲལ་སྒྲིལ་ནས་ཁྲག་སྦྱིན་བཞིན་ཡོད།     མཱ་རུའུ་ཡུན་གྱིས་བྱ་འགུལ་གྱི་བྱུང་རིམ་བརྗོད་སྐབས་འཛུམ་དམུལ་དམུལ་ངང་བཤད་རྒྱུར།   2014ལོར་ཁོར “ཁུལ་གྱི་ཁྲག་མཛོད་དུ་ཁྲག་མང་པོ་ཞིག་དགོས་པས་ཁྱེད་ཚོས་དབྱི་སི་ལན་ཆོས་ཁང་དུ་ཁྲག་སྦྱིན་བྱེད་སྒོ་ཞིག་སྤེལ་ཆོག་གམ”ཞེས་པའི་ཁ་པར་ཞིག་འབྱོར་རྗེས། ཁོསQQབརྒྱུད་དེ་ཚང་མ་ཁྲག་སྦྱིན་བྱེད་སྒོའི་ནང་ཞུགས་སུ་བཅུག་པ་དང་དེའི་རྗེས་བྱེད་སྒོ་དེ་ད་ལྟའི་བར་རྒྱུན་མཐུད་བྱས་ཡོད་ཟེར།

མཱ་རུའུ་ཡུན་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་འདུ་ཤེས་ཁྲོད། དགེ་སྒྲུབ་དང་སྦྱིན་པ་གཏོང་རྒྱུ་ཐོག་མཐའ་བར་གསུམ་དུ་ཁྱབ་ཡོད།     མཱ་རུའུ་ཡུན་གྱིས་བརྩེ་བ་ཆེན་པོ་ནི་མི་རིགས་དང་ཆོས་ལུགས་ཀྱི་དབྱེ་མཚམས་ལས་བརྒལ་བ་དང་།    དེ་ནི་ཡོངས་ཁྱབ་ཀྱི་མིའི་རིགས་ཀྱི་བརྩེ་བ་ཞིག་ཡིན་པས།    ཚང་མ་རྡོག་རྩ་གཅིག་སྒྲིལ་བྱས་ན་མཉམ་དུ་སྦྲེལ་ཐུབ་པར་ཡིད་ཆེས་བརྟན་པོ་བྱེད་བཞིན་ཡོད།

ཅང་མ་འགོར་བའི་སྔོན་ལ། ཞི་ཐན་ཡུལ་ཚོ་པོ་ཅི་ཝན་སྡེ་བའི་རྒྱ་རིགས་བུད་མེད་ཅིག་དབྱི་སི་ལན་ཆོས་ཁང་དུ་ཡོང་ནས། ཁོང་གི་ཁྱོ་གར་ནད་གཞི་ལྕི་མོ་ཞིག་ཕོག་སྟེ་གསོག་དངུལ་ཚང་མ་སྨན་རིན་དུ་བཏང་ཚར་བར་མ་ཟད། ད་དུང་བུ་ལོན་ཡང་མི་ཉུང་བ་ཞིག་བསྐྱིས་ཡོད་པའི་དབང་གིས། ཅི་བྱ་གཏོལ་མེད་དུ་གྱུར་པའི་གནས་ཚུལ་འོག་ཏུ། དབྱི་སི་ལན་ཆོས་ཁང་དུ་ཡོང་ནས་རོགས་རམ་ལ་རེ་ལྟོས་བྱས་པ་ཡིན་ལ། གལ་ཏེ་མི་འཚམ་པ་འདྲ་ཡོད་ན་ཚང་མས་བསམ་ཤེས་བྱེད་རོགས་ཞེས་བཤད་བྱུང་།

འུ་ཐུག་ཏུ་གྱུར་པའི་རྒྱ་རིགས་བུད་མེད་དེའི་སྐད་ཆ་དེ་དག་ཐོས་མ་ཐག མཱ་རུའུ་ཡུན་གྱིས་མྱུར་མོར་རྒྱ་རིགས་བུད་མེད་དེར་སེམས་གསོ་བྱེད་ཞོར། “ཨ་ཅག་ལགས། མི་རིགས་གང་ཡིན་ཡང་རུང་། དབྱི་སི་ལན་ཆོས་ཁང་གིས་རོགས་སྐྱོབ་བྱེད་པའི་སྒོ་ཆེན་དུས་ནམ་ཡང་ཆེས་ཆེར་ཕྱེས་ཡོད། ང་ཚོས་རོགས་རམ་ཆེན་པོ་བྱེད་མི་ཐུབ་ནའང་ང་ཚོས་ནུས་ཤུགས་གང་ཡོད་འདོན་ངེས་ཡིན”ཞེས་བཤད། དེ་ནས་མཱ་རུའུ་ཡུན་གྱིས་ཆོང་ཁང་དུ་ཡོད་པའི་མང་ཚོགས་རྣམས་ཚུར་བོས་ཏེ། དེར་ཡོད་ཚང་མར་མི་ཞིག་ལ་ཁྱིམ་དུ་ནད་ཀྱིས་ཡུན་རིང་མནར་བའི་དབང་གིས་རོགས་རམ་ཞིག་གི་དོད་དུ་འུ་ཅག་གི་སར་ཡོང་བ་རེད།  ཚང་མས་སེར་སྣ་མེད་པའི་སྒོ་ནས་རོགས་རམ་བྱས་ནས་ཁ་ཚ་དགོས་གཏུག་གི་གནད་དོན་འདི་ཐག་གཅོད་བྱེད་པའི་རེ་བ་ཞུས་པ་ཡིན་ཟེར།

ཁྱིམ་ཧའོ་མིན་གྲོང་རྡལ་དུ་ཡོད་པའི་ཏུང་ཧའེ་དབྱིན་གྱི་བུ་ལ་ན་ནིང་བྲང་རྨེན་སྲ་འགྱུར་གྱི་ནད་ཕོག་པ་དང་། ནད་གཞི་ཚབས་ཆེན་ཡིན་པའི་དབང་གིས། ཁྱིམ་གྱི་གསོག་དངུལ་ཚང་མ་ཧ་ལམ་སྨན་བཅོས་ཀྱི་ཐད་བཀོལ་ཚར་བར་མ་ཟད། ཁོས་རང་གི་གཉེན་ཉེ་དང་གྲོགས་པོ་གཅིག་ཀྱང་མ་བསྐྱུར་བར་སྒོར་མོ་བསྐྱིས་ཡོད། ཐབས་ཟད་འུ་ཐུག་གི་འོག་ནས་ཁོ་ནན་ཀོན་དབྱི་སི་ལན་ཆོས་ཁང་དུ་ཡོང་ནས་ཕན་པའི་ཕྱག་ཟུང་རིང་དུ་རྐྱོང་མཁན་ཞིག་ལ་རེ་ལྟོས་བྱས་པ་རེད། དམངས་གཙོ་དོ་དམ་ཨུ་ཡོན་ལྷན་ཁང་དང་མཱ་རུའུ་ཡུན་གྱིས་གྲོས་མོལ་བྱས་པ་བརྒྱུད། ཚང་མས་ཞལ་འདེབས་ཕུལ་ནས་ཁྱིམ་ཚང་དེ་དཀའ་ངལ་ལས་ཐར་རོགས་བྱེད་རྒྱུའི་གྲོས་འགོ་བཏོན།

མཱ་རུའུ་ཡུན་གྱིས་བཤད་རྒྱུར། མི་རིགས་གང་ཞིག་ཡིན་རུང་ཚང་མས་ཀྲུང་ཧྭ་མི་རིགས་ཀྱི་ཕྱོགས་གང་ལ་དཀའ་ཁག་ཡོད་ན་དེར་ཕྱོགས་བཞི་མཚམས་བརྒྱད་ནས་རོགས་སྐྱོར་བྱེད་དགོས་པའི་སྤྱོད་བཟང་དར་སྤེལ་གཏོང་དགོས་ཟེར། མཱ་རུའུ་ཡུན་གྱིས་ཆོས་ལུགས་ཀྱི་ཆོ་ག་སྤེལ་ཚར་རྗེས་ཆོས་ཁང་དུ་ཡོད་པའི་མང་ཚོགས་དག་གིས་ཕུལ་བའི་ཞལ་འདེབས་སྒོར5027བློ་མཐུན་ཏུང་ཧའེ་དབྱིན་གྱི་ལག་ཏུ་སྤྲད་པ་ན། ཏུང་ཧའེ་དབྱིན་གྱིས་བཀའ་དྲིན་ཞུ་རྩིས་བྱས་ཏེ་སྐད་ཆ་ཅི་ཞིག་བཤད་འདོད་ཀྱང་སྨྲེང་ཐལ་བའི་དབང་གིས་ངག་ནས་སྐད་ཆ་ཚིག་གཅིག་ཀྱང་མི་ཐོན་མོད། ཁོའི་མིག་ཀོང་ལས་རང་དབང་མེད་པར་འཐོར་བའི་མིག་ཆུའི་ཟིལ་བ་དག་ལས། དེར་ཡོད་ཚང་མས་ཧོས་རིགས་དང་རྒྱ་རིགས་ཁྱིམ་ཚང་གཅིག་ཡིན་པའི་ཐད་ངོས་ཟིན་ཟབ་མོ་ཞིག་སྐྱེས་བྱུང་།

སློབ་གསོ་ནི་རྒྱལ་ཁབ་ཀྱི་མ་འོངས་པ་དང་འབྲེལ་བ་ཆེན་པོ་ཡོད། 2010ལོ་ནས་བཟུང་། མཱ་རུའུ་ཡུན་གྱི་མཐུན་སྦྱོར་འོག་ཏུ། ལོ་རེའི་མཐོ་རྒྱུགས་ཀྱི་རྗེས་སུ། ནན་ཀོན་དབྱི་སི་ལན་ཆོས་ཁང་གིས་སློབ་གསོ་སྡེ་ཁག་ལ་འབྲེལ་གཏུག་བྱས་ཏེ། ཧའོ་མིན་གྲོང་རྡལ་གྱི་སྐར་འབྲས་མཐོན་པོ་བླངས་པའི་སློབ་ཆེན་སློབ་མ་ཁག་ཆོས་ཁང་དུ་གདན་དྲངས་ནས། ཁོ་ཚོར་མེ་ཏོག་གི་ཕྲེང་བ་ཕུལ་ནས་ཁོ་ཚོས་སློབ་ཆེན་ལ་རྒྱུགས་འཕྲོད་པར་རྟེན་འབྲེལ་ཞུས་པ་དང་། ཁོ་ཚོར་སློབ་སྦྱོང་ཡག་པོ་བྱེད་དགོས་པའི་ཐད་ནས་སྐུལ་ལྕག་བཏང་བར་མ་ཟད། ཁྱིམ་ཚང་དབུལ་པོའི་སློབ་མར་མ་དངུལ་ཐད་ནས་རོགས་རམ་ཡང་བྱས་མྱོང་།

ལོ་ཞིག་ལ་མཛད་སྒོ་གྲོལ་རྗེས་སོག་རིགས་སློབ་མ་ཞིག་གིས་གཏམ་བཤད་སྐབས་བཤད་རྒྱུར། ང་ནི་དབྱི་སི་ལན་ཆོས་ཁང་དུ་ཐོག་དང་པོར་ཡོང་བ་ཡིན། ད་སྔའི་བར་དུ་ཧོས་རིགས་སྤུན་ཟླ་ཚོས་མི་རིགས་གཞན་དག་གི་སློབ་མ་ཚོར་སྐུལ་ལྕག་གཏོང་བ་དང་རོགས་རམ་བྱེད་ཀྱིན་ཡོད་མ་བསམ། ད་ཐེངས་དངོས་སུ་མཐོང་བས་སེམས་འགུལ་ཆེན་པོ་ཐེབས་བྱུང་ལ་ཐུགས་རྗེ་ཆེ་ཞུས་པ་ཡིན། ང་ཚོས་ངེས་པར་དུ་སློབ་སྦྱོང་ཡག་པོ་བྱས་ནས། ཚང་མས་ང་ཚོར་བཅངས་པའི་བརྩེ་སེམས་ལ་དྲིན་ལན་འཇལ་ངེས་ཡིན་ཟེར།

མཱ་རུའུ་ཡུན་གྱིས་བཤད་རྒྱུར། མི་རིགས་མཐུན་སྒྲིལ་ནི་འབོད་ཚིག་སྒྲོག་པ་དང་འཕྲེད་བྱང་བཀལ་བ་ཙམ་གྱིས་གཏན་ནས་མི་འགྲིག མི་རིགས་མཐུན་སྒྲིལ་གྱི་རེ་བའི་མེ་སོན་རྒྱུན་ཆད་མེད་པར་ཇེ་ཆེར་སྦར་ནས་བརྒྱུད་སྤྲོད་བྱས་པ་ཡིན་ན། གཞི་ནས་ང་ཚོ་མདུན་སྐྱོད་ཀྱི་བགྲོད་ལམ་སྟེང་བསྐྱོད་ཐུབ། དགེ་རྒན་དང་ལས་བྱེད་མི་སྣས་མེ་སོན་བཞིན་དད་ལྡན་མང་ཚོགས་ཀྱི་མི་རིགས་མཐུན་སྒྲིལ་གྱི་རེ་བའི་འོད་སྣང་ཅིག་ཅར་གསལ་བར་བྱས་ནས། ཚང་མའི་ཐུན་མོང་འབད་འཐབ་ཀྱི་ནང་གནས་སྒུལ་ཤུགས་འཕེལ་བར་སྐུལ་འདེད་གཏོང་ཐུབ་དགོས་ཟེར། 

ཉེ་ལམ་མཱ་རུའུ་ཡུན་དང་ཆོས་ཁང་དམངས་གཙོ་དོ་དམ་ཨུ་ཡོན་ལྷན་ཁང་གིས་དད་ལྡན་མང་ཚོགས་ལ་ཁྲིད་སྟོན་བྱས་ཏེ། ནད་གཞི་ལྕི་མོ་ཕོག་པའི་དབང་གིས་དཀའ་ངལ་ལ་འཕྲད་པའི་མང་ཚོགས་ལ་འཚོ་བའི་དངོས་ཟོག་མཁོ་འདོན་སོགས་ཐད་ཀྱི་རོགས་རམ་བྱ་རྩིས་འདུག ཁོས་བྱ་སྤྱོད་དངོས་ཀྱི་ཐོག་ནས་མི་སྔར་ལས་མང་བོར་རོགས་རམ་བྱ་རྒྱུའི་རེ་བ་ཡོད་ལ་དགེ་ལས་དེ་རིགས་བརྒྱུད་ཚང་མས་མཉམ་དུ་སློབ་སྦྱོང་དང་། མཉམ་སྒྲུབ། མཉམ་སྐྲུན། མཉམ་སྤྱོད་བཅས་ཀྱི་ཁྲོད་ཐོབ་ཚོར་དང་སྐྱིད་སྣང་སྔར་ལས་ཇེ་དྲག་ཏུ་བཏང་ནས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྔར་ལས་ཇེ་ཟབ་ཏུ་གཏོང་རྒྱུའི་རེ་བའང་ཡོད།

རིན་ཆེན་མཚོ། ཤ་བོ་རིན་མཚོ། བན་དེ་སྐྱབས་བཅས་ཀྱིས་བསྒྱུར།